ཨ་ཞང་ཚང་ནམ་ཡིན་ཡང་ཀླད་པའི་གཙིགས་ཡིན་ཁར་མག་པ་མི་ས་ནས་མར་ཕུད་པ་ཡིན་པས། བར་བ་དང་མག་པ་གཉིས་ཆམ་ལ་ཕབ་ཅིང་རང་གི་གཟི་དཔལ་ངོམ་པ་དང་། ཁོག་དཔུང་ལ་རྒྱ་འཛིན་པའི་ཀུ་རེ་རྩེད་མཚར་གྱི་ཆོ་ག་ཞིག་ཡིན། རྟེན་འབྲེལ་གྱིས་རྣ་བར་རེག་པ་ཙམ་བྱེད་པ་ལས་ཤུགས་ཀྱིས་འཐེན་སྲོལ་མེད། འབྲོག་ཕྱོགས་སུ་མགོར་ཆུ་ལྡུག་པ་དང་གཅིག་མཚུངས་རེད།
ཉི་མ་ནུབ་ཁར་གྱོན་ཆས་དང་རྒྱན་ཆ་རྣམས་ལ་བལྟས་ཚར་རྗེས། རང་རང་གི་མལ་ཚང་དུ་འཕྱི་བ་ཁུང་དུ་འཛུལ་བ་བཞིན་སོང་ཚར་བ་ཡིན། དགོང་ཚ་འཐུང་རྗེས། སྐྱེ་དམན་རྒན་གཞོན་ཚང་མ་སྟོན་ཁའི་ཤ་འོད་རྒྱུགས་པ་བཞིན་ཁྱིམ་ཚང་དེ་གའི་སྒོ་ཁར་ཐོན་གྱིན་འདུག བར་བ་དང་མག་པ་གཉིས་སྙིང་ཆུང་ཆུང་ལུ་གུ་རྩེད་རྩེད་བཞིན་འདུག་པའི་གནས་མེད་པར་རྣ་འབྱོག་ཉོ་བྱེད་ཀྱི་ཁ་བཏགས་དང་། གོས། ཐེར་མ། ཕྲུག་སོགས་གྲ་སྒྲིག་བྱེད་ཁར་ཨ་ཞང་ཚང་གི་ཉེ་འབྲེལ་དང་མག་པའི་ཤ་ཉེ་འདྲ་སྡེ་དེ་རུ་ཡོད་ན། མག་པའི་སྔུན་ནས་ལངས་ཏེ་རོགས་རམ་བྱེད་ཀྱིན་ཡོད། མག་པ་དང་བར་བ་གཉིས་འགྲོ་སའི་ཁུང་མ་རྙེད་པར་ཞི་ལ་ལག་ནས་སོ་མ་འཆོར་བའི་བྱི་བ་དང་མཚུངས་པར་ཐབ་ཚང་གི་གྲུ་ཁ་ཞིག་ལ་ཡིབ་ནས་འདུག མ་སྲུ་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ཏུ་བརྒྱབ་ནས་བར་བ་འདྲུད་པ་དང་བར་མཚམས་འབྱེད་མཁན་རྣམས་འདྲུད་པར་བྱེད། སྡེ་བའི་གསར་བུ་རྣམས་ཀྱིས་མ་སྲུ་རྣམས་ལ་དཔུང་རོགས་བྱས་པ་བཞིན་སྔུན་ལ་ཕུད་རྒྱག་དང་ཤུགས་ཀྱིས་རྗེས་ནས་འདེད་པ་ཡིན། མ་སྲུ་རྣམས་ཀྱིས་སྤྲོ་དགའི་འུར་ཆོལ་ལེ་ཡིས་བར་བའི་ལག་ནས་སྒོར་མོ་དང་གོས་ལིང་ལེན་པའི་རྩེད་མཚར་གྱི་རྣམ་པ་ཞིག་དང་མེད་དུ་མི་རུང་བའི་ཁོ་མོ་ཚོའི་འཐོབ་སྐལ་ཞིག་ཡིན་པས་ཚང་མ་སྤྲོ་སྣང་ཆེན་པོ་ལྡན་པ་ཞིག་ཡིན།
