དགོན་གོང་མ་གྲོང་རྡལ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-07-21 16:23ལ་འགྲུབ།

དགོན་གོང་མ་གྲོང་རྡལ།

དགོན་གོང་མ་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་གི་ནུབ་ཕྱོགས་སུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°11′ནས35°12′ཀྱི་མཚམས་དང༌། ཤར་གྱི་གཞུང་ཚད100°29′ནས100°31′གི་མཚམས་ན་ཆགས་ཡོད། གྲོང་རྡལ་འདིའི་ཤར་ཕྱོགས་ནི་རྐ་འབའ་སུམ་མདོ་གྲོང་རྡལ་དང་རྩེ་ཁོག་རྫོང་གི་ཧོར་ཡུལ་ཚོ་དང༌། ལྷོ་ཕྱོགས་ནི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ། ནུབ་ཕྱོགས་ནི་རྨ་ཆུ། བྱང་ཕྱོགས་ནི་འབའ་ལུང་ཡུལ་ཚོ་བཅས་ལ་འབྲེལ་ཡོད། འདི་ནི་སྤྱི་ལོ2006གི་ལོར་སྔོན་གྱི་ཐང་རྒན་ཡུལ་ཚོ་དང་མགོ་མང་ཡུལ་ཚོ་གཉིས་ཀ་བསྲེས་ནས་གྲོང་རྡལ་དུ་བསྒྱུར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
官贡玛镇
ལ་ཏིང་གི་མིང་།
dgon gong ma grong rdal
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་།
མངའ་ཁོངས།
ཝ་ཤུར་དང༌། མེ་རི་ཁུ། གཡུག་ལུང༌། ན་རིན། ཐོ་སི། དང་བོ། བྲ་ཤུར། ཡོ་འབྲིང༌། ཧ་ཞ། ཀླུ་ལུང༌། ཧོ་ཐོག སྐྱ་བོ། དུང་དཀར། གསེར་ཐང༌། ཆུ་དམར། ཅ་ལ་བཅས་སྡེ་བ16ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1019.2
མི་གྲངས།
མི 12484 (སྤྱི་ལོ2009ལོའི་རྩིས་གྲངས་ཡིན)
སྲིད་གཞུང་གནས་ཡུལ།
མགོ་མང་གི་ཐོ་སི་སྡེ་བར་ཆགས།
1 ​ངོ་སྤྲོད།

