ཡ། ང་མི་གསུམ་གོང་ནས་རྩོག་མ་མྱོང་། ཚིག་གསུམ་མདུད་པ་གྲོལ་མ་མྱོང་པ་ཞིག་ཡིན་འདྲ། ད་ཐེངས་བལྟས་ནས་སོང་ན་སྦྲ་ཡི་ཕུབ་ཕྱོགས་དང་། ཆོན་ཐག་གི་བརྡབས་ཕྱོགས་ཀྱིས་ངས་ཚིག་གསུམ་མི་བཤད་ཀ་མེད་རེད།(མགྲོན་ཤ་ལས་ལག་ཡས་གསིལ་ནས་སོག་པ་ཨ་ནེར་བྱིན་ཏེ་སོག་པ་མིན་ལ་གསོག་པ་ཡིན། གསོག་གིན་གསོག་གིན་རུམ་ལ་ཆུགས། དཔུང་རྟུ་མིན་ལ་དགྲ་དཔུང་ཡིན། དུམ་བུ་གཉིས་སུ་བཏང་ནས་སྡེར་མའི་ནང་ལ་བཞག ལྕག་ནི་མག་པའི་ལག་ལ་བཞག་ཏེ་མག་གཞིས་ཁྱ་ལོ། ཁྱོས་མི་བརྒྱའི་འགོ་ནས་གཏམ་བཤད་ལ། རྟ་བརྒྱའི་མགོ་ནས་ལྕག་གཡུག་ལ། འགྲོ་རྟ་ཐོག་ཡིན། འདུག་གདན་ཐོག་ཡིན། ཁ་ལས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་ཡིན། ) ཡ། ངེད་ཚང་སྐྱེས་རབས་བཤད་ན་རྒས་རབས་རེད། སྐྱེས་པའི་རི་མོ་འགོད་རྒྱུ་དང་། རྒས་པའི་གཉེར་མ་བཤིག་རྒྱུ་ཡོད། བྱུ་རུ་དམར་པོའི་ཐོད་ཅན་ཡིན། རྨ་བྱ་སྔོན་མོའི་སྒྲོ་ཅན་ཡིན། གསེར་ནག་གྲུ་བཞིའི་ཐེལ་ཅན། བླ་རབས་འདེད་རྒྱུ་ཡོད། དཔོན་རབས་རྩིས་རྒྱུ་ཡོད་པ་ཚང་གི་ཡིན། སྟོད་ན་སྟག་མོ་མཆོང་སའི་རྗེས་ཡོད། སྨད་ན་ཤིང་རྟ་དྲུད་སའི་ལམ་ཡོད། བཙན་གྱི་རྩེ་མོ་དགུང་ལ་མཉམ་ནས། ཕྱུགས་ཀྱི་རིལ་མ་ས་བརྡལ་ནས། མགོ་ཁང་བ་གྱོ་ཏོག་གནམ་ལ་ཟུག་ནས། མདོ་རི་ཞིང་རྔ་མ་ཁྱིམ་ལ་ཟུག་ཡོད། རེད་མོད། འབྲོང་རུ་དམར་རྫ་ལ་ཤོར་སོང་། སྟག་དམར་ཡག་ནགས་ལ་འཛུལ་སོང་། དེང་སང་བཤད་ན་རྣ་ལ་མི་འགྲོ་ནོ། རྟ་ཆད་ཀྱི་རྟུ་ལི། སྒྱེ་ཆད་ཀྱི་ཀ་མོ་ཡིན་པ་རེད།
