གཡང་འབོད།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:46ལ་འགྲུབ།

གཡང་འབོད།

གཡང་འབོད་ནི་གཉེན་སྒྲིག་གི་བྱེད་སྒོ་ནང་མེད་དུ་མི་རུང་བའི་དོན་དག་ཅིག་ཡིན། བུ་མོ་གང་དེ་བཀྲ་ཤིས་པའི་རྐྱེན་ལས་ཁྱིམ་ཚང་དེ་ལས་ཕྱིར་ཐོན་པས་ན། ཁྱིམ་ཚང་དེའི་གཡང་ཡང་དུས་གཅིག་ཏུ་ཕྱིར་ཐོན་འགྲོ་བར་ངོས་འཛིན་བྱེད། དེ་བས་གཡང་འབོད་བྱས་པ་ལ་བརྟེན་ནས་གཡང་ཕྱིར་འགུག་ཡིན།
1 གཡང་།

གཡང་ཞེས་པའི་ཚིག་གི་དོན་ནི་ནོར་དང་ཕྱུག་པོའམ་སྙིང་བོའི་དོན་ལགས། གཡང་ཞེས་པའི་ཚིག་དེ་ཚིག་གཞན་དང་སྦྱར་ནས་བེད་སྤྱོད་བྱ་བ་སྟེ། དཔེར་ན། རྟ་གཡང་དང་། འབྲི་གཡང་། རྒྱ་གར་ཆོས་གཡང་། སྟག་གཟིག་ནོར་གཡང་བཅས་ལྟ་བུའོ།། ཨ་མདོའི་ཁུལ་དུ་ལུགས་སྲོལ་འདི་ལྟ་བུ་ཞིག་ཡོད་དེ། དེ་ཡང་ཕོ་རྒོད་ཅིག་གིས་རྟ་ཞིག་འཚོང་སྐབས།  སྔོན་དུ་རྟ་དེའི་རྔོག་མའི་ཟེ་མ་འགའ་བཀོག་ནས་རྟ་གཡང་མི་ཤོར་བའི་ཆེད་དུ། དེ་སྔར་རྟ་དེ་བཅུག་སའི་རྟ་རའི་ཀ་བ་ཞིག་ལ་འདོགས་པ་ཡིན། གལ་སྲིད་རང་ཁྱིམ་གྱི་རྟ་ཞིག་བརླག་པའམ་ཤི་ཚེ། རྟ་གཡང་ཤོར་བའི་ཉེན་དུ་བརྩི་བ་ཡིན། དེར་བརྟེན། གཡང་འགུག་གི་ཆོ་ག་ནི་ངེས་པར་སྤེལ་དགོས་ཀྱི་ཡོད་ལ། གཡང་ཞེས་པའི་ཐ་སྙད་དེ་ཕྱྭ་ཞེས་པའི་ཐ་སྙད་དང་མཉམ་དུ་ཕྱྭ་གཡང་ཞེས་ཐོན་ཡོང་གི་ཡོད་པས་ན། འདིར་སྣང་བའི་ཕྱྭ་ནི་སྲོག་དང་འབྲེལ་བ་ཡོད་པའི་ཐ་སྙད་ཅིག་ཡིན་པར་སེམས་སོ།།

2 ཆོ་ག

གཡང་ནི་གཉེན་སྒྲིག་གི་བྱེད་སྒོ་ནང་མེད་དུ་མི་རུང་བའི་དོན་དག་ཅིག་ཡིན། གཉེན་ལམ་མདའ་ཡིས་ཕྱེ་བ་དང་གཉེན་ལམ་དར་གྱིས་སྦྲེལ་བ་ཞེས་པ་ལྟར་ཁྱིམ་ཚང་གཉིས་ཀྱི་འབྲེལ་ལམ་མདའ་ཡིས་སྦྲེལ་བར་དམིགས་བསལ་གྱི་ནུས་པ་ཆེན་པོ་ཐོན་པ་བསྟན་ཡོད། འབྲོག་ཁུལ་དུ་ཟོག་བཙོང་ནའང་ལུས་ཐོག་སྤུ་ཉག་ཅིག་བལ་ནས་གཡང་ལེན་བཞིན་ཡོད།  ལྷག་པར་དུ་ཟོག་འཁྲིད་བྱེད་ཀྱི་ཐག་པ་དང་སྐེ་ལུང་ལེན་པ་དེ་གཡང་ཁྱིམ་ལ་གཡང་ཟོག་འཁོར་ཅེས་པའི་བརྗོད་ཚུལ་འདུག  སྡེ་མི་ཡོངས་བག་མ་སྐྱེལ་མ་བྱེད་དུ་ཡོང་སྟེ་བག་མ་སྐྱེལ་དུས་ཨ་མཆོད་ཀྱིས་གཡང་འབོད་དང་ཕྱྭ་གཡང་འགུག་པ་ནི། གྲྭ་སྔགས་གང་རུང་ཞིག་གདན་འདྲེན་ཞུས་ཏེ་མདོས་ཆ་དང་མཆོད་རྫས་རྣམས་བཤམས་ཏེ་གཡང་མདའ་ཞིག་འབྲུ་རིགས་སྣ་ཚོགས་ཀྱིས་ཁེངས་པའི་ཤིང་བྲེ་ཞིག་གི་ནང་བཙུགས་ནས། དབྱངས་ངག་སྐད་ལ་གྱེར་ན་ཌ་རུ་དང་དྲིལ་བུ་འཁྲོལ་ཏེ་འབྲུ་རིགས་གཏོར་བཞིན་ཕྱྭ་གཡང་འགུག་པའམ་གཡང་འབོད་བྱེད་པ་རེད། བོད་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་བ་ལྟར་ཕྱྭ་གཡང་དང་བླ་སྲོག  རྟེན་འབྲེལ་སོགས་གཙིགས་ཆེན་ལ་འཛིན་གྱིན་འདུག

3 གཡང་སྐྱུར་ཚུལ།

བག་མ་གནས་ལ་འགྲོ་དུས་ངུ་བཞིན་རང་ཁྱིམ་གྱི་ཁང་བའི་དཀྱིལ་ཀར་སྐོར་བ་ཐེངས་གསུམ་བརྒྱབ་པའམ། ཡང་ན་མིང་བོར་དཀྲིས་གསུམ་རྒྱག་པ་རེད།

བག་མར་འགྲོ་ཁར་ཨ་མས་བུ་མོའི་གཅེས་མིང་ནས་བོས་ཏེ་གཡང་ཞིག་ཡོད་ན་སྐྱུར་ནས་ཞོག  སྐྱིད་ཅིག་ཡོད་ན་རང་གིས་ཁྱེར་ཞེས་བརྗོད་པ་དང་། གཡང་འབོད་བྱེད་ཚུལ་འདུག་པ་འདི་ནི་མི་གཡང་ཅན་གཞན་དུ་སོང་ན་ཁྱིམ་ཚང་གི་གཡང་རྣམས་ཤོར་འགྲོ་བའི་སྣང་ཚུལ་འདུག་པས། མདའ་གཡང་འཛུགས་པ་དང་གཡང་འབོད་གང་མང་བྱེད་ཀྱིན་འདུག  རེབ་གོང་རྒྱལ་བོ་ས་ཁུལ་དུ་བཟའ་ཟླ་དང་བུ་ཕྲུག་འཛོམས་པའི་མ་སྲུ་སྐད་ངག་ལྡན་པ་གཉིས་ཀྱིས་བག་མའི་གཡས་གཡོན་གཉིས་སུ་གྲོ་སོ་ཕྱེ་མར་དང་ཇ་ཕུད་བཀྱགས་ཏེ་ནང་ཁྱིམ་གྱི་དཀྱིལ་ཀར་སྐོར་བ་ཐེངས་གསུམ་རྒྱག་ཞོར་དུ། ཨེ། དཀྱིལ་ཀ་ལྷ་མོ།  མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས(ངུ་ཁུལ་བྱེད་པ)  ཨེ། ཕུགས་ལྷ་ཀེ་ཐུང་། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ།  ཡེས་ཡེས། ཨེ། ཐབ་ལྷ་གཡང་མོ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ།  དར་ནི་ཡིན་མོ། ཡེས་ཡེས། ཨེ། སྒོ་ལྷ་སྟག་གཡག  མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ།  དར་ནི་ཡིན་མོ། ཡེས་ཡེས་ཞེས་པ་ནི་ཁྱིམ་ལྷ། ཐབ་ལྷ། ཕུགས་ལྷ། སྒོ་ལྷ་སོགས་མ་དངངས་མ་འདྲོགས་བཞུགས་ཤིག་ཅེས་དབྱངས་རྟ་ལ་དྲངས་ནས་འགོག་པ་ཡིན་ནོ།།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། གཡང་འབོད།