དགོན་གོང་མ་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་གི་ནུབ་ཕྱོགས་སུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད3511′ནས3512′ཀྱི་མཚམས་དང༌།  ཤར་གྱི་གཞུང་ཚད10029′ནས10031′གི་མཚམས་ན་ཆགས་ཡོད། གྲོང་རྡལ་འདིའི་ཤར་ཕྱོགས་ནི་རྐ་འབའ་སུམ་མདོ་གྲོང་རྡལ་དང་རྩེ་ཁོག་རྫོང་གི་ཧོར་ཡུལ་ཚོ་དང༌། ལྷོ་ཕྱོགས་ནི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ། ནུབ་ཕྱོགས་ནི་རྨ་ཆུ། བྱང་ཕྱོགས་ནི་འབའ་ལུང་ཡུལ་ཚོ་བཅས་ལ་འབྲེལ་ཡོད། འདི་ནི་སྤྱི་ལོ2006གི་ལོར་སྔོན་གྱི་ཐང་རྒན་ཡུལ་ཚོ་དང་མགོ་མང་ཡུལ་ཚོ་གཉིས་ཀ་བསྲེས་ནས་གྲོང་རྡལ་དུ་བསྒྱུར་བ་ཞིག་ཡིན། སྐབས་དེར་ཐང་རྒན་ཞེས་པའི་ཐང་དང༌། མགོ་མང་ཞེས་པའི་མགོ་གཅིག་ཏུ་བསྡོམས་ནས་འདིའི་མིང་ལ་ཐང་མགོ་གྲོང་རྡལ་དུ་བཏགས། སྔོན་གྱི་ཐང་རྒན་ཡུལ་ཚོའི་སྲིད་འཛིན་མངའ་ཁོངས་ཀྱི་མིང་འདོགས་ལ་སྔ་ཕྱིར་འཕོ་འགྱུར་བྱུང་བའི་རིམ་པ། ངག་རྒྱུན་ལྟར་ན། དུས་རབས་བཅུ་བདུན་པའི་སྐབས་སུ། ད་ལྟའི་དགོན་གོང་མ་ནི་རྩེ་ཁོག་རྫོང་གི་པན་ཁོག་ས་ཆ་ནས་ཐང་རྒན་དང༌།མགོ་མང༌། འཇང་ཆུང་བཅས་ཀྱི་ཕྱོགས་འདིར་སྤོས་ཏེ་གཏན་སྡོད་བྱས་པར་བཤད། སྤྱི་ལོ1952ལོར། འབྲོག་ཁུལ་ཡོངས་སུ་ཆུས་རིམ་པའི་སྲིད་དབང་འཛུགས་པའི་དུས་ན།ཐང་རྒན་ནི་སྲིད་འཛིན་ཆུས་དྲུག་པ་ཡིན(དགོན་གོང་མའི་ཁོངས་སུ་གཏོགས)། སྤྱི་ལོ1958ལོར་ཆུས་རིམ་པའི་སྒྲིག་གཞི་དོར་ནས་ཡུལ་ཚོ་འཛུགས་དུས་མགོ་མང་ཡུལ་ཚོའི་ཁོངས་སུ་སྦྱར། ལོ་དེའི་ཟླ་བཅུ་བར་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1963ལོར་ཀུང་ཧྲེ་དག་ཡུལ་ཚོ་རུ་བསྒྱུར་དུས། གནས་འདིར་ཐང་རྒན་དང་ཆུ་དམར་ཡུལ་ཚོ་གཉིས་བཙུགས། སྤྱི་ལོ1965ལོར་ཐང་རྒན་དང་ཆུ་དམར་ཡུལ་ཚོ་གཉིས་བསྲེས་ཏེ་ཐང་རྒན་ཡུལ་ཚོ་བཙུགས། སྤྱི་ལོ1970ལོར་ཐང་རྒན་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1984ལོར་ཕྱིར་ཐང་རྒན་ཡུལ་ཚོ་རུ་བསྒྱུར། སྔོན་གྱི་མགོ་མང་ཡུལ་ཚོའི་སྲིད་འཛིན་མངའ་ཁོངས་ཀྱི་མིང་འདོགས་ལ་སྔ་ཕྱིར་འཕོ་འགྱུར་བྱུང་བའི་རིམ་པ། སྔོན་གྱི་མགོ་མང་ཡུལ་ཚོའི་མངའ་འོག་གི་ཚོ་སྡེ་རྣམས་ནི་དགོན་གོང་མའི་ཁོངས་སུ་གཏོགས། དགོན་གོང་མ་ནི་འབའ་རྫོང་མངའ་འོག་གི་འབྲོག་པའི་ཚོ་ཤོག་ཆེན་པོ་བཞིའི(ཤ་སྦྲང་དང་། དགོན་གོང་མ། གཡུ་རྔོག མཐའ་འདུག་ཚོ་བཞི་བཅས)ནང་གི་གཅིག་ཡིན། སྤྱི་ལོ1950ལོའི་ཟླ་བདུན་པར་འབའ་རྫོང་མི་དམངས་སྲིད་གཞུང་བཙུགས་རྗེས། དགོན་གོང་མ་ཚོ་རྟིང་སོ་སོའི་སྤྱི་མགོ་ནས་ལག་བསྟར་ཨུ་ཡོན་ལྷན་ཁང་ཟེར་བ་ཞིག་བཙུགས། སྤྱི་ལོ1953ལོའི་ཟླ་དྲུག་པར་གོང་མ་ཕྱུགས་ལས་ཆུས་སྲིད་གཞུང་བཙུགས། སྤྱི་ལོ1956ལོའི་ཟླ་བཅུ་བ་ནས1957ལོའི་ལོ་མཇུག་བར་དུ། དགོན་གོང་མ་ནི་ཡང་བསྐྱར་སྲིད་འཛིན་ཆུས་གསུམ་པ་རུ་བསྒྱུར་ཅིང༌། དེའི་སྲིད་འཛིན་ལས་ཁུངས་ནི་མགོ་མང་གི་ཐོ་སི་སྡེ་བར་ཆགས། དེའི་མངའ་འོག་ན་དཔའ་མཆོག་དང༌། བོའུ་རྒྱ། ཉྭ་ནག གཡེར་སྐྱོང་བཅས་ཡུལ་ཚོ་བཞི་ཡོད། སྤྱི་ལོ1958ལོར་ཡུལ་ཚོའི་སྒྲིག་གཞི་དོར་ནས་ཆུས་ཀྱི་ཁོངས་སུ་སྲེ་བའི་སྐབས་སུ། བོའུ་རྒྱ་དང༌། དཔའ་མཆོག ཉྭ་ནག་གསུམ་བསྲེས་ནས་མགོ་མང་ཡུལ་ཚོ་བཙུགས། ལོ་དེའི་ཟླ་བཅུ་བར་དེའི་མིང་ནི་མགོ་མང་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1963ལོར་ཀུང་ཧྲེ་རྣམས་ཡུལ་ཚོ་རུ་བསྒྱུར་སྐབས། དེ་ལས་ཁག་ཅིག་ཐང་རྒན་ཡུལ་ཚོའི་ཁོངས་སུ་སྦྱར། སྤྱི་ལོ1970ལོར་མགོ་མང་ཡུལ་ཚོའི་མིང་ནི་མགོ་མང་ཀུང་ཧྲེ་རུ་བསྒྱུར། 1984ལོར་མགོ་མང་ཡུལ་ཚོ་རུ་བསྒྱུར། གྲོང་རྡལ་འདིའི་སྲིད་གཞུང་ནི་ཐོ་སི་སྡེ་བར་ཆགས་ཡོད་ཅིང༌། དེ་ནས་རྫོང་ཐོག་ཏུ་སྤྱི་ལེ17ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1019.2དང༌། མི་གྲངས12484ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་ཝ་ཤུར་དང༌། མེ་རི་ཁུ། གཡུག་ལུང༌། ན་རིན། ཐོ་སི། དང་བོ། བྲ་ཤུར། ཡོ་འབྲིང༌། ཧ་ཞ། ཀླུ་ལུང༌། ཧོ་ཐོག  སྐྱ་བོ། དུང་དཀར། གསེར་ཐང༌། ཆུ་དམར། ཅ་ལ་བཅས་སྡེ་བ16ཡོད།