སྐབས་དེར་མ་སྲུ་ཁ་བདེ་ལྕེ་བདེ་ཞིག་གིས་སྐད་གསེང་མཐོན་པོས།
ངེད་ཚང་གི་མ་སྲུ་ཆེ་རྒན་རྣམས། །
ཁ་རྒན་ལ་ཟ་ལོབས་ཡོད། །
ལག་རྒན་ལ་ལེན་ལོབས་ཡོད། །
ཁྱོད་ཚང་ལ་སྟོད་ན་སྟག་མོ་མཆོང་སའི་རྗེས་ཡོད། །
སྨད་ན་ཤིང་རྟ་དྲུད་སའི་བཤུལ་ཡོད་ཀི །
ཕྱུགས་རྫ་ལམ་ལ་ཁྱབ་ཡོད་ཀི །
ནོར་སྲིབ་ལམ་ལ་ཁེབས་ཡོད་ཀི །
ཚོང་ཉིན་ལམ་ལ་བཀང་ཡོད་ཀི །
མིང་ལོ་ལམ་ལ་གྲགས་ཡོད་ཀི །
དཔོན་གོ་ས་གཉིས་ཀྱིས་བཟུང་ཡོད་ཀི །
རྒྱུ་འབྱོར་བ་གཉིས་ཀྱིས་བཀང་ཡོད་ཀི །
ངེད་ཚང་གི་མ་སྲུ་ཚོར།
གོས་ལེབ་ཆེན་རི་མགོ་ཁེབས་ནས་དགོས་པ། །
ལེབ་ཆུང་རྒྱ་མཚོ་ཁེབས་ནས་དགོས་པ། །
གསེར་སེར་བོ་སྲང་ལ་ཚད་ནས་དགོས་པ། །
དངུལ་དཀར་བོ་བྲེ་ལ་འཇལ་ནས་དགོས་པ། །
གཡུ་བྱུ་རུ་རྒྱ་གྲངས་ལོན་ནས་དགོས་པ། །
དེ་རིང་རི་རབ་འདྲ་ཞིག་བརྩིག་དགོས། །
བྱ་རྒོད་པོ་མིན་ན་འཕུར་མི་ཐུབ་པ། །
རྒྱ་མཚོ་འདྲ་ཞིག་བསྐྱིལ་དགོས། །
ཉ་གསེར་མིག་མིན་ན་རྐྱལ་མི་ཐུབ་པ། །
དེ་མེད་ན་མག་པའི་རྣ་འབྱོག་འགོག་རྒྱུ་ཡིན།
བར་བ་རྒན་པོས་རྟབ་རྟབ་པོར་རུམ་ནས་ཁ་བཏགས་བླངས་ཏེ།
ཡ། ངའི་ལག་གི་ཁ་བཏགས་དཀར་བོ་ལྷ་དགུ་འདི། །
ལྷ་མོ་བརྒྱ་ཡིས་བཀལ་ནས་ཡིན། །
ཀླུ་མོ་བརྒྱ་ཡིས་འཐག་ནས་ཡིན། །
སྤུན་སོ་གཅིག་གིས་འཆུགས་མེད་པ། །
སྐུད་པ་གཅིག་གིས་ཤོར་མེད་པ། །
སྟོད་དབུས་གཙང་ཡུལ་ལ་ཁྱེར་ན། །
དབུས་གཙང་བླ་མའི་མཇལ་དར་ཉན་ན། །
སྨད་རྒྱ་ནག་ཡུལ་ལ་ཁྱེར་ན། །
རྒྱ་ནག་རྒྱལ་བོའི་ཁྲིམས་དར་ཉན་ན། །
བོད་ཁ་བ་ཅན་ལ་ཡོང་ན། །
སྲིད་པ་བོད་ཀྱི་གཉེན་དར་ཉན་ན། །
ཁ་བཏགས་དཀར་བོ་གོས་ཀྱི་བསམ་དགོས།
ཁ་ཚིག་ཁ་བརྡ་རྟ་ཡི་བསམ་དགོས།
ཁ་རླངས་སྨུག་པོ་རྒྱུ་ཡི་བསམ་དགོས། །
མ་སྲུ་ཆེ་རྒན་ཚོས་བཤད་པ་ལོས་བདེན། །
ཁྱེད་ཅག་མ་སྲུ་ཚོར་ཁ་རྒན་ལ་ཟ་ལོབས་དང་།
ལག་རྒན་ལ་ལེན་ལོབས་ཡོད་ཀྱང་།
