དྲིལ་བུ་ནི་དཀྲོལ་བྱའི་རོལ་མོའི་རྣམ་གྲངས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན་བགྲང་བྱ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་ངེས་ཏེ། དེ་ཡང་རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་པ་ལས། བོད་ཀྱི་རྒྱལ་བོ་ཁྲི་བདུན་ལེགས་དྲུག་དང་། །རྒྱལ་པོ་གནམ་ལྡེ་ལ་སོགས་རྒྱལ་པོའི་རབས། །ཉེར་དྲུག་ཐ་མ་ཐོ་ཐོ་རི་གཉན་བཙན། །དེ་ལྟར་དམ་པའི་ཆོས་ཀྱི་ཚུལ་མ་དར། །གདོལ་བོད(བོན)ཁོ་ནའི་དུས་ཡིན་མཆོད(པ)ཡང་། །ཤིང་དང་དྲིལ་བུ་རིང(ཏིང)གི་བྱེ་བྲག་རྣམས། །ཁྲོ་ལི་ནག་པོ་ལས་གྲུབ་བཟོ་བཀོད་ཞེས(ཞེར)། །དེ་བས་གཞན་པའི་མཆོད་པའི་ཡོ་བྱད་དཀོན། །ཐོ་ཐོ་རིའི་རིང་ལའང་བོད་ཀྱི་བཟོས། །སྒྲུབ་པའི་བཟོ་བཀོད་གོང་དང་མཐུན་པ་ལས། །ཁྱད་ཆེ་བའི་ངོ་མཚར་མེད་ཅེས་ཐོས། །ཞེས་སོགས་གསུངས་པར་གཞིགས་ན། དྲིལ་བུ་ནི་ཤང་དང་འདྲ་བར་སྔོན་ཆད་བོན་པོ་རྣམས་ཀྱི་མཆོད་ཆས་རོལ་མོ་ཞིག་ཡིན་ལ། སྐབས་དེ་ཤེད་དུ་བཟོས་པའི་དྲིལ་བུ་རྣམས་ཀྱི་རྒྱུ་ནི་ཁྲོ་ལི་ནག་པོ་ལས་གྲུབ་པ་མ་ཟད། ལག་རྩལ་ཡང་དེ་ཙམ་མེད་པས་བཟོ་བཀོད་ལེགས་པོ་མིན་པ་དང་། དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་། མཆོད་པའི་ཡོ་བྱད་དྲིལ་བུ་མང་དག་བཟོས་ཀྱང་བཟོ་བཀོད་གོང་དང་མཐུན་པ་ཙམ་ལས། དེ་ལས་ཁྱད་དུ་འཕགས་པ་གང་ཡང་བྱུང་མེད་མོད། གང་ལྟར་དུས་དེ་ཙམ་གྱི་རྗེས་ནས་བཟུང་བོད་དུ་ནང་པ་སངས་རྒྱས་པ་རྣམས་ཀྱིས་རིམ་བཞིན་དྲིལ་བུ་དེ་ཉིད་མཆོད་ཆས་རོལ་མོ་ཞིག་ཏུ་བརྩིས་ནས་བེད་སྤྱོད་བཏང་བ་ཡིན་པ་གོར་མ་ཆག་གོ །
ཕྱིས་སུ་དུས་རབས་རིམ་བྱུང་གི་ནང་དྲིལ་བའི་རིགས་སྣ་ཚོགས་བྱུང་ཚུལ་ནི། རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཁྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོཞེས་པ་ལས། འཇིག་རྟེན་མགོན་པོ་སྲོང་བཙན་སྒམ་པོའི་དུས། །རུ་བཞི་གཙུག་ལག་ཁང་སོགས་ཇི་སྙེད་བཞེངས། །ཞེས་སོགས་གསུང་པའི་སྐབས་སུ། དྲིལ་བུ་རྫ་མ་ཁྱོན་ཆུ(ཆུང)ཆི་ཧོར་ཆི། །ཅུང་ཟད་མཛེས་ཆུ(ཆུང)ཧོར་སྐད་འཐས་ཤིང་འཕར། །གད་བརྡར་མི་གཙང་དྲིལ་སྟོད་པདྨ་ཁེབས། །དེ་སོགས་འཕགས་པའི་ཡུལ་ནས་ལ་མུ་བྱུང་། །བོད་བཟོས་ཁྲོ་ནག་ལྕགས་ཀྱི་རྐྱེན་སྦྱར་ནས། །རྫ་མའི་གཟུགས་འདྲ་ཁ་ཕུབ་ཕྱང་འཕྲུལ་དུ། །བྱས་པ་རྡོ་དང་དབྱུག་པས་བསྣུན་པ་ན། །གླང་པོའི་སྐད་འདྲ་འབྱུང་ལ་ཅོང་ཞེས་བྱ། །དྲིལ་བུ་ཚང་སྒོ་མེད་པ་གདང་བུ་ལ། །བཏགས་ནས་བོས་ཚེ་ཅིག་ཅར་སྒྲ་འབྱིན་པའི། །དྲིལ་གདང་ཞེས་དང་བར་སྒོར་བཏགས་པ་ཡི། །གཙུག་ལག་ཁང་གི་རྒྱལ་གྱུར་མ་རུ་འབྱུང་། །ཞེས་པ་ལྟར་ན། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཆོས་དར་བ་དང་ལྷན་ཅིག་དྲིལ་བུ་ཞོར་དུ་དར་བ་མ་ཟད། བོད་དུའང་ཁྲོ་ནག་ལྕགས་ཀྱི་རྒྱུ་ལས་རྫ་མའི་གཟུགས་འདྲ་བ་ཁ་ཕུབ་ཕྱབ་འཕྲུལ་དུ་བྱས་པ་རྡོ་དང་དབྱུག་པས་བརྡུངས་པས་ན་གླང་བོའི་སྐད་དང་འདྲ་བ་འབྱུང་པའི་དྲིལ་ཆེན་དེ་འདྲ་དང་། གདང་བུ་ལ་བཏགས་ནས་རླུང་སོགས་ཀྱི་བསྐྱོད་ཚེ་ཅིག་ཅར་སྒྲ་འབྱིན་པའི་དྲིལ་གདང་ཞེས་པ་དང་། གཙུག་ལག་ཁང་གི་བར་སྒོར་གདག་བྱ་གཙུག་ལག་ཁང་གི་རྒྱལ་གྱུར་མ་རུ་གྲགས་པ་ལྟ་བུ་བྱུང་པ་ཡིན་འདུག་ལ། སྐབས་དེ་ཤེད་དུ་བོད་ཀྱིས་བཟོས་པའམ་རྒྱ་གར་དུ་དར་བ་གང་ཡིན་ཡིན་ཡང་དྲིལ་བུ་དེ་རིགས་གད་བརྡར་མ་གཙང་ལ་དབྱིབས་ཀྱང་ཆེ་ལ་དེ་འདྲའི་མཛེས་པ་མིན་ཚོད་དུ་འདུག
དེ་རྗེས་བསྟན་པ་ཕྱིར་གྱི་དུས་སུ་དྲིལ་བུ་རྒྱན་མེད་གཙང་མར་བྱས་པ་འགའ་གར་གྱི་ཕྱག་ཆར་བྱས་པའང་བྱུང་བར་གྲགས་ལ། ཧ་ལམ་དུས་དེ་ཙམ་ནས་བཟུང་བོད་དྲིལ་གྱི་བཟོ་བཀོད་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་བར་སྙམ། དེ་ཡང་རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཁྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་པ་ལས། དེ་ནས་རྒྱ་ནག་ཆེན་པོའི་འདུན་ས་ཆེ། །བྱིང་གིན་གན་དང་གེ་གན་གོ་ཡུག་བྱོན། །གོ་ཏན་རིང་ལ་ས་ཧོར་ཡིན་མཆོད་འབྲེལ། །ཞེས་དང་། ད་དུང་དྲིལ་བུ་རྩེ་ལྔ་རྩེ་དགུ་ཚངས་རྡོར་དབྱིབས། །འཕགས་ཡུལ་བཟོ་དང་ཁྱད་མཚུངས་མཛེས་ཤས་ཆེ། །རིན་ཆེན་ཕྲ་ཚོམ་གྱིས་སྤྲ་མཛེས་དབྱིབས་ལེགས་མཛེས། །ནང་ལ་གད་བརྡར་མ་བྱས་ལུགས་རིས་གསལ། །ནང་གི་འབྲུག་གསུམ་ཕྱི་ཡི་རམ་ཡིག་གམ། །ཡང་ན་ཨུཏྤལ་གཟུགས་ཀྱི་ཐད་དུ་ངེས། །ནམ་མཁའི་རྡོ་རྗེ་ཡོད་མེད་གཉིས་སུ་འབྱུང་། །དེ་བས་ཁྱད་དྲིལ་བཟོ་ཁྱད་ཁྱོན་ཆུང་པ། །ཚངས་རྡོར་དངུལ་དང་ལི་དཀར་ལི་སེར་གསེར། །གསེར་དམར་ཛྷེེ་ཀྵིམ་བྱས་དང་གཟོང་རིས་ཤུལ། །སྣ་ཚོགས་རིགས་མི་མཐུན་པའི་ཕྲ་རྣམས་བཅུག། རྩེ་ལྔ་མཛེས་བྱེད་འཁོར་ལོ་འཕྱང་བའི་སྟེང་། །རྩེ་དགུ་དྲ་བ་དྲ་ཕྱེད་ཁོང་སང་ན། །དམ་ཚིགས་སྒྲོལ་མ་ལ་སོགས་ཕྱག་མཚན་གྱིས། །མཛེས་པ་བྱུང་ཞིང་དེ་མཐུན་སིལ་སྙན་ནི། །ཞེས་སོགས་སོགས་བྱུང་པ་ལས་ར་འཕྲོད་ཐུངབ་ཅིང་། ཕལ་ཆེར་དུས་དེ་ཙམ་ནས་བཟུང་བོད་ལ་རྒྱ་གར་ནག་སོགས་ནས་དྲིལ་བུའི་རིགས་སྣ་ཚོགས་བྱུང་པ་དང་། ཁྱད་པར་དུ་གསུང་རྟེན་རྡོར་དྲིལ་ཡང་རབ་འབྲིང་ཐ་གསུམ་དུ་བྱུང་ཚུལ་སྐོར་ལ་ཡང་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་། གསུང་རྟེན་དྲིལ་བུ་ཧོར་དང་རྒྱ་གར་ནག །བོད་ཆེན་རིགས་བཞི་ལས་ནི་རྒྱུའི་སྒོ་ནས། །ཧོར་དྲིལ་གཉིས་ལས་ཤིན་ཀུན་མཆོག་ཏུ་གྲགས། །རྒྱ་ནི་ལི་དཀར་དངུལ་མདངས་བཀྲག་ཞག་ཆེ། །དྲིལ་བུའི་སྟོད་ཞུམ་བ་གླང་ཁ་ཁེབས་ལ། །ལུགས་གཙང་བརྡར་གད་མ་བྱས་ལི་རྒྱུ་འཇམ། །ནང་ནི་ཞོ་ཁ་ཞེས་པ་འོ་སྤྲིས་འདྲ། །དྲྭ་ཕྱེད་འབུར་ལ་བར་སྟོང་འཇམ་སང་མང་། །དཔུང་བའི་པད྄འདབ་རིགས་ཀྱི་ཕྱག་མཚན་སྤྲས། །དྲིལ་བུའི་དཔུང་ཟུར་པད་མཐའ་གཅིག་ཏུ་འདྲེས། །སྐད་སྙན་སྦོམ་ལ་རྒྱང་གྲགས་ལྷག་པར་ཆེ། །དབུ་རྡོར་ཅུང་ལུ་མང་ལ་དངུལ་དཀར་དང་། །ཛྷེེ་ཀྵིམ་དག་ཀྱང་ཉུང་ཟད་སྲིད་པ་ཡིན། །རྩ་ལྔ་པ་མང་ཆུ་སྲིན་ནང་ལ་བལྟ།། འཁོར་ལོའི་རྒྱན་ལྡན་རྩེ་དགུ་ཉུང་པ་ཡིན། །རྒྱུ་དང་གསུང་ལ་དོ་ཟླ་མེད་ན་ཡང་། །བཟོ་སྒྲོས་བྱིལ་བས་ཉམས་མེད་ཕལ་གྱིས་དོར། །དངོས་བསྟན་ཉུང་ལ་འདྲ་ཅོག་མང་པ་ཡིན། །ཕལ་བ་ལུགས་ཁ་དམ་ལ་གཙང་ཤ་ཆུང་། །ནང་ལ་བྲད་བརྡར་སོང་པས་ཞོ་ཁ་མེད། །རབ་འབྲིང་ཐ་མའི་ཁྱད་པར་ཆེ་བར་སྣང་། །ཞེས་ཧོར་དྲིལ་ལ་ཤིན་ཀུན་མ་དང་ཕལ་པ་གཉིས་སུ་བྱུང་པ་བསྟན་པ་དང་། དེ་བཞིན་རྒྱ་གར་ནས་བྱུང་པའི་དྲིལ་བུའི་སྐོར་ལ་ཡང་། རྒྱ་གར་དྲིལ་བུ་ཆེ་ཚད་ཁྲུ་ལ་ཉེ། །ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ལ། །པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད། །ཉུང་ཟད་སྣང་པ་ལི་དཀར་ཁོ་ནར་མཐོང་། །དྲིལ་བུའི་རྣམ་བཞག་རྒྱུད་སྡེ་ལས་གསུངས་པའི། །ཐ་སྙད་དང་ཡང་མཚུངས་བར་མ་ངེས་པ། །འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར། །ཁྱབ་བདལ་མ་དར་བཟོ་ལ་འདྲིས་པ་ཆུང་། །ཞེས་རྒྱ་གར་འཕགས་པའི་ཡུལ་གྱི་མི་རྣམས་དམ་ཚིག་སྲུང་བ་ལ་སྒམ་པའི་ཕྱིར་ན་གསང་སྔགས་ཀྱི་མཆོད་རྫས་སོགས་ཁྱབ་བདལ་ཁྲོམ་བསྒྲགས་མི་བྱེད་སྟབས། དྲིལ་བུའི་བཟོ་རྩལ་ལ་འདྲིས་པ་ཆུང་ཞིང་། ཆེ་ཆུང་གི་ཚད་ཀྱང་རྒྱུད་ལས་གསུངས་པའི་ཐ་སྙད་དང་ཡང་མཚུངས་བར་མ་ངེས་པ་གང་ཞིག ཆེ་ཚད་ཁྲུ་ལ་ཉེ་བ་དང་། ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ཡོད་ལ། བྲད་བརྡར་གཙང་ཤ་དོད་པོ་མེད་པ་མ་ཟད། གྲངས་དང་ཉུང་བར་བསྟན་པ་དང་། དེ་ལས་གཞན་རྒྱ་ནག་ནས་ཐོན་པའི་དྲིལ་བུའི་སྐོར་ལ་ཡང་། རྒྱ་ནག་ཁྱད་དྲིལ་ཕལ་པ་ཏ་མིང་གསུམ། །ཁྱད་དྲིལ་སྐྱེ་མཆེད་བྲད་བརྡར་འགྲན་ཟླ་མེད། །དཀྱུས་ལས་ཅུང་ཆེ་བ་གླང་ཁ་སྦུབ་འཐུག །རི་མོ་དོད་ཀྱབ་ཧྲོབ་ཉམས་གཏན་ནས་མེད། །རྩེ་ལྔ་པ་རྣམས་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་དང་རྩེ་དགུ་ཡིན་ནོ་ཅོག །རྩ་པར་དྲ་ཕྱེད་ཁོང་ན་ཕྱག་མཚན་ཅན། །མུ་ཏིག་སྐེ་རགས་ཞིབ་ལ་སྐད་སྙན་འཁྲོལ། །ཞེས་དང་། ཡང་། ཐེག་ཆེན་གན་དྲིལ་ལྷག་པར་ཆེ་བ་ལ། །ཁྱད་དྲིལ་མིང་དུ་གྲགས་པ་མེད་ན་ཡང་། །བཟང་ངན་ཁྱད་པར་ཆེ་བ་ཡོད་པའོ། །དགའ་ལྡན་གན་དྲིལ་དེ་བས་ཅུང་ཟད་ཞེར། །དྲིལ་བུའི་སྟོད་ཞུམ་མགོ་རྡོར་རྩེ་དགུ་མང་། །ཞེས་རྒྱ་ནག་ནས་ཐོན་པའི་དྲིལ་བུ་ལ་ཡང་ཁྱད་དྲིལ་དང་། ཕལ་པ། ཏཱ་མིང་བཅས་དབྱེ་བ་གསུམ་དུ་བྱུང་ཚུལ་བསྟན་པ་དང་། དེ་བཞིན་བོད་དྲིལ་སྐོར་ལ་ཡང་། བོད་དྲིལ་རྙིང་མ་མདོ་ཁམས་རྩི་ཡུལ་དུ་། །ཆེ་ཆུང་གཉིས་བཟོས་བྱི་བྱད་རྒྱ་འདྲ་བས། །ཉམས་མེད་རྣམས་ཀྱིས་རྒྱ་རུ་ངོས་འཛིན་ཡང་། ། རི་མོ་མི་གཙང་དཔུང་མགོ་ཧོར་འདྲ་ལ། །བ་གླང་ཁ་ནི་རྒྱ་ཧོར་གཉིས་ཀ་དང་། །འགལ་ཞིང་ནང་སུལ་གྱི་རྣམ་པ་མང་། །བོད་དྲིལ་གསར་མ་ཟལ་མོ་སྒང་དུ་དར། །རི་མོ་ཧྲོབ་ལ་སྐད་ངར་རིང་དུ་བསྲིང་། །ཁྱད་དྲིལ་རྣམས་ནི་སྐྱེ་མཆེད་གཙང་ཤ་ཆེ། །དེ་ལས་གཞན་པ་འཇང་འབའ་ལོ་གྲོ་སོགས། །དྲིལ་བུའི་གཟུགས་བརྙན་བརྟག་པར་སླ་བས་སོ། །ཞེས་བོད་དྲིལ་ལ་ཡང་གསར་རྙིང་དབྱེ་བ་ཡོད་ཚུལ་དང་ཁྱད་ཆོས་གཞན་དང་འགར་ཚུལ་བསྟན་པའོ། །
སྤྱིར་ན་དྲིལ་བུའི་རྒྱུ་དང་ཚད་བཤད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས། ཀུན་ལ་འཁར་བའམ་ཡང་ན་ནི། ལྕགས་གསུམ་ལས་ནི་དྲིལ་བུ་སྟེ། ཞེས་སྤྱིར་ན་དྲིལ་བུ་གང་དང་གང་ཡིན་ཀྱང་རྒྱུ་འཁར་བ་ལས་བྱས་པའམ་ཡང་ན་གསེར་དངུལ་ཟངས་ལྕགས་སྟེ་ལྕགས་གསུམ་ལས་བྱ་བར་མཁས་གྲུབ་རྗེས་གསུངས།