2 མིང་གི་ཐོགས་ཚུལ།

དགོན་གོང་མའི་ལོ་རྒྱུས་ལྟར་ན། རབ་བྱུང་བཅུ་གཉིས་པའི(སྤྱི་ལོ1687ལོ་ནས1746ལོའི་བར)ཆུ་བྱ་སྟེ་སྤྱི་ལོ1732ཡས་མས་སུ། རེབ་གོང་ཕྱོགས་ཀྱི་ཚོ་སྡེ་མང་བོ་རྨ་ཆུའི་བྱང་ཕྱོགས་སུ་འབུད་པའི་དུས་སུ། དགོན་གོང་མ་ཡང་རྩྭ་ཆུ་བཟང་སའི་འབའ་ལུང་དུ་གཞི་སྤོར་མགོ་བརྩམས་པར་གྲགས། ཚོ་སྡེ་འདིའི་མཆེད་ཁུངས་ནི་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ནང་ཚན་བཙན་སྡེ་གསུམ་གྱི་ཡ་གྱལ་ཀོའུ་སྡེ་ཞེས་པ་དེ་ཡིན་པ་དང༌། འདིའི་མིང་གི་ཐོགས་ཚུལ་ལ་ངག་རྒྱུན་དུ་མ་ཡོད་དེ།

དང་པོ། དགོན་གོང་ཞོལ་བར་གསུམ་ལ་དང་ཐོག་སྒོ་གོང་ཞོལ་བར་གསུམ་ཚང་དུ་འབོད་པའི་ངག་རྒྱུན།

དེ་ཡང་ཚོ་སྡེ་འདིའི་མེས་པོ་གོང་མ་ཤེལ་མིག་ཀོའུ་མཐོང་གི་རྗེས་རབས་པ་བསྟན་འཛིན་ཆོས་སྤེལ་སྒྲོལ་མ་ཟེར་བར་བུ་གསུམ་སྐྱེས་པའི་རིགས་རྒྱུད་མང་དུ་འཕེལ་ནས་ཚོ་སྡེ་འདིའི་མིང་ལ་དང་ཐོག་སྒོ་གོང་མ་ཚང་དང༌། སྒོ་བར་མ་ཚང༌། སྒོ་ཞོལ་མ་ཚང་བཅས་སུ་འབོད་པ་དང༌། ཕྱིས་སུ་སྒོ་ཞེས་པའི་སྒྲ་འགྱུར་ནས་དགོན་གོང་འོག་བར་གསུམ་དུ་ཐོགས།

གཉིས་པ། དགོན་གོང་ཞོལ་བར་གསུམ་དུ་ཐོགས་པའི་ངག་རྒྱུན།

བཤད་ཚུལ་གཞན་ཞིག་ལ། སྔོན་དུས། ཚོ་སྡེ་འདི་ནི་རེབ་གོང་བདེ་རུང་གཞུང་གི་ཀླེ་ཁོག་ཏུ་སྤར་རྗེས། དགོན་གོང་མའི་ཚོ་རྟིང་བཞིའི་ཡ་གྱལ་དཔའ་མཆོག་ཚོ་བས།ཀླེ་ཁོག་ལུང་བའི་སྟོད་རྒྱུད་ཀྱི་ལྷས་གོང་མ་ཞེས་པའི་དགོན་ཤུལ་ཉེ་འདབས་ཀྱི་ས་བཟུང་བས་ཚོ་སྡེ་དེའི་མིང་ལ་དགོན་གོང་མ་རུ་ཐོགས་པ་དང༌།དགོན་གོང་མ་ཚོ་རྟིང་བཞིའི་ཡ་གྱལ་ཉྭ་ནག་ཚོ་བས། ཀླེ་ཁོག་ལུང་བའི་བར་རྒྱུད་ཀྱི་མཆོད་རྟེན་སྒར་ཁུག་ཅེས་པའི་དགོན་ཤུལ་གྱི་ཉེ་འདབས་བཟུང་བས་ཚོ་སྡེ་དེའི་མིང་ལ་དགོན་བར་མ་རུ་ཐོགས།དགོན་གོང་མ་ཚོ་རྟིང་བཞིའི་ཡ་གྱལ་ཨོའུ་རྒྱ་ཚོ་བས། ཀླེ་ཁོག་ལུང་མདོའི་ཁ་སོག་ཐང་དུ་གཞི་བཟུང་བས་ཚོ་སྡེ་དེའི་མིང་ལ་དགོན་ཞོལ་མ་རུ་ཐོགས།

