འབབ་སྟན།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:46ལ་འགྲུབ།

འབབ་སྟན།

འབབ་སྟན་ནི་གཉེན་ཚང་གིས་བག་མ་སར་འབབ་པའི་ས་རུ་གདན་ཞིག་བཏིང་བ་ལ་ཟེར་བ་ཡིན་ཞིང་། དེ་ལའང་གླུ་དང་བཤད་པ་སོགས་མང་བོ་ཡོད་པ་ཡིན།
1 གོ་དོན།

འབབ་སྟན་ནི་གཉེན་ཚང་གི་སྒོ་ཁར་རྟ་ཐོག་ནས་འབབ་དུས་འབབ་སྟེགས་སུ་གདན་དཀར་དང་གདན་དམར་གཏོང་དགོས་པ་ལ་ཟེར། འབབ་རྟེན་ནི་དེ་དུས་ལག་སྐྱེས་སྟེར་དགོས་པའི་དོན་ཡིན། འབབ་གཏམ་ནི་དེ་དུས་ལག་སྐྱེས་དགོས་ཚུལ་གྱི་གཏམ་བཤད་པ་ལ་ཟེར་ཞིང་ནང་དོན་ཕལ་ཆེར་གཅིག་མཚུངས་ཡིན།

2 ཆོ་ག

གཉེན་ཚང་གི་མ་སྲུ་རྣམས་བསུ་མར་འོངས་ནས་བག་མའི་རྟ་ཁ་ལེན་གྲབས་བྱེད་སྐབས། ཨ་ཞང་རྣམས་ཀྱིས་འབབ་ཏུ་མི་འཇུག་པར་རྟ་ཁ་རྩོད་པ་ཡིན། མ་སྲུ་སྐྱེ་འབྲས་མཚར་བ་རྣམས་ཀྱིས་བཙན་གྱིས་བག་མ་རྟ་ལས་འབབ་ཏུ་བཅུག་པ་དང་། ཁ་ངོ་བཏུམས་ནས་བག་རོགས་ཀྱི་རྒྱབ་ལ་སྒུར་ཏེ་མིང་བོས་བསྐྱོར་བ་དང་། མ་སྲུ་མང་བོས་བསྐོར་ནས་སྡེ་འདབས་སམ་སྡེ་སྐེད་ནས་འཛུལ་བ་ཡིན། སྡེ་འགོ་ནས་འཛུལ་བའི་སྲོལ་མེད། ཨ་ཞང་རྣམས་དཀྱུས་སྐོར་བྱས་ཏེ་དྲི་སྐོལ་རིམ་པ་བརྒྱ་དང་བཅུ་གསུམ་མེད་ན་དེ་རིང་རྟ་ཐོག་ནས་མི་འབབ།

ད་ནངས་ཡུལ་ནས་ལམ་ལ་ཆས་དུས་ན།། མགོ་ཝ་མོ་ཡིས་ཉི་ཟླ་གཡོགས་ལེ༎ རྐང་སག་ལྷམ་གྱིས་ས་གཞི་གཡོགས་ལེ༎ སྐེད་འཁོར་གསུམ་གྱིས་བར་སྣང་གཡོགས་ལེ༎ ཁེས་བོ་ཆེ་ལ་ཉག་འཐེན་ནས༎ ལམ་མོ་ཆེ་ལ་རྡུལ་གྱིས་བཀང་ནས༎ ང་ཨ་ཞང་ཚང་ཐོན་དང་ན༎ ཁྱེད་ཚང་གིས། མགྱོགས་པ་གསུམ་ལ་སྒ་བསྟད་ནས༎ བདེ་མོ་གསུམ་ལམ་མ་ལངས་ནས༎

ཚོན་པོ་གསུམ་ཤ་བདག་བྱས་ནས༎ ས་ཆ་གསུམ་ནས་ཇ་ཐབ་མི་འཛིན་དོན་ཅི་ཡིན༎ རྟ་ར་ར་ཁ་ལོ་མེད་ནི་ཞིག་དང་། གོས་དཀར་པོ་ཁ་ཐེལ་ཡོད་ནི་ཞིག་མེད་ན་མི་འབབ་རྫི་ཉམས་མངོན་བཞིན་ཁྲོ་གཏམ་གཏོང་བཞིན་འདུག

གཉེན་ཚང་ཚབ་འཚུབ་ངང་ནས་གདན་དཀར་སྟེང་ལ་གདན་དམར་དང་ཕྲུག་གདན། གོས་གདན་རིམ་བཞིན་བཏིངས་ནས་མི་ཁ་མཁས་ཞིག་གིས་འབབ་གཏམ་བཤད་པ་དང་མཉམ་དུ། ཁ་བཏགས་འབུལ་ནས་རྟ་ལས་མར་འབབ་པའི་རེ་བ་ཞུ་བ་ཡིན། 

ད་རུང་དེའི་སྟེང་ལ་གནམ་འཁོར་རྩིབས་བརྒྱད་ཁེབས་པའི་གོས་གདན་ཞིག་བཏིངས་ཡོད། འདི་སྟེང་ལ་འབབ་རྒྱུ་ནི་ང་གཉེན་ཚང་གི་རེ་བ་ཡིན་ཟེར་བཞིན་ཞུ་བ་ཡང་ཡང་བྱས་ཏེ་གཉོམ་ཆུང་དང་གུས་ཚུལ་གྱིས་འབབ་ཏུ་འཇུག་པ་ཡིན།

3 དགོས་པ།

འབབ་སྟན་ནི་ཨ་ཞང་རྣམས་གཉེན་ཚང་གི་སྒོ་ཁར་ཐོན་ནའང་ཨུ་ཚུགས་ཀྱིས་རྟ་ཐོག་ནས་མར་མི་འབབ་པ་མ་ཟད། རྟ་ཁ་དཀྱུས་སྐོར་བྱས་ཏེ་འབབ་སའི་སྟན་ཐོག་ལ་མི་འབབ་ཁུལ་བྱེད་པ་ལ་འབབ་སྟན་གྱི་གླུའམ་གཏམ་སྣ་ཚོགས་རིམ་བཞིན་ལེན་པ་དང་། བཤད་པའི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཆོ་ག་ཞིག་ཡིན་པར་མ་ཟད། སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པའི་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་པའི་གོམས་གཤིས་བཟང་བོ་ཞིག་ཀྱང་རེད།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། འབབ་སྟན།