གཉིས་པ་དྲིལ་བུའི་ཚད་ལ་མཁའ་འགྲོ་རྒྱ་མཚོ་ལས། དྲིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱས། །ཞེས་ཆ་གསུམ་དུ་བྱས་པ་གཅིག་དང་བཟང་པོ་ཡོངས་བཟུང་ལས་དྲིལ་བུ་ཀུན་ཏུ་ཆ་དྲུག་ལ། ཞེས་ཆ་དྲུག་ཏུ་ཕྱེ་པ་གཉིས་ལས་དང་པོ་ནི། མན་སྙེར། དྲིལ་བུ་རྣམས་ཐམས་ཅད་ནི་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཚད་དོ། །དེ་རྣམས་ཀྱི་ཆ་གསུམ་པ་ནི། ཁ་ནས་བཟུངས་སྟེ་འཁར་བ་དག་པའི་རང་བཞིན་དུ་བྱའོ། །དེའི་སྟེང་གི་ཆ་གཉིས་ནི་གསེར་ལ་སོགས་པ་བྱུང་བའོ། །ཞེས་གསུངས་སོ། །གཉིས་པ་ནི་བཟང་པོ་ཡོངས་བཟུང་ལས། དྲིལ་བུ་ཀུན་ཏུ་ཆ་དྲུག་ལ། །དེ་ཡི་ཆ་བཞི་འཁར་བ་ཡི། །རང་བཞིན་མ་འདྲེས་པ་ལས་བྱ། ། གཞན་ནི་གཞན་ལས་བརྟག་པར་བྱ། །ཞེས་དྲིལ་བུའི་ལུས་ཚད་ཆ་དྲུག་ཏུ་བྱས་པའི་ཆ་བཞི་འཁར་བའི་རང་བཞིན་ཁོག་པ་དང་། ཡང་དེ་ཉིད་དུ། སྟེང་གི་ཆ་གཅིག་ལ། ཕྲེང་བ་གསུམ་ནས་དེའི་སྟེང་དུ། །བུམ་པ་གསེར་རམ་ཟངས་མའམ། །དངུལ་ལམ་ར་གན་ལས་བྱས་པའོ། །དེ་ཡི་སྟེང་དུ་དེ་ཚད་ཙམ། །ཤར་བལྟས་ཤེས་རབ་གདོང་བ་བྱ། །ཞེས་སྟེང་གི་ཆ་གཉིས་ཀྱི་ཆ་འོག་མ་ཤེས་རབ་ཀྱི་ཞལ་བུམ་པ་གདན་བཅས་ལ་བཤད་ཅིང་། སྟེང་གི་རྡོ་རྗེ་ཕྱེད་པ་དང་པདྨ་དང་བཅས་པ་ཆ་གཅིག་ཏུ་མཛད་པ་དང་ཆས་ཤིན་ཏུ་འགྲིག་པར་འགྱུར་ཏེ། སྟེང་གི་དབྱིག་པ་ནི་གཟུགས་མེད་སྲིད་པའི་གནས་དང་། ཁོག་པའི་ཕྱིའི་ལྷ་མོ་བརྒྱད་ཀྱི་མཚན་མ་འགོད་པའི་གནས་ནི་གཟུགས་ཁམས་དང་། དེའི་འོག་གི་ཆ་ནང་གི་དབྱུག་གུ་ནམ་མཁའ་དང་བཅས་པ་དག་འདོད་ཁམས་སུ་གསུངས་ལ། ལྷ་མོ་བརྒྱད་ཀྱི་མཚན་མ་ནི་སྟེང་གི་པདྨ་ལ་ས་བོན་འགོད་ཅིང་། ལོགས་ཀྱི་དྲ་བ་བརྒྱད་ཀྱི་ནང་དུ་ཕྱག་མཚན་འགོད་པར་གསུངས་པས། ཁོག་པའི་སྟེང་ནས་དྲ་བ་དྲ་ཕྱེད་ཀྱི་སྣེ་མོ་ཡན་ཆ་གཉིས་དང་། དེའི་འོག་ཆ་གཉིས་སུ་བྱས་ན་ཁོག་པ་ཆ་བཞིར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱས་ན་ཆ་དྲུག་གི་ཆ་གཉིས་ཚན་རེ་ཆ་རེར་བསྡོམས་པ་ན་ཆ་གསུམ་མཉམ་པོར་འགྱུར་བས་རྒྱུ་དེ་དང་། བཟང་པོ་ཡོངས་གཟུང་གི་དགོངས་པ་གཅིག་ཏུ་འགྲིག་ཅིང་། དྲིལ་བུའི་ལུས་ཚད་ཀྱང་ལེགས་པར་གནས་པ་དང་འཚམ་པར་འགྱུར་རོ། །
དྲིལ་བུའི་ཁའི་རྒྱ་ཚད་ནི། བཟང་པོ་ཡོངས་བཟུང་ལས། དྲིལ་བུ་དེ་ཡི་ནང་གི་མཁའ། ཞེང་དང་མཆུ་རུ་མཉམ་པ་ཡིན། ཞེས་གསུངས་ལ། མན་སྙེར་ཡང་། དེའི་འཁར་བའི་དབུས་ཀྱི་ནམ་མཁའ་རྒྱ་དང་མཆུར་མཉམ་པའོ། །ཞེས་གསུངས་པ་དྲིལ་བུའི་ཁོག་པའི་དཔངས་རིང་ཐུང་གཉིས་ཀའི་ཕྱོགས་ལ་ཁའི་རྒྱ་ཚད་དང་། ཁོག་པའི་དཔངས་ཚད་མཉམ་པར་བཞེད་དེ། དེ་ཡང་དྲིལ་བུའི་མཆུ་ཅུང་ཟད་ནང་དུ་ཞུམ་པ་དེ་ལས་གོང་གི་རྒྱ་ཆེ་སའི་ཚད་དང་མཉམ་པའོ། །ཞེས་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་གསུངས།
དྲིལ་བུ་ལ་ཡང་རྡོ་རྗེ་དང་འདྲ་བར་རྒྱུ་དང་དབྱིབས། ཚད་དང་དབྱེ་བ། མཚོན་དོན། ཕན་ཡོན། དཀྲོལ་ཚུལ་དང་བདུན་ལས།
དང་པོ་དྲིལ་བུའི་རྒྱུ་ནི་རྡོ་རྗེ་མཁའ་འགྲོ་ལས། ཀུན་ལའང་འཁར་བའམ་ཡང་ན་ནི།། ལྕགས་གསུམ་ལས་བྱུང་དྲིལ་བུ་སྟེ།། ཞེས་པ་ལ་བརྟེན་ནས་ལྕགས་གསུམ་སྟེ་གསེར་དངུལ་ཟངས་གསུམ་དང་འཁར་བ་ལས་གྲུབ་པའི་དྲིལ་བུ་དེ་དྲིལ་བུ་མཚན་ཉིད་པ་དང་། ཡང་ལ་ལས་རྡོ་རྗེ་ཕུར་བ་གསང་རྒྱུད་ལས་འཁར་བ་དང་ནི་ལྗོན་དམར་ལ། དྲིལ་བུ་ཚད་དང་ལྡན་པར་བྱ། ཞེས་པ་གཞིར་བཞག་གིས་དེའི་སྟེང་དུ་ལྕགས་དང་ལྗོན་དམར་ལི་སོགས་ཀྱི་བཟོ་རུང་བར་བཤད།
གཉིས་པ་དྲིལ་བུའི་དབྱིབས་ནི་འཇོང་དབྱིབས་ཁོང་སྟོང་འདབ་གཡེར་ཞིང་ཁ་ནང་དུ་ཅུང་ཟུམ་པ་མེ་ཏོག་ཀུ་མུ་ད་ལྟ་བུ་སྟེང་དུ་པདྨ་འདབ་མ་བརྒྱད་ཀྱི་དབུས་སུ་བུམ་གདན་གྲུ་བཞི་དང་། དེའི་སྟེང་བུམ་པ་གྱེན་དུ་བསླངས་པ། བུམ་པའི་སྟེང་དུ་ཤེས་རབ་ཀྱི་ཞལ་ཞེས་གྲགས་པ་ལྷ་མོའི་ཞལ་བརྙན་ནམ་མགོ་བོ། ཞལ་སྟེང་དུ་པདྨ་བརྒྱད་དང་ཟླ་གདན་མུ་ཁྱུད་དང་བཅས་པའི་སྟེང་དུ་རྡོ་རྗེ་ཕྱེད་པའི་རྩེ་དང་ལྡན་པ། དྲིལ་བུའི་ཁོག་པའི་སྟོད་དུ་མུ་ཏིག་གི་ཕྲེང་བ་ཉིས་རིམ་གྱི་བར་དུ་རྡོ་རྗེ་ཕྲེད་ཉལ་གྱི་ཕྲེང་པའི་རི་མོའམ་སྐ་རགས་ཡོད་པ། དེ་འོག་ཏུ་ཙི་མགོ་བརྒྱད་ཀྱི་ཁ་ནས་རིན་པོ་ཆེ་དྲ་བ་དང་དྲ་བ་ཕྱེད་པ་དཔྱངས་པ། དྲ་བའི་ནང་དུ་ཤར་དུ་འཁོར་ལོ་དང་། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི།ཤར་ལྷོར་སྤྱན། ལྷོ་ནུབ་ཏུ་རྡོ་རྗེ། ནུབ་བྱང་དུ་པདྨ། བྱང་ཤར་དུ་ཨུཏྤལ་གྱི་རི་མོས་མཛེས་པ། དེའི་འོག་ཏུ་འདབ་གཡེར་བའི་སྟེང་དུ་མུ་ཏིག་སོགས་ཀྱི་སྐ་རགས་ཉིས་གཤིབ་ཀྱི་བར་དུ་རྡོ་རྗེའི་ཕྲེང་པ་གྱེན་འགྲེང་ཟླུམ་པོ་བསྐོར་བ། སྟེང་གི་པད་འདབ་བརྒྱད་དུ་ལྷ་མོ་བརྒྱད་ཀྱི་ས་བོན་གྱི་ཡི་གེ་ཡོད་པ། ནང་དུ་དྲིལ་ལྕེའི་དབྱུག་གུ་ཟུར་བརྒྱད་ཅན་ནམ་ཟུར་མེད་པ་དཔྱངས་པ། ཁོག་པ་དང་། བུམ་ཞལ། རྩེ་རྡོར་བཅས་ཆ་གསུམ་པ་ཅན་དེ་ནི་དྲིལ་བུའི་དབྱིབས་སོ། །
དྲིལ་བུའི་ཁའམ་འདབ་ལ་པདྨ་ཁ་འབུས་དང་། ཁ་ཕྱེས་དང་། བ་གླང་ཁ་བཙུམ་པ་འདྲ་བ་དང་གསུམ་ཡོད་པར་བཤད། དྲིལ་བུ་དེ་ལྟར་ཡིན་པའི་ཤེས་བྱེད་ནི་ཡོད་དེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ནས་དྲིལ་བུའི་མཚན་ཉིད་ཀྱི། །ཆུ་ཞེང་ལ་སོགས་བཤད་པར་བྱ། །རིན་ཆེན་སྣ་ཚོགས་འབར་བ་དང་། །རྡོ་རྗེའི་སྐ་རགས་ཕྲེང་གཉིས་བྱ། །ཤེལ་སྒོང་དྲི་མ་མེད་པ་ལྟར། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །ཞེས་སོགས་ཀྱི་བསྟན་པའི་ཕྱིར། ཕུར་པ་གསང་རྒྱུད་ལས། ལུང་ནི་བྷ་གའི་མཚན་ཉིད་ཡིན། །ཞེས་ཤེས་རབ་ཀྱི་ཞལ་འོག་ཏུ་བུག་ཁུང་དགོས་པར་གསུངས་ལ། དེ་དེང་སང་དྲིལ་ལུང་ངམ་ཡོབ་ལུང་དུ་འབོད། གསར་འགྱུར་གྱི་རྒྱུད་སྡེ་དག་ལས་ནི་རྩེ་རྡོར་གྱི་འོག་ཏུ་ཞལ་དང་། དེའི་འོག་བུམ་པ་བྱ་བར་གསུངས་པ་ལས་ཞལ་འོག་ཏུ་བུག་ལུང་དགོས་པར་བཤད་པ་མེད་དེ། རྒྱུད་ལུང་དཔང་བཞག་ལས། རྩེ་མོ་ལྔ་དགུ་གང་ཡིན་ཀྱང་། །ཤེས་རབ་ཞལ་གྱི་གདན་དུ་ནི། །བུམ་པ་ཁོ་ན་བཤད་པ་ལས། །བུག་པ་གསར་རྒྱུད་ལས་མ་མཐོང་། །ཞེས་གསུངས་པའི་ཕྱིར་དང་། ཁོ་བོས་ཀྱང་གསར་རྒྱུད་ཕལ་ཆེ་བ་ཞིབ་ཀློག་བྱས་མོད་བུག་ལུང་བཤད་པ་ཡེ་མ་མཐོང་ངོ་། །བུམ་གདན་གྲུ་བཞིའི་འོག་ཏུ་རི་མོ་སུམ་བརྩེགས་གསུམ་ཟླུམ་པོར་བསྐོར་བ་དགོས་པར་ཡང་གསུངས་ཏེ། མན་ངག་སྙེ་མ་ལས། བདུད་རྩི་བུམ་པའི་འོག་ཏུ་སྟེགས་བུ་གྲུ་བཞི་པའོ། །དེ་ཡི་འོག་ཏུ་ཕྲེང་བ་གསུམ། །དེ་ཡི་འོག་ཏུ་པདྨའོ། །ཞེས་གསུངས་པའི་ཕྱིར་དང་། དྲངས་མ་ཐག་པའི་ཕྲེང་བ་སུམ་བརྩེགས་རིས་སུ་བྱ། །ཞེས་པའི་དོན་དུ་གོ་དགོས་པའི་ཕྱིར་རོ། །
སྟེང་གི་པད་འདབ་ཀྱི་ལྷ་མོ་བརྒྱད་ཀྱི་ས་བོན་གྱི་རིམ་པ་ནི། ཤར་ཏུ་སྒྲོལ་མའི་ས་བོན་ཡི་གེ་ཏཱཾ་དང་། དེ་ནས་གཡོན་བསྐོར་གྱིས་བྱང་དུ་གོས་དཀར་མོའི་ས་བོན་པཱཾ་དང་། ནུབ་ཏུ་མཱ་མ་ཀཱའི་ས་བོན་མཱཾ་དང་། ལྷོ་རུ་སངས་རྒྱས་སྤྱན་མའི་ས་བོན་ལཱཾ་དང་བཞི་འགོད་པ་དང་། མཚམས་བཞིའི་ཤར་ལྷོ་ནས་གཡས་བསྐོར་གྱིས་དང་པོར་ནོར་འཛིན་མའི་ས་བོན་བཾ་ཡིག་དང་། ལྷོ་ནུབ་ཏུ་ཙུནྡ་མའི་ས་བོན་ཙུཾ་དང་། ནུབ་བྱང་དུ་ཁྲོ་གཉེར་ཅན་མའི་ས་བོན་བྷྲིཾ་དང་། བྱང་ཤར་དུ་རྡོ་རྗེའི་ཕྲེང་བ་མའི་ས་བོན་མཾ་རྣམས་འགོད་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཤར་ཕྱོགས་སུ་ནི་སྒྲོལ་མ་སྟེ། །དེ་བཞིན་བྱང་དུ་གོས་དཀར་མོའོ། །ནུབ་ཏུ་བདག་མོའི་མིང་ཅན་ཏེ། །ལྷོ་རུ་སངས་རྒྱས་སྤྱན་ཞེས་བྱ། །མདོག་མཛེས་སྦྲང་རྩི་ཡིད་འོང་མ། །དེ་བཞིན་རིན་ཆེན་འཁྱིལ་མའོ། །ཞེས་སོགས་ཀྱིས་གསུངས་པའི་ཕྱིར།དེ་ཡང་ལྷ་མོ་བརྒྱད་ཀྱི་སྐུ་འགོད་རུང་བར་གསུངས་ལ་དེ་དག་གི་ཕྱག་མཚན་བཀོད་པ་ཡང་མཐོང་ངོ། དཔའ་བོའི་དྲིལ་བུ་ཡིན་རྒྱུར་བྱས་པ་འཇམ་དྲིལ་ཁོག་པའི་སྟོད་དང་ཁ་གཡེར་གྱི་སྟེང་དུ་རི་མོ་ཟླུམ་པོས་བསྐོར་བ་ལས་པད་འདབ་བརྒྱད་དང་རྡོར་ཕྲེང་དང་དྲ་བ་དྲ་ཕྱེད་སོགས་ཅི་ཡང་མེད་པ་ཞིག་ཀྱང་ཡོད་མོད་དེ་རྒྱུད་དང་མཐུན་མིན་དང་རིགས་སོ་སོའི་དྲིལ་དབྱིབས་ནི་འོག་ཏུ་འཆད་དོ། །དབྱུག་གུ་ཞེས་པ་བོད་ཀྱིས་དྲིལ་ལྕེར་འབོད་པ་དེ་ནི་རྡུང་བྱེད་ཡིན་ལ་དེ་ཡང་སྣེ་ཅུང་ཟད་འབུར་བའི་རྩེ་ཟླུམ་ཞིག་དགོས་ལ་དྲིལ་ཁོག་གི་ནང་དུ་དེ་འདོགས་ལུང་དང་དར་སྐུད་ཀྱི་འདོགས་ཐག་བཅས་དགོས། གཞན་ཁོག་ནང་དུ་ཨོཾ་ཨཱ་ཧཱུཾ་སོགས་སྔགས་ཡིག་དང་ཡ་ཕུབ་ཀྱི་ནང་དུ་ཆོས་འབྱུང་སྣོལ་མ་བྲིས་པ་ཡོད་མོད་རྒྱུད་དུ་ཁུངས་ཡོད་མེད་ཆ་མ་འཚལ་ལོ།། ཞེས་སྔགས་ཆས་རྣམ་བཤད་ལས་བཏུས།
གསུམ་པ་དྲིལ་བུའི་ཚད་ལ་མཁས་གྲུབ་རྗེའི་ལུགས་འགོད་པ་དང་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་ལུགས་འགོད་པ་གཉིས། དང་པོ་ལ། རྣལ་འབྱོར་རོལ་བའི་དགའ་སྟོན་ལས། དེ་ཡང་ཆ་གསུམ་པར་བྱས་འདི་ནི། མཁའ་འགྲོ་རྒྱ་མཚོ་ལས་ཀྱང་། དྲིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱས། །ཞེས་བཤད་ལ། མན་སྙེར། དྲིལ་བུ་རྣམས་ཐམས་ཅད་ནི་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཚད་དོ། །དེ་རྣམས་ཀྱི་ཆ་གསུམ་པ་ནི། ཁ་ནས་བཟུངས་སྟེ་འཁར་བ་དག་པའི་རང་བཞིན་དུ་བྱའོ། །དེའི་སྟེང་གི་ཆ་གཉིས་ནི་གསེར་ལ་སོགས་པ་བྱུང་བའོ། །ཞེས་གསུངས་སོ། །དེ་ཡང་ཕྲེང་བར། དྲིལ་བུ་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཚད་དོ། །ཞེས་གསུངས་པས། རྡོ་རྗེ་སོར་བཅུ་གཉིས་པའི་དྲིལ་བུ་ཡང་སོར་བཅུ་གཉིས་པ་ལ་སོགས་པ་བྱ་བའི་དོན་ནོ། །དེ་ལ་ཆ་གསུམ་མཉམ་པའི་དོན་ནི། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོའི་མ་བཤད་ཅིང་།མན་སྙེ་དང་ཕྲེང་བའི་དགོངས་པར་བྱས་ནས། བླ་མ་དག་ཁོག་པ་ཆ་གཅིག སྟེང་གི་དབྱུག་པ་ཆ་གཉིས་སུ་བཞེད་དོ། །ཁོ་བོ་ནི་དྲིལ་བུ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་གནས་གསུམ་དུ་བཤད་པ་འོག་ནས་འཆད་པ་ལྟར་གསུངས་པས། གནས་གསུམ་པོ་དེ་ཉིད་ཆ་མཉམ་པར་བྱ་བ་ལ་དགོངས་པ་བརྟག་པར་བྱའོ་སྙམ་དུ་སེམས་སོ། །དེ་ལྟར་བྱས་ན་བཟང་པོ་ཡོངས་གཟུང་ལས། །དྲིལ་བུ་ཀུན་ཏུ་ཆ་དྲུག་ལ། །དེ་ཡི་ཆ་བཞི་འཁར་བ་ཡི། །རང་བཞིན་མ་འདྲེས་པ་ལས་བྱ། །གཞན་ནི་གཞན་ལས་བརྟག་པར་བྱ། །ཞེས་དྲིལ་བུའི་ལུས་ཚད་ཆ་དྲུག་ཏུ་བྱས་པའི་ཆ་བཞི་འཁར་བའི་རང་བཞིན་ཁོག་པ་དང་། ཡང་དེ་ཉིད་དུ། སྟེང་གི་ཆ་གཅིག་ལ། ཕྲེང་བ་གསུམ་ནས་དེའི་སྟེང་དུ། །བུམ་པ་གསེར་རམ་ཟངས་མའམ། །དངུལ་ལམ་ར་གན་ལས་བྱས་པའོ། །དེ་ཡི་སྟེང་དུ་དེ་ཚད་ཙམ། །ཤར་བལྟས་ཤེས་རབ་གདོང་བ་བྱ། །ཞེས་སྟེང་གི་ཆ་གཉིས་ཀྱི་ཆ་འོག་མ་ཤེས་རབ་ཀྱི་ཞལ་བུམ་པ་གདན་བཅས་ལ་བཤད་ཅིང་། སྟེང་གི་རྡོ་རྗེ་ཕྱེད་པ་དང་པདྨ་དང་བཅས་པ་ཆ་གཅིག་ཏུ་མཛད་པ་དང་ཆས་ཤིན་ཏུ་འགྲིག་པར་འགྱུར་ཏེ། སྟེང་གི་དབྱུག་པ་ནི་གཟུགས་མེད་སྲིད་པའི་གནས་དང་། ཁོག་པའི་ཕྱིའི་ལྷ་མོ་བརྒྱད་ཀྱི་མཚན་མ་འགོད་པའི་གནས་ནི་གཟུགས་ཁམས་དང་། དེའི་འོག་གི་ཆ་ནང་གི་དབྱུག་གུ་ནམ་མཁའ་དང་བཅས་པ་དག་འདོད་ཁམས་སུ་གསུངས་ལ། ལྷ་མོ་བརྒྱད་ཀྱི་མཚན་མ་ནི་སྟེང་གི་པདྨ་ལ་ས་བོན་འགོད་ཅིང་། ལོགས་ཀྱི་དྲ་བ་བརྒྱད་ཀྱི་ནང་དུ་ཕྱག་མཚན་འགོད་པར་གསུངས་པས། ཁོག་པའི་སྟེང་ནས་དྲ་བ་དྲ་ཕྱེད་ཀྱི་སྣེ་མོ་ཡན་ཆ་གཉིས་དང་། དེའི་འོག་ཆ་གཉིས་སུ་བྱས་ན་ཁོག་པ་ཆ་བཞིར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱས་ན་ཆ་དྲུག་གི་ཆ་གཉིས་ཚན་རེ་ཆ་རེར་བསྡོམས་པ་ན་ཆ་གསུམ་མཉམ་པོར་འགྱུར་བས་རྒྱུ་དེ་དག་དང་། བཟང་པོ་ཡོངས་གཟུང་གི་དགོངས་པ་གཅིག་ཏུ་འགྲིག་ཅིང་། དྲིལ་བུའི་ལུས་ཚད་ཀྱང་ལེགས་པར་གནས་པ་དང་འཚམ་པར་འགྱུར་རོ། །དྲིལ་བུའི་ཁའི་རྒྱ་ཚད་ནི། བཟང་པོ་ཡོངས་གཟུང་ལས། དྲིལ་བུ་དེ་ཡི་ནང་གི་མཁའ། ། ཞེང་དང་མཆུ་རུ་མཉམ་པ་ཡིན། །ཞེས་གསུངས་ལ། མན་སྙེར་ཡང་། དེའི་འཁར་བའི་དབུས་ཀྱི་ནམ་མཁའ་རྒྱ་དང་མཆུར་མཉམ་པའོ། །ཞེས་གསུངས་པ་དྲིལ་བུའི་ཁོག་པའི་དཔངས་རིང་ཐུང་གཉིས་ཀའི་ཕྱོགས་ལ་ཁའི་རྒྱ་ཚད་དང་ཁོག་པའི་དཔངས་ཚད་མཉམ་པར་བཞེད་དེ། དེ་ཡང་དྲིལ་བུའི་མཆུ་ཅུང་ཟད་ནང་དུ་ཞུམ་པ་དེ་ལས་གོང་གི་རྒྱ་ཆེ་སའི་ཚད་དང་མཉམ་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་སྔགས་ཆས་རྣམ་བཤད་ལས། དྲིལ་བུའི་ཚད་ནི། ཆེ་ཆུང་གི་ཚད་ལ་སོར་བརྒྱད་དང་། བཅུ་དྲུག་དང་།ཉི་ཤུ་ཅན་བྱ་བ་ལས་སོར་དེ་དག་ལས་ལྷག་པར་མི་བྱ་བར་གསུངས་པ་དང་། འདབ་ཁའི་ཞེང་སོར་མོ་ལྔ་ལས་ལྷག་པར་མི་བྱ་བར་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་ལས། སོར་བརྒྱད་དམ་ནི་བཅུ་དྲུག་གམ། །ཉི་ཤུ་ལས་ནི་ལྷག་མི་བྱ། །ཇི་ལྟར་ནུས་ཤིང་རྗེས་མཐུན་པར། ། བསྒྲུབ་པའི་དབང་པོས་དེ་དག་བྱ། །ཁ་ཡང་ཆོ་གའི་རིམ་པ་ཡིས། །སོར་མོ་ལྔ་ལས་གཞན་པ་སྤང་། །ལྷ་མོ་འདི་ནི་དྲིལ་བུ་ཡི། །སྒྲུབ་ཐབས་རྒྱ་ཆེར་བསྟན་པ་སྟེ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ངེས་པ་མེད་པར་སོར་མོ་བཅུ་གཉིས་པ་དང་། བཅོ་བརྒྱད་པ་དང་། ཉེར་གཉིས་ཅན་ཡང་ཡོད་པར་གསུངས། ཁའི་རྒྱ་ཚད་ཡང་ནང་དུ་ཞུམ་པའི་མུ་ནས་མིན་པར་ཁ་ནང་དུ་ཞུམ་མཚམས་ནས་ཚད་གཞལ་དགོས་པར་གསུངས་ཤིང་ཁོག་པའི་སྲིད་ཚད་དང་ཁའི་རྒྱ་ཚད་མཉམ་དགོས་པར་གསུངས་སོ། །དྲིལ་བུའི་ཆེ་ཆུང་གི་ཚད་ནི་དྲིལ་བུའི་ཁོག་པའམ་ཟོ་བ་ཆ་གཅིག་དང་། བུམ་གདན་བུམ་པ་ཞལ་དང་བཅས་ཆ་གཅིག་དང་། པད་ཟླ་རྡོར་ཕྱེད་བཅས་ཆ་གཅིག་ཏུ་བྱས་ཏེ་ཆ་གསུམ་དུ་བགོ། དེ་ཡང་དྲིལ་བུའི་སྤྱི་ཚད་ལ་ཆ་དྲུག་བྱས་ཏེ་ཆ་གཉིས་ཁོག་པའམ་ཟོ་བ་དང་། ཆ་གཉིས་བུམ་གདན་ནས་ཤེས་རབ་ཀྱི་ཞལ་དང་། ཆ་གཉིས་པད་ཟླ་རྡོར་ཕྱེད་ལ་བྱེད་པ་ལེགས་པར་གསུངས་ཏེ། རྒྱུད་ལུང་དཔང་བཞག་ལས། །ཞེས་པས་ཆ་བཞི་ཁོག་པ་དང་། །སྟེང་ཆ་འོག་ཆ་ཤེས་རབ་ཞལ། །བུམ་པ་གདན་དང་བཅས་པ་ཡིན། །དེ་སྟེང་པདྨ་རྡོར་ཕྱེད་བཅས། །ཆ་གཅིག་བྱས་པ་ཤིན་ཏུ་ལེགས། ། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཁོག་པ་ལ་ཆ་གཉིས་བགོས་ཚེ་དྲ་བ་དྲ་ཕྱེད་ཀྱི་སྣེ་ཡན་ཆ་གཅིག་དང་། དེ་མན་ནས་ཁ་བར་ཆ་གཅིག་བྱ་བར་གསུངས་ལ་ཁོག་པའི་སྟེང་གི་རྩེ་བུམ་གཞུག་ཡུལ་དེ་ཁོག་པ་ལ་མི་བརྩི་བ་འདྲའོ། །དྲིལ་བུ་ལ་ཆ་དྲུག་བགོས་ཏེ་ཁོག་པ་བུམ་ཞལ་རྩེ་མོ་གསུམ་པོ་རེ་རེ་ལ་ཆ་གཉིས་རེ་བྱས་ན་ཆ་གསུམ་པོ་ཆ་མཉམ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །
བཞི་བ་དྲིལ་བུའི་དབྱེ་བ་ལ་རྩེའི་རྣམ་གྲངས་ཀྱི་དབྱེ་བ་དང་རིགས་ཀྱི་དབྱེ་བ། དམ་ཡེའི་དབྱེ་བ། ཞི་དྲག་གི་དབྱེ་བ་དང་བཞི་ཡོད།
དང་པོ་རྩེའི་རྣམ་གྲངས་ཀྱི་དབྱེ་བ་ལ་རྡོ་རྗེའི་དབྱེ་བ་དང་མཚུངས་པར་རྩེ་གཅིག་པ་དང་གསུམ་པ། ལྔ་བ། དགུ་པ། བཅུ་པ། ཉི་ཤུ་བ། རྩེ་སྟོང་ཅན་དང་སྣ་ཚོགས་རྡོ་རྗེ་རྩེ་ཅན་སོགས་མང་ངོ་། །
གཉིས་པ་རིགས་ཀྱི་དབྱེ་བ་ལ། རྣལ་འབྱོར་རོལ་བའི་དགའ་སྟོན་ལས། འདི་ལྟར་དྲིལ་བུ་ནི་རིགས་རྣམ་པ་གསུམ་སྟེ། རྡོ་རྗེ་སེམས་དཔའམ་ཡེ་ཤེས་ཀྱི་དྲིལ་བུ་དང་། དཔའ་བོའི་དྲིལ་བུ་དང་། རིགས་སོ་སོའི་དེ་བཞིན་གཤེགས་པའི་དྲིལ་བུའོ། །ཞེས་གསུངས་པ་དང་རྒྱུད་མངོན་བརྗོད་བླ་མ་ལས། རྡོ་རྗེ་དྲིལ་བུ་དཀུར་བསྟེན་ཅིང་། ། ཞལ་གྱི་མཆུ་ནི་རྣམ་པར་སྒྱུར། །འཁོར་ལོ་དྲིལ་བུ་འགྱིང་དང་བཅས། །རིན་ཆེན་དྲིལ་བུའང་དེ་བཞིན་ཏེ། །པདྨ་དྲིལ་བུའི་རིམ་པ་དང་། །དྲིལ་བུ་སྣ་ཚོགས་རྡོ་རྗེ་ཉིད། །ཅེས་དྲིལ་བུ་ལ་རིགས་ཀྱི་དབྱེ་ན། དེ་བཞིན་གཤེགས་པའི་རིགས་ཀྱི་དྲིལ་བུ་དང་རྡོ་རྗེའི་རིགས་ཀྱི་དྲིལ་བུ། རིན་ཆེན་རིགས་ཀྱི་དྲིལ་བུ། པདྨའི་རིགས་ཀྱི་དྲིལ་བུ་དང་ལས་ཀྱི་རིགས་ཀྱི་དྲིལ་བུ་སྟེ་རིགས་ལྔའི་དྲིལ་བུ་སྟེང་དུ་དཔའ་བོའི་དྲིལ་བུ་བསྣན་ནས་དྲུག་འཆད་པ་ལས། དང་པོ་དེ་བཞིན་གཤེགས་པའི་རིགས་ཀྱི་དྲིལ་བུ་ནི་སྔགས་ཆས་ཀྱི་རྣམ་བཤད་ལས་དྲིལ་ཁོག་གི་སྟེང་དུ་བུམ་པ་དང་རྣམ་སྣང་གི་ཞལ་ཅན། དྲ་བ་དང་དྲ་ཕྱེད་ཀྱི་ནང་དུ་རྡོ་རྗེ་དང་། རིན་ཆེན། པདྨ། རལ་གྲི་སོགས་ཀྱིས་བརྒྱན་པ། རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པའི་རྩེ་ལྔ་པ། སྟོད་དང་ཁ་གཡེར་གྱི་སྐ་རགས་ཉིས་རིམ་གྱི་དབུས་སུ་འཁོར་ལོའི་ཕྲེང་བས་བསྐོར་བ་ཞིག་ཡིན་ཏེ། ཞེས་དང་། གཉིས་པ་ལ་དེ་ཉིད་ལས། རྡོ་རྗེའི་རིགས་ཀྱི་དྲིལ་བུ་ནི་སྟོད་དང་འདབ་གཡེར་གྱི་ཕྲེང་བ་ཉིས་རིམ་གྱི་དབུས་སུ་རྡོ་རྗེ་ཕྲེང་བས་བསྐོར་བ། བུམ་པའི་སྟེང་གི་ཁ་ཁྱེར་གྲུ་བཞི་པ་བ་གླང་གི་གདོང་འདྲ་བ་ཅན་ཞིག་དགོས་པ་ཡིན་པར་གསུངས། གསུམ་པ་རིན་ཆེན་རིགས་ཀྱི་དྲིལ་བུ་ནི། དེ་ཉིད་ལས། སྟོད་འདབ་ཀྱི་ཕྲེང་བར་རིན་པོ་ཆེའི་ཕྲེང་བའི་སྐ་རགས་ཀྱིས་བསྐོར་བ་ཞིག་དགོས་པར་གསུངས། བཞི་པ་པདྨའི་རིགས་ཀྱི་དྲིལ་བུ་ནི། དེ་ཉིད་ལས། སྟོད་འདབ་ཀྱི་སྐ་རགས་ཉིས་རིམ་གྱི་བར་དུ་པདྨའི་ཕྲེང་བ་ཟླུམ་པོར་འཁོར་བ་ཞིག་ཡིན་པར་གསུངས། ལྔ་པ་ལས་ཀྱི་རིགས་དྲིལ་བུ་ནི། དེ་ཉིད་ལས། སྟོད་འདབ་ཀྱི་སྐ་རགས་ཉིས་རིམ་གྱི་དབུས་སུ་རལ་གྲིའི་ཕྲེང་བས་བསྐོར་བ་ཞིག་ལགས་ཏེ། རྡོ་རྗེ་མཁའ་འགྲོ་ལས། དོན་ཡོད་གྲུབ་པ་ཞེས་བྱ་ལ། །སྐ་རགས་གཉིས་དབུས་རལ་གྲིས་བརྒྱན། །ཅེས་གསུངས་པའི་ཕྱིར་རོ། དེ་ཐམས་ཅད་ལ་ཤེས་རབ་ཀྱི་ཞལ་དང་སྔར་གྱི་མཚན་ཉིད་ཐམས་ཅད་ཚང་ཞིང་རྩེ་ལྔ་པ་ཁོ་ནར་ངེས་ཏེ། དེ་ཉིད་ལས། ཀུན་ལ་ཤེས་རབ་གདོང་ལྡན་པས། །དཔའ་བོ་ཀུན་གྱིས་རྒྱལ་བར་འགྱུར། །ཞེས་དང་། རྒྱུད་ལུང་དཔང་བཞག་ལས། མཚན་ཉིད་གཞན་རྣམས་སྔར་བཞིན་དང་། །རྩ་ལྔ་ཁོ་ནར་ངེས་བཟུང་དགོས། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་དཔའ་བོའི་དྲིལ་བུ་ནི་སྔགས་ཆས་ཀྱི་རྣམ་བཤད་ལས། རྡོ་རྗེའི་ཕྲེང་བའི་སྐ་རགས་གཉིས་གཉིས་དང་ལྡན་ཞིང་སྟེང་གི་བུམ་པ་དང་ཤེས་རབ་ཀྱི་ཞལ་དང་ལྡན་པ། རྩེ་ལྔ་དང་རྩེ་དགུ་པ། དྲ་བ་དྲ་ཕྱེད་མེད་པ་མ་གཏོགས་སྔར་བཤད་དྲིལ་བུའི་མཚན་ཉིད་ཐམས་ཅད་ཚང་བ། ཚད་ལ་དཔངས་སོར་དགུ་དང་ཁའི་ཞེང་ལ་སོར་ལྔ་པ་ཅན་གཉིས་ལས་ཚད་ལྷག་པོ་མེད་པ་ཞིག་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། དེ་ནས་དཔའ་བོའི་དྲིལ་བུ་སྟེ། །རྡོ་རྗེ་ཕྲེང་བའི་སྐ་རགས་ལྡན། །དེ་བཞིན་དུ་ནི་ཤེས་རབ་དང་། །བདུད་རྩི་ཡི་ནི་བུམ་པར་ལྡན། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །དྲ་བ་དྲ་ཕྱེད་སྤང་བར་བྱ། །སོར་དགུ་རུ་ནི་ཡངས་པ་སྟེ། །ཁ་ནི་སོར་ལྔའི་ཚད་དུ་བྱ། །དེ་ལས་ཅུང་ཟད་ལྷག་བྱ་མིན། །རྩེ་ལྔ་པའམ་རྩེ་དགུ་པ། །ཞེས་གསུངས་པའི་ཕྱིར། དེས་ན་དཔའ་བོའི་དྲིལ་བུ་ནི་རྡོར་ཕྲེང་དང་མུ་ཏིག་གི་སྐ་རགས་རྣམས་ཡོད་པས་དྲིལ་འཇམ་ཁོ་ན་མིན་པ་ཤེས་པར་འཇིགས་མེད་འཕྲིན་ལས་འོད་ཟེར་གསུངས་པ་དོན་ལ་གནས་སྙམ། རྒྱུད་ལས་དྲ་བ་དྲ་ཕྱེད་མེད་པར་གསུངས་པ་ལས་སྟེང་གི་པད་འདབ་དང་ལྷ་མོ་བརྒྱད་ཀྱི་ས་བོན་སོགས་མེད་པའི་གསལ་ཁ་མ་གསུང་མོད། དཔྱད་ན་མེད་པ་འཐད་དམ་སྙམ་ལ་མཁས་གྲུབ་རྗེས་མེད་པར་ཡང་གསུངས་པས་དཔྱད་པར་བྱའོ། །གོང་སྨོས་ལྟར་དེང་སང་རྒྱ་འོ་མའི་དུང་མཚོར་གྲགས་པའི་རྡོར་ཕྲེང་མེད་པའི་འཇམ་དྲིལ་རྐྱང་བ་ཡིན་པ་ཞིག་ཡོད་པ་དེ་འདིར་བསྟན་དཔའ་བོའི་དྲིལ་བུ་དང་མི་མཐུན་ཅིང་ཁོ་བོས་མཐོང་པའི་གསར་རྙིང་གི་རྒྱུད་དག་ལས་ནི་འདི་འདྲ་དགོས་པར་བཤད་པ་མ་མཐོང་མོད།ཞིབ་ཏུ་དཔྱད་ན་འདབ་གཡེར་སྟེང་དུ་རི་མོ་ཟླུམ་པོ་ཟོ་དཀྲིས་འདྲ་བ་སྟེང་འོག་གཉིས་དང་ཕོ་བྲང་གི་སྟོད་དུ་ཡང་དེ་ལྟར་ཡོད་པ་དེ་མུ་ཏིག་གི་ཕྲེང་བ་ཡིན་པ་འདྲ་བས་བར་དེར་རྡོར་ཕྲེང་ཡོད་པས་དབང་དུ་བྱས་ཏེ་དཔའ་བོའི་དྲིལ་བུ་ཡིན་རྒྱུར་བྱས་པ་འདྲ་ནའང་རྡོར་ཕྲེང་དངོས་སུ་དགོས་པ་ལ་དེ་མ་བཀོད་པ་ལ་རྒྱུ་མཚན་ཅི་ཡིན་ཆ་མི་འཚལ། དཔའ་བོའི་དྲིལ་བུའི་མཚན་ཉིད་ཇི་བཞིན་མི་ཚང་པས་རྣམ་དག་ཡིན་མིན་དང་ཁུངས་གང་ཡིན་བློ་ལྡན་རྣམས་ཀྱིས་བཙལ་བར་བྱའོ། །ཞེས་གསུངས། དཔའ་བོའི་དྲིལ་བུ་ལ། རྣལ་འབྱོར་རོལ་བའི་དགའ་སྟོན་ལས་དེ་ཡང་སྲིད་དུ་སོར་དགུ་ཁ་སོར་ལྔ་པ། ལྷ་མོའི་ས་བོན་དང་མཚན་མ་འགོད་པའི་གནས་པདྨ་དང་། དྲ་བ་དྲ་ཕྱེད་སྤངས་པས་དཔའ་བོའི་དྲིལ་བུ་ཞེས་བརྗོད་པ་སྟེ། འདི་ལའང་རྡོ་རྗེའི་ཕྲེང་བའི་སྐ་རགས་བྱ་བར་བཤད་པས། ཁོག་པའི་ཕྱི་ལ་རྡོ་རྗེའི་ཕྲེང་བ་ཙམ་ཡང་མེད་པའི་བྱིལ་མོ་བྱེད་པ་དེའི་དོན་མ་ཡིན་ལ། རྡོ་རྗེའི་ཕྲེང་བ་གཅིག་ཅེས་པའི་དམིགས་བསལ་མ་བྱུང་བས། གཉིས་ཀ་དགོས་སམ་སྙམ་མོ། །མཚན་ཉིད་གཞན་ཐམས་ཅད་ནི་སྔར་དང་འདྲའོ། །ཞེས་གསུངས་པའི་ཕྱིར།
གསུམ་པ། དམ་ཚིག་པ་དང་ཡེ་ཤེས་པའི་དྲིལ་བུ་འཆད་པ་ལ། དང་པོ་དམ་ཚིག་པའི་དྲིལ་བུ་མཚན་ཉིད་ཕལ་ཆེར་དྲིལ་བུ་གཞན་དང་མཚུངས་ཞིང་། ཁྱད་པར་ནི་གཙོ་ཆེ་བ་རྩེ་ལྔ་བ་ཅན་དགོས་བར་གསུངས། གཉིས་ པ། ཡེ་ཤེས་ཀྱི་དྲིལ་བུ་ནི་སྔར་བཞིན་ཕལ་ཆེ་བ་མཚུངས་ཞིང་། ཁྱད་པར་ནི་གཙོ་ཆེ་བ་རྩེ་དགུ་པ་དང་། སོར་བཅུ་གཉིས་ཀྱི་ཚད་ཅན། རྡོ་རྗེ་ཕྲེང་བའི་སྐ་རགས་ཀྱིས་བསྐོར་བ། ཤར་དུ་པད་མ་དཀར་པོ་དང་། ལྷོར་པདྨ་སྔོ་དམར། ནུབ་ཏུ་པདྨ་དམར་པོ། བྱང་དུ་ཨུཏྤལ་གྱི་རི་མོ་བྲིས་པ། བདུད་རྩིས་གང་བའི་བུམ་སྟེང་གི་ཞལ་དེ་ལྷ་མོའི་ཞལ་དང་། དྲིལ་ལྕེ་ཟུར་བརྒྱད་པ་ཞིག་ཡིན་པར་རྡོ་རྗེ་མཁའ་འགྲོ་ལས་གསུངས།