ངེད་ཚང་ལ་མཚོན་ན་ཕྱི་རྫ་རི་སྨུག་པོ།
ནང་རྫ་ཁོག་སྐམ་པོ་ཡིན།
ལག་རིང་འདོད་ཀྱི་ཕུ་རུང་ཐུང་གི །
ལུག་བསྐྱིལ་སའི་ཤུལ་ན་རྩྭ་མེད་ཀི །
མཁར་བརྡུང་སའི་ཤུལ་ན་ས་མེད་ནོ་རྒྱུ་མཚན་གྱིས་ཁ་བཏགས་དཀར་བོ་འདིས་མ་སྲུ་བརྒྱ་ཐམ་པ་དགའ་དགོས།
ཞེས་བཤད་མ་ཐག འུར་དིར་རུ་སོང་ལ།
ངེད་མ་སྲུ་རྣམས་ལ་འདི་ཙམ་གྱིས་ག་ལ་ཆོག །
ངེད་ཅག་ལ་ལེན་པའི་སྲོལ་ཡོད། །
བགོས་པའི་སྐལ་ཡོད། །
ཁ་བཏགས་ཟད་པོ་གཡང་ར་འདི། །
ཕྱི་ནས་བལྟས་ན་ནང་རིག་ཀི །
ནང་ནས་བལྟས་ན་ཕྱི་རིག་ཀི །
ཐར་བཅད་ན་སྟེང་ནས་རླུང་མི་ཁོག་ཀི །
ལྟེབ་བཤིག་ན་ཁུག་ནས་ཆུ་མི་ཁོག་ཀི །
ཁ་བཏགས་ཆད་རུང་ལྷན་པ་མི་ཉན་ཀི །
སྟོད་དབུས་གཙང་ཡུལ་གྱི་ཕྲུག་དགོས། །
ཕྲུག་གཅིག་རུང་ཐིག་ལེ་མི་གཅིག་ནི་དགོས། །
སྨད་རྒྱ་ནག་ཡུལ་གྱི་གོས་དགོས། །
གོས་གཅིག་རུང་རི་མོ་མི་གཅིག་ནི་དགོས། །
བོད་ཁ་བ་ཅན་གྱི་རས་དགོས། །
རས་གཅིག་རུང་ཁ་ཚར་མི་གཅིག་ནི་དགོས། །
རི་ཆེན་ཞིག་གི་འགོ་ནས་བཤམས་ན། །
རི་སྐེད་ལ་དཀྲིས་གསུམ་རྒྱག་ནས་ཟིག །
དེ་ཟམ་ཆེན་ཞིག་གི་ཁ་ན་ཕྱར་ན། །
ཆུ་ཆེན་པོ་ཁ་ཞེང་གཡོགས་ནས་ཞིག །
འདོམ་ལ་འཇལ་ན་འདོམ་གྱིས་ལོན་པ། །
ཞེང་གིས་འཇལ་ན་ཞེང་གིས་ལོན་ནས་ཟིག །
མི་ཆེན་ཞིག་གིས་ཕྲག་ལ་བླངས་ན་ས་རུ་འཁྱིལ་ལེ་འདུག་ནི་ཟིག་མེད་ན་མི་ཆོག
རས་ལོ་ད་ཤོག་མི་དགོས།
ད་ཁ་དུ་ཁ་མི་དགོས།
སྐུ་རས་ཁ་འཆལ་མི་དགོས།
ཡིན་ནམ་མ་སྲི་ཚོ།
ཞེས་ཧབ་ཆ་བརྒྱབ་ནས་འུར་ཟིང་ངེ་འཚང་ཁ་ཤིག་ཤིག་གིས་བར་བ་ཚ་ཐབ་ཐོག་ནས་མར་འདྲུད་པ་ཡིན།
ཡང་བར་བ་རྒན་པོས། རས་གོས་སྐ་རགས་དང་ཐེར་མ་ཡུག་གཅིག་བླངས་ཏེ་སྟེང་ལ་སྒོར་སུམ་བརྒྱ་བཞག་སྟེ་འདི་ལྟར་བཤད་པ་ཡིན།
ཡ། མ་སྲུ་ཆེ་རྒན་ཚོས་དེ་འདྲ་མ་ཞིག་བཤད་མི་ཉན་ཀི
ཁྱོད་ཚང་མ་སྲུ་ཆེ་རྒན་རྣམས་ལ།
