མ་ཞང་འཁང་བ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:46ལ་འགྲུབ།

མ་ཞང་འཁང་བ།

མ་ཞང་ནི་ཨ་མའི་ཕུ་བོའམ་ནུ་བོ་ལ་ཟེར། མགྲོན་གྱི་ནང་གི་གཙོ་བོ་ཡིན་པས་གཉེན་ཚང་གིས་ལག་སྐྱེས་བྱིན་པ་བསམ་ཐོག་མ་ཡོང་ན། ཞང་བོ་ཡིས་བསྐང་ར་བྱེད་པའི་ཚིག་ལས་དགོས་ཚུལ་བཤད་པ་ལ་ཟེར།
1 འཁང་ཚུལ།

ང་མ་ཞང་ཞང་ལྷ་གཉེན་པོ་འདིར། སྐྱེས་རབས་བཤད་ན་རྒས་རབས་ཡོད། ང་ཙན་དན་དམར་པོའི་སྐྱེས་ཤུལ་ཡིན། བྱུ་རུ་དམར་པོའི་འཐོར་ཤུལ་ཡིན། རྩ་བ་རྒྱས་ནས་ས་གཞི་བཀང་ཟིག  འདོ་རིག་རྟ་ཡི་རྒྱུག་ལམ་བཀག་ཟིག ཡལ་ག་རྒྱས་ནས་ནམ་མཁའ་བཀང་ཟིག བྱ་རྒྱལ་ཁྱུང་གི་འཕུར་ལམ་བཀག་ཟིག  རྩེ་མོ་རྒྱས་ནས་བར་སྣང་བཀང་ཟིག  ཉི་ཟླ་གཉིས་ཀྱི་ཤར་ལམ་བཀག་ཟིག  ང་བཟང་བོ་མིང་ཅན་ཞིག་མ་རེད། ངན་པ་རྟགས་ཅན་ཞིག་རེད། བོས་ན་ཨ་ཟེར་བ། བཅོལ་ན་ཡ་ཟེར་བ། གོར་གོར་བྱས་ན་དཀྱིལ་ནས་འདུག་པ། ཤར་ཤར་བྱས་ན་འགོ་ནས་འདུག་པ་ཞིག་ཡིན་པས། ཁྱོད་ཚང་གིས་ལོ་སར་ལག་འཇོག་ལྟ་བུས་མི་ཆོག    ང་མ་ཞང་ནི་མགྲོན་བརྒྱ་གྲལ་གྱི་རྩེ་རྒྱ་ཡིན། བགོས་ན་སྐལ་ཡོད་པ་ཞིག་དང་། ལེན་པའི་དཔེ་ཡོད་པ་ཞིག་ཡིན། ང་ལ་དགོས་ཚོད་ཅིག་བཤད་ན། ཕ་དགུང་སྔོན་འདྲ་བའི་བུ་མོ་ཡིན། ཕ་རྟ་གྱི་ལིང་གྱོ་རྒྱ་དགོས། མ་གཡུ་འབྲུག་འདྲ་བའི་བུ་མོ་ཡིན། མ་རྟ་གཞི་མོ་ལག་དཀར་དགོས། མྱིང་བོ་རྒྱ་སྟག་འདྲ་བའི་སྲིང་མོ་ཡིན། མྱིང་རྟ་གྲུ་གུ་ཁྲ་རིལ་དགོས། ཞང་བོ་གེ་སར་འདྲ་བའི་ཚ་མོ་ཡིན། ཞང་རྟ་རྐྱང་བུ་ཁ་དཀར་དགོས། ཞང་མཛོ་ཀ་བ་རྭ་རིང་དགོས།  ཞང་ལུག་ཚེར་མོ་རྭ་བཞི་དགོས། ཞང་དཀར་དཀར་ཡོལ་དགུ་བརྩེགས་དགོས། བྱིན་ན་མིང་ཡོད་པ་ཞིག  ཁྱེར་ན་འབབ་ཡོད་པ་ཞིག  བླངས་ན་དོན་ཡོད་པ་ཞིག  གསོག་ན་ནོམ་ཡོད་པ་ཞིག་དགོས། ཞང་དཀར་དཀར་ཡོལ་འབྲུ་བརྒྱ་མ། དེ་རིང་མེད་ན་མི་ཆོག  འདི་ན་མེད་ན་དབུས་ལ་འགྲོ་དགོས། དབུས་ལྷ་སའི་ཁྲོམ་ནས་བཙལ་དགོས། འདི་ན་མེད་ན་རྒྱ་ལ་འགྲོ་དགོས། རྒྱལ་ས་པེ་ཅིན་མཁར་ནས་བཙལ་དགོས། འདི་ཐེག་པ་ཀླད་པའི་གཙུག་ཡིན་དགོས། མི་ཐེག་ཕྲག་པའི་ཁུར་ཡིན་དགོས།

2 བཅའ་ཚུལ།

ཁྱོད་མ་ཞང་ཞང་ལྷ་གཉེན་པོ། བུ་མོ་སྟོང་གི་ཞང་བོ། ཚ་བོ་བརྒྱ་ཡི་ཞང་བོ། ཤ་ཁྲག་གཉིས་ཀྱི་བདག་པོ། ཨ་མའི་མྱིང་བོ། ཁྱོད་ལ་འབབ་པ་བཤད་ན། འབབ་པ་རི་རབ་ཡིན་པ།  དགོས་པ་རྒྱ་མཚོ་ཡིན་ཡིན་མོད། ངེད་ཚང་གཉེན་ཚང་ལ་མཚོན་ན། མེ་བུད་པའི་དུ་བ་ཤེད་མེད་པ། ཇ་བསྐོལ་བའི་འོ་མ་མདོག་མེད་པ། ཤ་བཙོས་པའི་སྒུ་ལ་ཞག་མེད་པ། ཁྱིམ་བཟའ་ཚང་མང་བས་རྒྱུ་མེད་པ་ལ། ངེད་ཚང་ལ་ཡོད་ཚོད་འཛོམས་ཚོད་ཀྱིས། ལུག་ས་སྤང་རི་སྔོན་མོ་ན། ལུག་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ལ་མི་དབང་ཞང་ལ་སྟེར། ཞང་བོས་ལེན་ཤེས་བསྐྱུར་ཤེས་བྱོས། ནོར་ས་རྫ་རི་སྨུག་པོ་ན། ནོར་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ལ་མི་དབང་ཞང་ལ་སྟེར། ཞང་བོས་ལེན་ཤེས་བསྐྱུར་ཤེས་བྱོས། རྟ་ས་འཇག་རི་སུམ་མདོ་ན། རྟ་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ལ་མི་དབང་ཞང་ལ་སྟེར། ཞང་བོས་ལེན་ཤེས་བསྐྱུར་ཤེས་བྱོས། གཡང་ཁྱིམ་གྲུ་བཞིའི་མདུན་ཅོག་སྟེང་། སྒོར་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ལ་མི་དབང་ཞང་ལ་སྟེར། ཞང་བོས་ལེན་ཤེས་བསྐྱུར་ཤེས་བྱོས།

མ་ཞང་གིས། ཡ། རེད། རེད། རེད། ང་དགའ་ནས། དགྱེས་ནས། རྟ་ར་ར་ཡིན། སྒ་ཁྲ་ཁྲ་ཡིན།  བྱིན་པ་ཀླད་པའི་གཙུག་ཡིན། དགའ་བ་སྙིང་གི་ཁོག་ཡིན།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། མ་ཞང་འཁང་བ།