ངེད་གི་བུ་མོ་འདིའི་གོང་ཐང་བཤད་ན་རིན་ཐང་བཤད་དགོས། འདིའི་ཤ་རྩ་བྱུ་རུ་དམར་པོ་ཡིན། བྱུ་རུ་དམར་པོའི་གོང་གི་ཆེ་ཡིན། མིག་རྩ་མཆོང་གི་ཁྲ་ཡིན། མཆོང་གི་གོང་གི་ཆེ་ཡིན། སོ་རྩ་དུང་གི་དཀར་ཡིན། དུང་དཀར་གོང་གི་ཆེ་ཡིན། གཤིས་རྒྱུད་ཚ་རུའི་འཇམ་ཡིན། ཚ་རུའི་གོང་གི་ཆེ་ཡིན། གསེར་ནག་སྲང་ལ་འཇལ་ན་མི་ཁུག དངུལ་དཀར་སྟ་རེས་གསིལ་ན་མི་སྟེར་མོད། འོན་ཀྱང་འུ་ཚང་གཉིས་ཀ་ཉེ་བོ་བྱས་ན་འགྲིག་ས་མཐུན་ས། ལོ་ཏོག་བཏབ་ན་སྐྱེས་ས་འཁྲུངས་ས་ཡིན་པས། དགུང་ན་ཡོད་པ་ཕང་ལ་བླངས་ནས་། ཕང་ན་ཡོད་པ་རུམ་ལ་བཅུག་ནས། ཆེ་ཆེ་ཆུང་ཆུང་ལ། ཆུང་ཆུང་བཀོལ་བདེའི་བཏང་བས། གཅིག་གིས་སྐྱེལ་བདེ་བ། གཅིག་གིས་ལེན་བདེ་བ། འབྲོང་རྭ་ཁ་ཅན་པོ་རི་ནས་བསྐྱུར་བ། སྟག་ཐིག་ལེ་ཅན་པོ་ནགས་ནས་བསྐྱུར་བས། འགྲུལ་བ་བུ་སྐལ་ལྟ་བུ་སྐྱེལ་ནས་ཡོང་བ་འདི་རྒན་རབས་པ་རྣམས་དང་བར་བ་གཡང་ཁའི་ངོ་སོར་བལྟས་པ་ཡིན།
དེ་ན་ངས་འདི་ནས་མང་བ་ཉུང་ཉུང་དང་། ཉུང་ཉུང་སྡུད་མ་བྱས་ནས་བཤད་ན། བརྒྱ་བཤད་ཚིག་གི་མདོར་རྩ། སྟོང་དཀྲུག་འོ་མའི་མར་ལོ་ཅི་ཡིན་ཟེར་ན། ངེད་ཚང་གི་བུ་མོ་འདི་མ་རྒས་ཕག་གི་གོ་རྒས་ཡིན་པ། འདྲ་མེད་པ། འགྲུལ་ཆུང་བ། ལག་ལས་ཀ་མེད་པ། རྒན་ལ་བརྩི་བཀུར་མེད་པ། བོས་ན་ཨ་ལན་མེད་པ། དྲིས་ན་ཚིག་ལན་མེད་པ། བཅོལ་ན་ཡ་ལན་མེད་པ། གོས་ཚ་རུ་གོན་པའི་ཉལ་ལངས་མ་ཡིན་པ། ཟས་ཞིམ་པོ་བྱིན་པའི་གཅེས་ལངས་མ་ཡིན་པ། མ་འགོ་ནང་གི་སྐྱེ་འགོ། ལུ་གུ་གྲལ་གྱི་རྡང་འགོ་ཡིན། ལས་ལྗིད་མོ་ཕྲག་ལ་བབས་མ་མྱོང་བ། ཚིག་རྣོན་པོ་རྣ་ཡིས་གོ་མ་མྱོང་བ། ཕྱེ་ཆུ་བརྫིས་ལག་པས་བསྣེས་མ་མྱོང་བ། ཆུ་ཟོ་ལུང་རྒྱབ་ལ་འཁུར་མ་མྱོང་བ། ཤིང་བུད་ཤིང་སྟ་རེས་གསིལ་མ་མྱོང་བ། ནངས་མོ་མེ་འབུད་ལངས་ཚད་མི་ཤེས། དམར་པོ་མེ་ཡི་འབུད་ཚད་མི་ཤེས། སྔོན་མོ་ཆུ་ཡི་ཁོལ་ཚད་མི་ཤེས། ཁོལ་ཁ་ལེབ་བར་གྱི་ཚོས་ཚད་མི་ཤེས། དཀར་པོ་འོ་མའི་བཞོ་ཚད་མི་ཤེས། ནང་སྡེ་བའི་བཅའ་ཁ་ཕྱག་ལེན་མི་ཤེས། མི་ཤེས་ཉིན་མོར་སྩོབ་དགོས། མི་རིག་ཉིན་མོར་སྟོན་དགོས། དེ་རིང་ནས་བཟུང་ཁྱེད་ཚང་གི་མྱི་ཡིན་པ། ཁྱོད་མག་པའི་ཚེ་ཡི་སྐྱ་ཡ་ཡིན་པ། ཁལ་ལྗིད་མོ་འཁུར་གི་འཁུར་ཡ་ཡིན་པ། སྐྱིད་རྟ་བོར་ཞོན་པའི་ཞོན་ཡ་ཡིན་པ། སྟོད་བྱང་ལམ་བསྐྱོད་པའི་འགྲོ་ཡ་ཡིན་པ། སྡུག་ཐོད་ལ་ལེན་པའི་གྲོགས་ཡ་ཡིན་པ། གང་ལྟར་ཀྱང་ལག་པའི་ཕྱི་ནང་ཤ་ཡིན་པ། མཛུབ་གུ་ལྔ་བོ་སྤུན་ཡིན་པས། ཤ་མཁལ་མ་གཉིས་ཀ་ཆེ་ཆུང་མི་བཏོད་པ། གོས་ཚ་རུའི་གཞུང་གི་འཇམ་ཤ་མི་བཏོད་པ། རྐང་སག་ལྷམ་གྲུ་བཞིའི་བཟང་ངན་མི་བཏོད་པ། གཡུ་བྱུ་རུའི་ཁ་གྲངས་མང་ཉུང་མི་བཏོད་པ། ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས། ཨ་ནེ་ཁྱོད་རང་མ་ཡི་ཚབ་ཡིན་པ། ཨ་མྱེས་ཁྱོད་རང་ཕ་ཡི་ཚབ་ཡིན་པ། གཡས་ནས་བུ་ཕྲུག་བསམ་སྟེ། གཡོན་ནས་མནའ་མ་མི་བསམ་པ། རང་མྱི་དང་གཞན་མྱི་མི་བཅའ་བར། བཟང་ཞིག་ཡོད་ན་བརྗོད་རྒྱུ། ངན་ཞིག་ཡོད་ན་འགེབས་རྒྱུ། ཟ་རུ་བཅུག་ནས་ཁ་ལ་མི་བལྟ་བ། འགྲོ་རུ་བཅུག་ནས་རྗེས་ལ་མི་བལྟ་བ། རང་གི་བུ་ཕྲུག་གཅེས་གཅེས་མནའ་མར་གཅེས་རྒྱུ་གལ་ཆེ།
བུ་མོ་བཅོལ་གདམས་བྱེད་པ་ནི་ཨ་ནེ་དང་ཨ་མྱེས་གཙོ་བྱས་ནས་ཕུ་ནུ། སྙིད་མོ། ཉེ་རྒྱུད་རྩ་ལག ཁྱིམ་མཚེས་གཡས་གཡོན་རྣམས་ཀྱིས་མནའ་མ་ལ་ཁ་ལྟ་མིག་ལྟ་བྱས་ཏེ་གོམས་གཤིས་བཟང་བོ་ཞིག་ཆགས་པར་བྱེད་པ་ལ་བཅོལ་བ་ཡིན་ཏེ། མནའ་མ་གནས་ས་ནས་ཆགས་པར་བྱེད་རྒྱུར་ཁ་ཏ་གནང་ཚུལ་ཞིག་ཡིན་པ་རེད།