བགོས་ན་སྐལ་ཅན།
བཤད་ན་མིང་ཅན།
ཤོམ་ན་མདོག་ཅན།
བོས་ན་གྲལ་ཅན་ཞིག་ཡིན་པ་རེད།
ངེད་ཚང་མིང་ཆག་སྐམ་པོ་དགུང་ལ་གྲགས་རུང་།
སྒམ་སུག་བཞི་ནང་ན་འབྲུ་ཉུང་བ།
ཞིང་རི་མའི་ནང་ན་རྩྭ་མེད་པ།
སྒོ་གྲུ་བཞི་ཐང་ན་ཕྱུགས་མེད་ཀྱང་རུང་།
སྟོད་དབུས་ཚང་ཡུལ་གྱི་ཕྲུག་ལོས་དགོས། །
ན་ནིང་སྟོད་རྒྱ་གར་ཡུལ་གྱི་ཕྲུག་འཐག་ཟིག །
ཕྲུག་གཅིག་རུང་ཐིག་ལེ་མི་གཅིག་པ།
དེ་འཐག་རུང་བླ་མའི་ན་བཟའ་འབུལ་བཏང་། །
སྨད་རྒྱ་ནག་ཡུལ་གྱི་གོས་འཐག་ཟིག །
གོས་གཅིག་རུང་རི་མོ་མི་གཅིག་ནི་འཐག་ཟིག །
ཆོས་བཀའ་བསྟན་གཉིས་ལ་དཔེ་ཐུམ་འབུལ་བཏང་། །
སྐུ་རྒྱལ་བོད་ཀྱི་རས་འཐག་ཟིག །
རས་གཅིག་རུང་ཁ་ཚར་མི་གཅིག་པ། །
ན་ནིང་འཐག་ནས་ད་ལོ་བླངས་པ་། །
རྒྱུ་སྤུན་མི་གཅིག་འཐག་རན་སོང་ཡོད། །
ཁ་མདོག་མི་གཅིག་ཚོན་གྱིས་བརྒྱན་ཡོད། །
འདོམ་གྱིས་འཇལ་ན་འདོམ་གྱིས་ལོངས་པ་། །
ཞེང་གིས་འཇལ་ན་ཞེང་གིས་ལོངས་པ་། །
གནམ་སྔོན་པོ་ཡོལ་བས་བསྒྲིབས་ལ། །
ས་དོག་མོ་ཧྲག་སེ་ཁེབས་ནས་འདུག་པ། །
རི་ཆེན་ཞིག་གི་སྒང་ནས་བཤིག་ན། །
ཐང་ཆེན་ཞིག་གི་ཁུག་ལ་ཐོན་ན། །
ཐང་ཆེན་ཞིག་གི་ཁུག་ནས་བཤིག་ན། །
ཆུ་ཆེན་ཤིག་གི་ཟམ་པ་ཉན་ལ། །
འདི་ཁྲོམ་པའི་གྲལ་ནས་བཤིག་ན། །
མ་སྲུ་བརྒྱ་ཐམ་པར་དཀྲིས་གསུམ་རྒྱག་པ། །
རྟ་འདོ་བ་བརྒྱ་ཡི་ཚབ་ཉན་ན། །
རྟ་འདང་དང་རྟེའུ་འདང་ཡོད་དགོས། །
མཛོ་ཁྱུང་དཀར་བརྒྱ་ཡི་ཚབ་ཉན་ན། །
བེའུ་འདང་དང་མཛོ་འདང་ཡོད་དགོས། །
ལུག་གཡང་དཀར་བརྒྱ་ཡི་ཚབ་མནོན་ན། །
ལུག་འདང་དང་གཡང་འདང་དགོས། །
ཁྱོད་ཀ་མ་སྲུ་ཆེ་རྒན་བརྒྱ་ཐམ་ལ་འདི་མག་པའི་རྣ་འབྱོག་ཉོ་བྱེད་ཡིན་པས་མ་སྲུ་རྣམས་དགའ་དགོས། དགྱེས་དགོས།
