རྫོང་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང༌། སའི་གོ་ལའི་བྱང་གི་འཕྲེད་ཚད34。39′ཡི་མཚམས་ནས35。38′ཀྱི་མཚམས་དང༌། ཤར་གྱི་གཞུང་ཚད100。08′ཀྱི་མཚམས་ནས101。10′ཡི་མཚམས་ན་ཆགས་ཡོད། འདིའི་ཤར་ཕྱོགས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་ཧོ་ནན་སོག་རིགས་རང་སྐྱོང་རྫོང་ལ་འདབས་འབྲེལ་ཡོད་ཅིང༌། ལྷོ་ཕྱོགས་དང་ནུབ་ཕྱོགས་ནི་རྨ་ཆུས་བཅད་པའི་ཕ་རོལ་གྱི་མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་དང་ཁུལ་རང་ཁོངས་ཀྱི་བྲག་དཀར་རྫོང་གཉིས་ལ་ཁ་གཏད་དུ་གནས་ཡོད། བྱང་ཕྱོགས་ནི་མང་རྫོང་ལ་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5011.03ཡོད་པ་དང༌། མི་གྲངས59451ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)། རྫོང་མི་དམངས་སྲིད་གཞུང་ནི་རྐ་འབའ་སུམ་མདོ་གྲོང་རྡལ་དུ་ཆགས་ཡོད་ཅིང༌། དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ258ཡོད། རྫོང་འདིའི་མངའ་འོག་ན་རྐ་འབའ་སུམ་མདོ་དང༌དགོན་གོང་མ་སྟེ་གྲོང་རྡལ2དང༌། འབའ་ལུང་དང༌། ཞོལ་མ། རྨ་བྱང་བཅས་ཡུལ་ཚོ3ཡོད།
རྫོང་འདིའི་ས་དབྱིབས་ནི་ཤར་ལྷོ་ནས་ནུབ་བྱང་ཕྱོགས་སུ་གསེག་ནས་ཡོད་ཅིང༌། ལྷོ་བྱང་གི་ཕྱོགས་ནི་མུ་རྒྱུད་གཅིག་ཏུ་འབྲེལ་བའི་རི་རྒྱུད་མཐོན་པོ་དང་གཡང་ངོས་གཟར་བའི་གྲོག་རོང་ཡིན་ཞིང༌། དབུས་ཁུལ་དུ་ས་འཁོབས་ཡངས་ཤིང་བདེ་ལ་ས་བཅུད་ཀྱང་འཛོམས་པོ་ཡིན། ཆེས་མཐོ་ས་ནི་མཛོ་མོ་ནུ་རྩེ་ཡིན་ལ། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4671ཡོད། ཆེས་དམའ་ས་ནི་ཇིད་པར་གཞུང་ཆུ་རྨ་ཆུར་འདྲེས་སའི་མཚམས་དེ་ཡིན་ཞིང༌། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2640ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3300ཡོད། རྫོང་འདིའི་ས་བབ་ཧྲིལ་བོ་ནི་རི་ཁུལ་དང༌། ཐང་གཞོངས། ལུང་བ་བཅས་ཀྱིས་གྲུབ་པ་ཞིག་ཡིན། ཐང་གཞོངས་ཕལ་ཆེར་ཤར་ཕྱོགས་དང་བྱང་ཤར་ཕྱོགས་ན་ཡོད་དེ། གཙོ་བོ་འབའ་ཐང་དང༌། སྤེན་དཀར་ཐང༌། ཧོ་རེ་ཐང༌། མགོ་མང་ཐང༌། ཁེ་རིབ་ཐང༌། རྐ་རྒན་ཐང༌། ཐོད་ཐུག་ཐང༌། གོ་སྲིབ་ཐང་སོགས་ཡོད། འབབ་ཆུ་གཙོ་བོ་ལ་འབའ་ཆུ་དང༌། རྐ་རྒན་ཆུ། གསེར་ཆེན་ཆུ། རྐ་ཆུང་ཆུ། འཇང་ཆུང་ཆུ། སྟག་བསོད་ཆུ། འཇང་ཆེན་ཆུ། ཇིད་པར་གཞུང་ཆུ་སོགས་ཡོད། རྨ་ཀླུང་ཕྱུག་མོ་ནི་ཧོ་ནན་སོག་རིགས་རང་སྐྱོང་རྫོང་བརྒྱུད་དེ་རྫོང་འདིའི་མངའ་ཁོངས་སུ་ཐོན་རྗེས། དབྱིག་འཛིན་སྒེག་མོའི་ཕང་བར་ཆལ་ཆིལ་དུ་གཡོ་ཞིང་རྒྱུ་བའི་གཡུ་འབྲུག་སྔོན་མོ་ཞིག་དང་འདྲ་བར་གོ་ཆེན་དང༌། བདེ་ཡང༌། ར་རྒྱ། འབའ་མདོ། ཀྱལ་ཕུག་སོགས་འཕྲང་འགག་བཅུ་གསུམ་བརྒྱུད་ནས་མཐར་ཇིད་པར་ལུང་མདོ་ནས་རྫོང་གཞན་པའི་ཕྱོགས་སུ་འབབ་ཀྱིན་ཡོད་ཅིང༌། རྫོང་འདིའི་མཐའ་མཚམས་བརྒྱུད་ནས་འབབ་བཞིན་པའི་རྨ་ཆུའི་ཆུ་རྒྱུན་གྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ206ཡོད།
རྫོང་འདིའི་མིང་ནི་དང་ཐོག་བོད་མིའུ་གདུང་དྲུག་གི་ནང་ཚན་ལྡོང་གི་རུས་ཁོངས་སུ་གཏོགས་པར་གྲགས་པའི་གནའ་བོའི་བོད་མིས་འབའ་ཟེར་བའི་ཚོ་སྡེ་ཞིག་གིས། དུས་ཡུན་རིང་བོར་མཚེར་འཛིན་ཕྱུགས་སྐྱོང་གི་འཚོ་བ་རོལ་མྱོང་ས་ཞིག་ཡིན་པའི་རྒྱུ་མཚན་གྱིས། ཚོ་སྡེ་དེའི་རུས་མིང་ནི་རིམ་གྱིས་ཡུལ་གྲུ་འདི་ལ་ཐོགས་ཏེ། ཡུལ་ཁམས་འདིའི་སྤྱི་མིང་ལའང་འབའ་རུ་འབོད་པར་གྲགས་པ་དང༌།དེ་ནས་བཟུང་ཡུལ་ཕྱོགས་འདིར་འབའ་ཐང་དང༌། འབའ་ལག་ཀ་ཐང༌། འབའ་དཀྱིལ་སྒང༌། འབའ་སྟོད། འབའ་སྨད། འབའ་མདོ། འབའ་ལུང༌། འབའ་ཆུ་ལ་སོགས་པའི་མིང་བརྡ་འདི་དག་བྱུང་བ་ཡིན་ལ། དེ་མིན་ད་དུང་འབའ་མང་ར་དང་མང་འབའ་བྱ་གསུམ་ལྟ་བུའི་ས་མིང་གཞན་དང་གཞན་མང་བོ་ཞིག་ཀྱང༌། འབའ་ཞེས་པའི་བརྡ་འདི་དང་འབྲེལ་ནས་བྱུང་ཡོད་པ་མང་ཕྱིར། རྗེས་སུ་རིམ་གྱིས་སྔར་གོམས་རྗེས་འཇུག་གི་དབང་དུ་སོང་ནས། ཡུལ་གྲུ་འདིའི་བོད་མི་རྣམས་ཀྱིས་རྫོང་འདིའི་མིང་ལའང་འབའ་རྫོང་དུ་འབོད་པའམ་འབྲི་བ་རྒྱུན་ཆགས་གོམས་འདྲིས་སུ་གྱུར་པ་ཡིན་ནོ།། དེ་ཡང་མང་འབའ་བྱ་གསུམ་གྱི་ནང་ཚན་འབའ་ཞེས་པའི་མིང་འདིའི་བྱུང་བའི་སྐོར་ལ། འབྲེལ་ཡོད་མཁས་པའི་དཔྱད་ཡིག་དང་འབའ་ཡུལ་གྱི་ལོ་རྒྱུས་སུ་འདི་ལྟར་གྲགས་ཏེ། འབའ་ཡི་ས་ཆ་འདི་ནི་གནའ་དུས་ནས་བཟུང་ལུག་ནི་བླ་ཟོག་ཏུ་བྱེད་པའི་དམུ་དང་ལྡོང་རིགས་སུ་འབྲེལ་བའི་ཡུལ་ཁམས་ཤིག་གི་མིང་ཡིན་པར་བརྟེན། ལུག་གི་འབའ་སྒྲའི་ཁྱད་ཆོས་ལ་བརྟེན་ནས་རུས་རྒྱུད་ཀྱི་མིང་ལ་འབའ་ཐོགས་པ་ཡིན་ལ། ཕྱིས་སུ་ཡུལ་ཁམས་འདིའི་མིང་ལའང་འབའ་ཟེར་བའི་རུས་མིང་འདི་ཐོགས་པ་སྟེ། ཁམས་ཀྱི་འབའ་གཞས་སུའང་། གཡང་དཀར་ལུག་གི་འབའ་སྒྲ་གྲགས། །འབའ་ཡི་མིང་འདི་དེ་ནས་བྱུང་། །ཞེས་དམངས་ཁྲོད་དུ་གྲགས་པ་བཞིན་བླ་ཟོག་ལུག་ཏུ་བཀུར་བའི་རིགས་རུས་ལས་འབའ་ཡི་མིང་འདི་བྱུང་བར་བཤད། རྫོང་འདིའི་མིང་ལ་རྒྱ་སྐད་དུ་ཐུན་ཏེ་ཟེར་བ་ནི། དང་ཐོག་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་དགུ་བ་སྟེ་སྤྱི་ལོ1935ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྫོང་འདི་འཛུགས་སྐབས་སུ་བཏགས་པ་ཞིག་རེད། དེ་ནི་མཐའ་ཁུལ་མི་སེར་ཐུན་མོང་ནས་ཀྲུང་དབྱང་གི་བཀའ་གསུང་ཅི་སྒྲུབ་བྱེད་པའི་དོན་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཐུན་ཏེ་ཞེས་པའི་ཐ་སྙད་འདི་ནི་བློ་སེམས་གཅིག་འདྲེས་ཞེས་པའི་དོན་དུ་བཀྲལ་བར་བཤད།
ད་ལྟ་འབའ་རྫོང་གི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་བོད་མིའི་སྡེ་ཤོག་ལ། རྐ་འབའ་སུམ་མདོ་གྲོང་རྡལ་གྱི་མངའ་ཁོངས་སུ་སེ་བན་དང༌། ནི་གུ་འབེ་བཟའ། ཧྲེང་བོ་ནག་བཟའ། ཁོ་ནག ཁོ་ནག་མགར་རྩེ་བཅས་ཀྱིས་མཚོན་པའི་འབའ་ཤ་སྦྲང་གི་ཚོ་སྡེ་རྣམས་ཡོད།
དགོན་གོང་མ་གྲོང་རྡལ་གྱི་མངའ་ཁོངས་སུ་དཔའ་མཆོག་དང༌། ཉྭ་ནག ཨོའུ་རྒྱ། གཡེར་སྐྱོང་བཅས་དགོན་གོང་མའི་ཚོ་རྟིང་བཞི་དང༌། ཁོ་ནག་མགར་རྩེ་དང༌། རྒྱ་སོག ཆུ་བ། སུ་རིག་ཅན་བཅས་ཀྱིས་མཚོན་པའི་མཐའ་འདུག་ཚོ་བཞི་ཡོད།
རྨ་བྱང་ཡུལ་ཚོའི་མངའ་ཁོངས་སུ་མགར་རྩེ་གོང་མ་དང་གཙང་གཡུ་རྔོག་ཡོད་ལ། ཞོལ་མ་ཡུལ་ཚོའི་མངའ་ཁོངས་སུ་མགར་རྩེ་ཞོལ་མ་ཡོད། ཡུལ་ཚོ་འདི་གཉིས་ཀྱི་ཁོངས་སུ་རྒྱ་མོ་དང༌། རྒྱ་བཟའ་བར་སྐོར་མ། གོང་མ། ཁ་རྒྱ། སྟག་ཡན་བཅས་ཚོ་ཁག་ལྔ་འདུས། འབའ་ལུང་ཡུལ་ཚོའི་མངའ་ཁོངས་སུ་སྔོན་དུས་མང་འབའ་བྱ་གསུམ་དུ་གྲགས་པའི་ནང་ཚན་འབའ་ལུང་བའི་གསེར་ཁང་སྡེ་བ་མན་ཆད་ནས་ཚེར་ནག་སྡེ་བ་ཡན་ཆད་ཀྱི་རོང་སྡེ་ཐམས་ཅད་འདུས་ཡོད།