བཞི་བ་ཞི་བ་དང་དྲག་པོའི་དྲིལ་བུའི་ཁྱད་པར་ནི་གོང་གི་དྲིལ་བུ་དེ་དག་ཐམས་ཅད་ལ་ཞི་བ་དང་དྲག་པོའི་དྲིལ་བུ་གཉིས་སུ་དབྱེ་བས། རྭ་གྱེས་པ་དང་མ་གྱེས་པའི་རྩེ་མོ་ཅན་གཉིས་གཉིས་སུ་ཤེས་པར་བྱ་ལ། དེ་དག་ཐམས་ཅད་ལའང་ནང་གི་དབྱུག་གུ་ནི། དྲིལ་བུའི་དབུས་སུ་ཟུར་བརྒྱད་པའི་ཡེ་ཤེས་ཀྱི་དབྱུག་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱེད་པའོ། །ཟུར་བརྒྱད་པའི་རྣམ་པ་རྩེ་མོ་ནི་ཟུར་བརྒྱད་ཀྱི་དབུས་ནས་ཅུང་ཟད་མཐོ་བར་བྱས་པའི་ཟླུམ་པོ་སྟེ། རྒྱུ་ལྕགས་དག་པ་ལས་བྱ་བར་བཤད་ཅིང་རིང་ཐུང་སྦོམ་ཕྲའི་ཚད་མ་བཤད་ལ། མན་སྙེ་དང་ཕྲེང་བར། འདིར་དྲིལ་བུ་འགའ་ཞིག་དཔལ་རྒྱལ་མ་ཅུང་ཟད་ཟླུམ་པའི་ཆུ་སྐྱེས་ཀྱི་ཁ་ཅན་ནོ། །ཁ་ཅིག་པདྨའི་འོ། །ཁ་ཅིག་བ་ལང་གི་ཁ་ཅན་ནོ། །ཞེས་ཁ་ཕྱིར་ཅུང་ཟད་རྒྱས་པ་པདྨའི་ཁ་ཅན་ནོ། །ཁ་ཟླུམ་ཞིང་ཅུང་ཟད་སྦུག་བ་ལ་བ་ལང་གི་ཁའི་རྣམ་པ་དང་། ཆུ་སྐྱེས་ཁ་འབུས་པའི་རྣམ་པ་ཅན་ཅུང་ཟད་ཟུམ་པའི་ཁའི་རྣམ་པ་ཅན་གསུམ་བཤད་ཀྱང་། ཞི་དྲག་གི་རིགས་འདི་ལ་འདི་བྱ་བའི་དབྱེ་བ་ཕྱོགས་འདི་དག་ལས་མ་བཤད་དོ། དེང་སང་བོད་འདིར་དྲིལ་བུ་ལ་རྒྱ་ཆུ་ཐིག་མ་དང་། ཧོར་དྲ་སྟོང་མ། རྒྱ་འོ་མའི་དུང་མཚོ། རྒྱ་ཕུབ་འཁོར་ལོ་མ། རྒྱ་ལོ་རོ། ཉ་ཆུང་། ཚ་ཉག་ཅེས་རིགས་མང་པོ་ཞིག་ཕྱེ་བ་དེ་ནི་འབྱུང་ཁུངས་ཀྱི་ཡུལ་གྱི་མིང་བཏགས་པ་དཔེར་ན། དབུས་ཀྱི་གྲ་ནང་དུ་བལ་བོའི་མགར་བ་ཞིག་བྱུང་སྟེ་མགར་བའི་སྦུག་ཆལ་ཐོ་རྗེས་ཅན་ལ་གྲ་སེན་རྗེས་མ་ཞེས་འབོད་པ་ལྟ་བུ་ལས་རྒྱུད་ལས་མིང་དང་དབྱེ་བ་དེ་ལྟ་བུ་མ་བྱུང་བར་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་གསུངས།
ལྔ་བ་དྲིལ་བུའི་མཚོན་དོན་ནི། དྲིལ་བུའི་ནང་གི་ཁོང་སྟོང་འདོད་ཁམས་དང་། ཡ་ཁེབས་སྟེང་གི་པད་འདབ་གཟུགས་ཁམས་དང་། བུམ་ཞལ་གཟུགས་མེད་ཁམས་ཏེ་ཁམས་གསུམ་མཚོན་ཞིང་། དྲིལ་བུའི་སྒྲ་སྒྲོགས་ཚེ་ཟབ་མོ་སྟོང་བ་ཉིད་ཀྱི་ཆོས་སྒྲས་ཁམས་གསུམ་བདེན་མེད་དུ་སྟོན་ཀྱང་དེ་ལྟར་ཁམས་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་སྲིད་གསུམ་གྱི་སྡུག་བསྔལ་དྲུང་ནས་འབྱིན་པ་མཚོན་པ་དང་། བདུད་རྩིས་བཀང་བའི་བུམ་པས་འཁོར་འདས་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཀྱིས་ཁམས་གསུམ་ཆོས་སྐུའི་ས་ལ་འགོད་པ་མཚོན་པ་དང་། གཞི་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚོན་བྱེད་དང་། དྲིལ་ཁོག་ཤེས་རབ་ཡུམ་དང་དྲིལ་སྐད་དེ་བདེ་སྟོང་རྡོ་རྗེའི་གླུ་དང་། དྲིལ་ལྕེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཐར་ཐུག་པ་མི་གནས་པའི་མྱ་ངན་ལས་འདས་པའི་དོན་སོགས་མཚོན་པ་ཡིན། རྡོ་རྗེ་མཁའ་འགྲོ་ལས། ནམ་མཁའ་ཕྱོགས་ཀྱི་དབུས་སུ་ནི། །གཟུགས་རྫོགས་བསྐོར་བས་ཡང་དག་གནས། །པདྨ་རྒྱས་པ་ལྟ་བུའི་དབྱིབས། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི། །ཡེ་ཤེས་བདུད་རྩི་བུམ་པ་འདྲ། །ཤེས་རབ་བདུད་རྩི་གནས་ཡིན་ཏེ། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་། པདྨ་ཟླ་བ་རྡོར་རྩེ་དང་བཅས་པའི་མཚོན་དོན་རྡོ་རྗེ་སྐབས་དང་མཚུངས་ལ། རྡོ་རྗེ་ལྟེ་བ་བདེ་བ་ཆེན་པོའི་ཡེ་ཤེས་མཐར་ཐུག་དང་། དེ་རྡོ་རྗེ་སེམས་དཔའི་རྣམ་པར་ཤར་བ་དང་། དེ་ལས་རིགས་ལྔའི་ཚོགས་རྣམ་པར་སྤྲོས་པ་ནི་པདྨ་དང་རྡོ་རྗེ་རྭ་ཡིས་མཚོན་པ་དང་། ཡ་ཁེབས་ཀྱི་པདྨ་དང་ས་བོན་ནི་ཤེས་རབ་སྟེ་སྟོང་ཉིད་མཐར་ཐུག་དང་། དེའི་ངོ་བོ་རྡོ་རྗེ་སྙེམས་མའི་སྐུ་དང་། དེ་ལས་གཤེགས་མ་སེམས་མ་ལྷ་མོའི་ཚོགས་རྣམ་པར་སྤྲོས་པ་མཚོན་བྱེད་དུ་གསུངས། ཡང་དྲིལ་བུའི་ནང་ཁོག་ཟབ་མོ་སྟོང་བ་ཉིད་དང་། སྒྲ་སྒྲོག་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའི་ཆོས་སྒྲ་སྒྲོག་པར་མཚོན་པ་དང་། སྒྱུ་འཕྲུལ་མེ་ལོང་ལས། ཐབས་དང་ཤེས་རབ་རྡོ་རྗེ་དྲིལ། །ཞེས་གསུངས་པ་ལྟར་སྤྱིར་རྡོ་རྗེ་ཐབས་དང་དྲིལ་བུ་ཤེས་རབ་དང་། དྲིལ་ལྕེ་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མེད་པའི་མཚོན་བྱེད་དང་། དྲིལ་ཁོག་གི་རྩེ་ལ་རྡོ་རྗེས་བརྒྱན་པ་ནི་སྒྲུབ་པོ་ཡབ་ཡུམ་དང་། སྒྲུབ་བྱའི་ལྷ་ཡབ་ཡུམ་ཕན་ཚུན་བདེ་སྟོང་གིས་རྒྱས་གདབ་པའི་དོན་དང་། རྡོ་རྗེ་ཡབ་རྡོ་རྗེ་སེམས་དཔའ་དང་དྲིལ་བུ་ཡུམ་རྡོ་རྗེ་སྙེམས་མའི་ངོ་བོར་གསུངས་པ་སོགས་མཚོན་བྱ་མཚོན་བྱེད་དང་རྣམ་དག་མཐའ་ཡས་པ་གསུངས་པ་རྣམས་རྒྱུད་དང་འགྲེལ་བ་དང་རྡོར་དྲིལ་གྱི་བཤད་པ་དག་ལས་ཤེས་པར་བྱའོ། །རྡོ་རྗེ་ཕུར་བའི་རྒྱུད་ལས་ནི་དྲིལ་བུ་ཁྲོ་མོའི་དཀྱིལ་འཁོར་དང་། ལྟེ་བ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། རྭ་ལྔ་རྒྱས་འདེབས་ཡུམ་ལྔ། རྩེ་དང་དྲིལ་ལྕེ་སྟེང་འོག་ཁྲོ་མོའི་ཚོགས། པད་འདབ་བརྒྱད་ཕྱོགས་མཚམས་ཁྲོ་མོ་བརྒྱད། དྲིལ་ལུང་བུ་ག་མཁའ་གསང་གི་དཀྱིལ་འཁོར། དྲིལ་སྒྲ་ཆོས་ཉིད་སྟོན་པའི་སྒྲ་ཡི་མཚོན་བྱེད་སོགས་སུ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་གསུངས།དྲིལ་བུའི་དག་པ་ཤེས་ནས་ཡིད་ལ་དྲན་ཏེ་འཁྲོལ་བ་མ་ཡིན་པར་དྲིལ་བུ་འཁྲོལ་བ་དག་ནི་གླང་པོ་ཆེའི་སྐེ་ལ་དྲིལ་བུ་བཏགས་པ་དང་ཁྱད་པར་མེད་པ་དང་། དངོས་གྲུབ་འགྲུབ་པ་ལས་རིང་བར་གསུངས།