མ་སྲུ་རྣམས་ཀྱིས་གཅིག་གཅིག་གིས་རྣ་རྩར་ཤབ་ཤུབ་བཤད་དེ་ཅུང་བསྡད་རྗེས་ངེད་ཚང་མ་སྲུ་རྣམས་ལ་འདི་འདྲ་ཞིག་གིས་མི་ཆོག་མོད། འོན་ཀྱང་། བར་བ་རྒན་པོའི་ཁ་ངོ་བལྟས་ཏེ་ཆོག་ནས་བྱོས། ཨ་རོགས་ཚོ། འོ། ལེགས་སོ། ། ཡ། ཡ། ཡ །
རུས་རྒྱུད་དང་རིགས་རུས་མཐོ་བ། བཟའ་འཐོར་མ་བྱུང་བ། བུ་དང་བུ་མོའི་མཐའ་ནས་བསྐོར་བའི་བུད་མེད་བསམ་ཤེས་ཞིག་གིས་གོ་རེ་ཁ་རྩི་ཞིག་གི་འགོར་བལ་འདབ་བཏགས་པ་ཞིག་དང་། ཁ་བཏགས་ལག་ལ་ཐོགས་ནས་བ་མར་ཅུང་ཙམ་ཞིག་མག་པའི་རྣ་ཐོག་ལ་བསྐུས་ནས་རེག་ཙམ་རེག་ཙམ་བྱས་རྗེས། རྣ་འབྱོག་བཏོག་པ་དང་མཉམ་ཏུ་ཁ་གཡང་འབོད་པ་རེད།
གླིང་སེང་ཆེན་འདྲ་བའི་མག་ལོ་ཁྱོད། །
མི་བརྒྱའི་འགོ་ནས་བཞུགས་པ། །
རྟ་བརྒྱའི་གོང་ལ་བཞོན་པ། །
ལྕག་བརྒྱ་མགོ་ལ་སྐོར་པ། །
གཞོན་པའི་འདབ་ལག་རྒྱས་པ། །
དཔའ་བོའི་དཔའ་རྩལ་འཕེལ་ལ། །
གཡང་ཁྱིམ་གཡང་གིས་ཁེངས་པ། །
བུ་བུ་མོའི་གོ་མཐའ་སྐོར་བ། །
སྒོ་ཁ་གྲུ་བཞི་ཟོག་གིས་ཁེངས་པ། །
མཛོད་ཁང་གོར་མོ་འབྲུ་ཡིས་བཀང་བ། །
ནོར་ལོངས་སྤྱོད་དཔལ་ལ་རོལ་པ། །
ཚེ་ནད་མེད་བཀྲ་ཤིས་འཕེལ་བ། །
བགེགས་བར་ཆད་མཐའ་ནས་བཟློག་པ། །
རྒས་པའི་ཚེ་ཐག་རིང་བ། །
མཐོ་བའི་དབུ་འཕང་མངོན་པ། །
བདེ་བའི་འབྲས་བུ་སྨིན་པ།
ལས་ཀྱི་བསོད་ནམས་འཕེལ་བ། །
དཔལ་ལོ་ལམ་ལ་གྲགས་པ། །
ཕྱུགས་རྫ་ལམ་ལ་ཁྱབ་པ། །
བསམ་ཐོག་ལ་རྟ་རྒྱུག་པ། །
འདོད་ཐོག་ལ་མདའ་འཕེན་ལ། །
བཟང་འགོ་ཉི་མས་འཁྱུད་ལས། །
ཡག་འགོ་ཟླ་བ་དྲངས་པ། །
སོང་ཤུལ་ནས་ཁ་ལས་དགེ་བ། །
བསྡད་ཤུལ་ནས་ཁ་གྱག་དར་བ ། །
ལས་པའི་བྱ་ལམ་ལ་འགྲོ་བ། །
བསམ་པའི་དོན་འགྲུབ་བ། །
བཀྲ་ཤིས་གཡང་གི་བཀྲ་ཤིས་ཤོག །
འབྲོག་ཁུལ་ན་བུ་རེས་རྩོད་པ་དང་བོ་ཤ་རྒྱུག་པའི་ཆོ་ག་འདུག་ཅིང་། རོང་ཁུལ་ན་མེད་པས་མག་པའི་རྣ་འབྱོག་བཏོག་ཚུལ་དང་ཕལ་ཆེར་ཆ་འདྲ་སྟེ་ལོ་རྒྱུས་ཀྱི་འཕེལ་རིམ་ལས་བྱེད་སྒོ་མི་གཅིག་པ་སོ་སོར་གྱེས་པ་རེད།