གསུམ་པ། དགོན་གོང་མ་རུ་ཐོགས་ཚུལ་གྱི་ངག་རྒྱུན་གཞན་གཉིས།

ངག་རྒྱུན་དང་པོ། དགོན་གོང་འོག་བར་གསུམ་ནང་གི་ཆེ་བ་ནི་དཔའ་མཆོག་ཡིན་པས།  ཚོ་སྡེ་འདིའི་སྤྱི་མིང་ལ་དགོན་གོང་མ་རུ་ཐོགས།

ངག་རྒྱུན་གཉིས་པ། རེབ་གོང་གི་རྫོང་དཀར་དགོན་ཐོག་མར་འདེབས་སྐབས། ཨོའུ་རྒྱ་དང༌། ཉྭ་ནག དཔའ་མཆོག གཡེར་སྐྱོང་བཅས་ཀྱིས་སྦྱིན་བདག་གཙོ་བོའི་འགན་ཁུར་བའི་སྟབས་ཀྱིས་དགོན་གོང་མ་རུ་ཐོགས་སོ་ཞེས་ཀྱང་གྲགས་སོ། །

དེ་ཡང་གོང་དུ་ཞུས་པའི་དཔའ་མཆོག་དང༌། ཨོའུ་རྒྱ། ཉྭ་ནག གཡེར་སྐྱོང་སྟེ། དཔའ་མཆོག་གོང་མའི་ཚོ་རྟིང་བཞི་བོ(འདིའི་ཁོངས་སུ་གསེར་ལག་མཐའ་བའང་འདུས)ནི། རེབ་གོང་ནས་འབའ་ཡུལ་དུ་སྤོས་པའི་ཚུན་ལ། དེ་དག་དུས་ད་ལྟའི་བར་དུ་ཡུལ་འབའ་རྫོང་གི་ཁོངས་རོལ་དུ་འཚོ་སྡོད་བྱེད་སའི་བྱེ་བྲག་གི་ས་ཁུལ་ནི། སྔོན་གྱི་ཐང་རྒན་ཡུལ་ཚོ་དང་མགོ་མང་ཡུལ་ཚོ་གཉིས་ཀྱི་མངའ་ཁོངས་ཧྲིལ་བོ་ཡིན་པས་ན། དགོན་གོང་མ་རུ་གྲགས་པའི་ཚོ་སྡེའི་མིང་འདི་ནི། གོང་གསལ་ཡུལ་ཚོ་དེ་གཉིས་ཀྱི་ཁོངས་སུ་གཏན་འཇགས་དང༌། རྒྱུན་འབྱམས། ཡོངས་གྲགས་བཅས་སུ་སོང་ཡོད་པའི་ཡུལ་ཕྱོགས་རང་བཞིན་གྱི་སྤྱི་མིང་དུ་གྱུར་ཡོད། དེའི་ཕྱིར། སྤྱི་ལོ2006གི་ལོར་སྔོན་གྱི་ཐང་རྒན་ཡུལ་ཚོ་དང་མགོ་མང་ཡུལ་ཚོ་གཉིས་བསྲེས་ནས་ས་ཁུལ་འདི་གྲོང་རྡལ་དུ་བསྒྱུར་སྐབས། སྔོན་གྱི་ཐང་རྒན་ཞེས་པའི་ཐང་དང་མགོ་མང་ཞེས་པའི་མགོ་གཉིས་གཅིག་ཏུ་བསྡོམས་ནས་འདི་ལ་ཐང་མགོ་གྲོང་རྡལ་དུ་བཏགས་ཀྱང༌། སྔ་གོམས་རྗེས་འཇུག་གི་དབང་གིས། ད་ལྟ་གྲོང་རྡལ་འདིའི་མངའ་འོག་གི་རྒྱ་ཁྱབ་ལས་བྱེད་དང་མང་ཚོགས་ཀྱིས་གྲོང་རྡལ་འདིའི་མིང་ལ་སྔར་བཞིན་དགོན་གོང་མ་ཟེར་བཞིན་ཡོད།