དྲུག་པ་དྲིལ་བུའི་དགོས་པའམ་ཕན་ཡོན་ནི་རྡོ་རྗེ་ལག་ཏུ་འཆང་བས་རྣལ་འབྱོར་རྟོགས་པའི་ཡེ་ཤེས་འཕེལ་བར་བྱེད་པ་དང་། འགྲོ་བ་རྣམས་སྡུག་བསྔལ་ལས་སྒྲོལ་བར་བྱེད་པ། དེ་དག་གི་རྨོངས་བ་བཟློག་པར་བྱེད་པ། བགེགས་བསྐྲད་ཅིང་འཇོམས་པར་ནུས་ཤིང་དེ་དག་གི་གནོད་པ་ཐམས་ཅད་ཞི་བར་བྱེད་པ་ལ་སོགས་པའི་ཕན་ཡོན་རྒྱ་ཆེན་པོ་འབྱུང་བ་ཡིན་པར་རྡོ་རྗེ་གདན་བཞི། རྡོ་རྗེ་མཁའ་འགྲོ་སོགས་ལས་གསུངས་པར་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་གསུངས།
བདུན་པ་དྲིལ་བུ་དཀྲོལ་ཚུལ་ནི་རྡོར་དྲིལ་རྣམ་བཤད་ལས། རང་ཉིད་རྣམ་སྣང་སོགས་ཡི་དམ་གྱི་ལྷ་གང་འདོད་དུ་བསྒོམ་ཞིང་ལག་པ་གཡས་པ་ཉི་མ་དང་། གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་བསམ་ནས་ལག་པ་གཉིས་ཀ་བརྐྱང་ནས་རྣམ་ལྔ་འདོད་སྐོར་སྟེ་པད་སྐོར་དང་བཅས་ཏེ་ལག་གཡས་སུ་རྡོ་རྗེ་གྱེན་འགྲེང་དུ་གསོར་ཏེ་འཛིན་པ་དང་། ལག་པ་གཡོན་དུ་དྲིལ་བུ་བཟུང་ནས་སིལ་སིལ་དལ་བུར་འཁྲོལ་དགོས་པ་ཡིན་ཏེ། སམ་པུ་ཌ་ལས། དེ་ལ་ལག་གཉིས་རབ་ཏུ་བརྐྱང་། །རྣམ་ལྔ་འདོད་པའི་བསྐོར་བ་བྱ། །གཡས་པར་ཉི་མ་ཡང་དག་བསམ། ། གཡོན་པར་ཟླ་བསམ་གཡོན་པ་ཉིད། །ལུས་ཅན་རྣམས་ཀྱི་ཐབས་ཉིད་དེ། །རང་འདོད་ལྷར་ནི་བསམ་པར་བྱ། ། བྱང་དུ་རྡོ་རྗེ་གསོར་ནས་ནི། །ཞེས་གསུངས་པའི་ཕྱིར།དེ་བཞིན་དུ་དཀྲོལ་ཚུལ་སྤྱི་ལ་ལག་གཡས་ཀྱི་མཐེ་བོང་དང་གུང་མོ་སྲིན་ལག་གསུམ་གྱིས་རྡོ་རྗེ་སྙིང་གར་གསོར་ཞིང་གཡོན་པའི་དེ་གསུམ་གྱིས་དྲིལ་བུའི་ཞལ་གྱི་འདབ་ནས་བཟུང་སྟེ་སྟ་ཟུར་གཡོན་དུ་ཁ་ནང་གཏོད་ཅིང་དཀྲོལ་དགོས་པ་ཡིན། གཞན་ཡང་། ལག་གཉིས་སྙིང་གར་བསྣོལ་ཏེ་རྡོ་རྗེ་གཡོན་གསོར་དང་དྲིལ་བུ་གཡས་དཀྲོལ་བྱ་བ་སོགས་ཀྱང་ཡོད།
དྲིལ་བུ་དཀྲོལ་བའི་དུས་ནི་གསང་སྔགས་ཀྱི་སྒྲུབ་པ་ལས་ཚོགས་དང་བཅས་པའི་ཆོ་གའི་སྦྱོར་དངོས་ཀུན་ལ་འཛིན་ཅིང་དཀྲོལ་དགོས་པ་ཡིན།
དེ་ཡང་སྔགས་བཟླ་བའི་དུས་སུ་བཟླས་པས་ངལ་ཞིང་སུན་ན་རྡོར་དྲིལ་གྱི་དག་པ་དྲན་པའི་སྒོ་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ་རྡོ་རྗེའི་གླུ་སྣ་ཚོགས་ཀྱིས་དཀྱིལ་འཁོར་ལ་མཆོད་ཅིང་སྐྱོ་བ་བསལ་དགོས་པར་སྒྱུ་འཕྲུལ་དྲ་བ་ལས་གསུངས། དྲིལ་བུ་དཀྲོལ་ཚེ་ཨོཾ་བཛྲ་ངྷརྨ་ར་ཎི་ཏ་སོགས་རོལ་སྔགས་འདོན་པ་དང་། དྲིལ་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་པའི་དུས་མ་གཏོགས་དྲིལ་གསིལ་སོགས་ལ་དྲིལ་བུ་སུམ་བརྡུང་གི་ཚུལ་ཏེ་ཁ་གཡས་གཡོན་ཏུ་དྲིལ་ལྕེ་ལན་གསུམ་ཙམ་རྡེག་པ་ལས་མང་པོ་མི་རྡུང་ཞིང་དྲིལ་གསིལ་གསུམ་པོ་དེ་ཡང་རྣམ་ཐར་སྒོ་གསུམ་གྱི་དོན་སྟོན་པའི་སྒྲ་དག་པ་ཡིན་ཞིང་། དེ་དུས་དག་པ་དྲན་དགོས་པར་གསུངས་ཏེ། རྒྱུད་ལུང་དཔང་བཞག་ལས། དེ་ཡང་རྣམ་ཐར་སྒོ་གསུམ་གྱི། །སྒྲ་སྐད་སྒྲོག་པའི་འདུན་པ་ཡིས། །དྲིལ་བུ་སུམ་རྡུང་ཚུལ་གྱིས་དཀྲོལ། །ཞེས་གསུངས་པའི་ཕྱིར། ཞེས་དང་། མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། གདན་བཞིའི་འགྲེལ་པར་བྷྰ་ཝ་བྷ་དྲས། ཤར་ལ་སོགས་པའི་ཕྱོགས་བརྒྱད་དུ། །ལན་བརྒྱད་དུ་སྒྲ་བསྒྲག་པར་བྱའི། །དེ་ལས་ལྷག་པ་དང་ཆད་པ་ནི་མི་བྱའོ་ཞེས་དྲིལ་བུའི་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་པ་ལན་བརྒྱད་ལས་མང་བ་མི་རུང་བར་བཤད་ལ། དེ་ལས་མང་བ་བཤད་པ་གཞན་ལས་ཀྱང་མ་བཤད་པས། ད་ལྟ་དྲིལ་བུ་དཀྲོལ་བ་ཇི་སྲིད་མ་རྫོགས་ཀྱི་བར་དུ་དེ་ལྟར་བྱེད་པ་ནི་ལག་ལེན་མ་དག་པའོ། །དྲིལ་བུའི་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་པའི་དོན་དུ་དྲིལ་བུ་བསྐོར་ནས་དཀྲོལ་བ་ནི། པདྨའི་འདབ་མ་ལ་བཀོད་པའི་ས་བོན་གྱི་ཡི་གེ་གཡས་སྐོར་དུ་བཀོད་པ་ལ་གཡས་སྐོར་དང་། གཡོན་སྐོར་དུ་བཀོད་པ་ལ་གཡོན་སྐོར་དུ་བསྐོར་ནས་ལྕེ་བསྐྱོད་པར་བྱའོ། །དེ་ཡང་གདན་བཞིར། རྡོ་རྗེ་དྲིལ་བུ་ཐབས་ཉིད་དེ། །ཐབས་ཀྱི་རྡོ་རྗེ་དབུས་གནས་སོ། །ཞེས་པའི་འགྲེལ་བར་བྷ་ཝས། དེས་ནི་འདི་སྐད་དུ། གཏོར་མ་ལ་སོགས་པའི་དུས་སུ་རྡོ་རྗེ་མ་གཏོགས་པའི་དྲིལ་བུ་འབའ་ཞིག་གམ། དྲིལ་བུ་མ་གཏོགས་པའི་རྡོ་རྗེ་འབའ་ཞིག་གིས་མི་བསྒྲུབ་ཀྱི་ཟུང་དུ་སྦྱོར་བ་བསྒྲུབ་པར་བྱའོ་ཞེས་སྟོན་ནོ། །ཞེས་གསུངས་པ་ལྟར། ངེས་པར་ལག་ཏུ་འཛིན་པ་ཟུང་དུ་ཆུད་པར་བྱའི། རྡོ་རྗེ་མི་འཛིན་པར་ལག་པ་གཅིག་ཁོ་ནའི་དྲིལ་བུ་དཀྲོལ་བ་དང་། ལག་པ་གཉིས་ཀའི་དྲིལ་བུ་དཀྲོལ་བར་བྱེད་པ་ལ་སོགས་པ་ནི་དྲིལ་བུའི་དགོས་པ་སྒྲ་འབྱུང་བ་འབའ་ཞིག་ཏུ་འཛིན་པ་སྔགས་ཀྱི་བརྡ་ཆད་རགས་པ་ཙམ་ཡང་མ་ཆགས་པའི་རྣམ་འགྱུར་གསལ་བར་སྟོན་པའོ། །དེ་ལྟར་ན་ཇི་ལྟར་གཟུང་བའི་ཚུལ་བཤད་ཟིན་ཏེ། །ཞེས་གསུངས་པའི་ཕྱིར།