འདོད་ལན།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-09-12 09:03ལ་འགྲུབ།

འདོད་ལན།

ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞལ་ནས། འདོད་རྟགས་མ་གྲུབ་ཁྱབ་པ་མེད། །ཁྱབ་པ་འགལ་དང་ཐེ་ཚོམ་ཟ། །ལྔ་བོ་ལན་ཞེས་བྱ་བ་ཡིན། །ཡང་ན་ཁྱབ་ལན་གཅིག་ཏུ་བསྡུ། །རྣམ་པར་ཐར་བའི་སྒོ་བཞིར་གྲགས། །ཞེས་གསུངས་པ་ལྟར་ཐལ་འགྱུར་གྱི་ལན་ལ་སྤྱིར་བཏང་གི་དབང་དུ་བྱས་ན། འདོད། རྟགས་མ་གྲུབ། ཁྱབ་པ་མེད། འགལ་ཁྱབ་ཀྱི་ལན་བཞི་རུ་དབྱེ་བའི་ནང་གསེས་འདོད་ལན་ལ་བྱའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
认可
ཁོངས་གཏོགས།
ཚད་མ་རིག་པའི་བརྡ་ཆད།
1 གོ་དོན།

འདོད་ཅེས་པ་ནི་ཐལ་བ་འཕངས་པ་དེ་ཉིད་དམ་བཅའ་བའི་འདོད་པ་ཡིན་ཞེས་པའི་དོན་ཡིན།

2 འདོད་ལན་འདེབས་ཚུལ།

དེས་ན་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་གང་དང་གང་ལ་འདོད་ལན་བཏབ་ན་ཐལ་འགྱུར་དེའི་རྩོད་གཞི་གང་ཡིན་པ་དེའི་སྟེང་དུ་གསལ་བ་དེ་སྦྱར་ནས་འདོད་ལན་འདེབས་དགོས། ཡང་ན། ཐལ་འགྱུར་གང་དང་གང་ཡིན་ནའང་ཆོས་ཅན་ནུས་ཡོད་ཅན་གྱི་ཐལ་འགྱུར་ལ་འདོད་ལན་འདེབས་ཚེ་ཆོས་ཅན་དང་གསལ་བ་གཉིས་བསྡོམས་ནས་ལན་འདེབས་དགོས་ཤིང་། གསལ་རྐྱང་ལ་ཆོས་ཅན་དང་བསྡོམས་རྒྱུ་མེད་པས་གསལ་རྐྱང་ལ་འདོད་ལན་འདེབས་དགོས། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་མི་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ལྟ་བུའི་ཆོས་ཅན་ལ་ནུས་པ་མེད་པས་སྒྲ་མི་རྟག་པ་ཡིན་པར་འདོད་ཅེས་ལན་གདབ་པར་བྱའོ། །

3 དཔེར་བརྗོད་འགོད་པ།

དཔེར་ན། ཆོས་དུང་དཀར་བོའི་ཁ་དོག་ཆོས་ཅན། དཀར་བོ་ཡིན་པར་ཐལ། ཆོས་དུང་དཀར་བོའི་ཁ་དོག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ལན་བཏབ་ན་ཆོས་དུང་དཀར་བོའི་ཁ་དོག་དཀར་བོ་ཡིན་པར་འདོད་ཅེས་ཟེར་དགོས་ལ་འདོད་ལན་ཐེབས་པ་ཡང་ཡིན་ཏེ། ཆོས་དུང་དཀར་བོའི་ཁ་དོག་དཀར་བོ་ཡིན་པའི་ཕྱིར། དེས་གཞན་ཐམས་ཅད་ལ་མཚོན་ནུས་སོ། །

4 མཉམ་འཇོག་དགོས་ས།

འདོད་ལན་ནི་ཆོས་ཅན་ཡོད་པའམ་ཆོས་ཅན་ལ་ནུས་པ་ཡོད་པ་ཡིན་ན། ཆོས་ཅན་ནས་རིམ་པར་བསྡོམས་ནས་བརྩི་དགོས་ཏེ། བུམ་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ལྟ་བུ་ལ། ཆོས་ཅན་ལ་ནུས་པ་ཡོད་པས་བུམ་པ་དངོས་པོ་ཡིན་པར་འདོད་ཅེས་ལན་འདེབས་རྒྱུའོ། །