སློབ་མ།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2016-06-18 16:33ལ་འགྲུབ།

སློབ་མ།

སློབ་མ།
སློབ་མ་ནི་སྤྱིར་བཏང་དུ་སློབ་གྲྭ་དང་སློབ་སྦྱོང་གི་ཁོར་ཡུག་གཞན་དུ་སློབ་གསོ་མྱོང་མཁན་གྱི་མི་ལ་གོ་བ་ཡིན་ཞིང་། ཞིབ་འཇུག་ལས་ཁུངས་སམ་བྱ་བའི་ལས་ཁུངས་སུ་སློབ་སྦྱོང་གི་མི་ཡིས་ཀྱང་རང་གིས་རང་ལ་སློབ་མ་ཞེས་འབོད་པ་ཡིན་ལ། སྔོན་ཆད་སློབ་མའི་ངོ་བོ་དང་གཅིག་འདྲ་ཡིན་པ་ནི་དགེ་ཕྲུག་སོགས་མང་བོ་ཡོད་པ་ཡིན། སློབ་ནི་སློབ་སྦྱོང་དང་མ་ནི་བདག་སྒྲ་ཡིན་པས། རིམ་པ་མི་འདྲ་བར་བསྟུན་ནས་སློབ་སྔོན་སློབ་མ་དང་སློབ་ཆུང་སློབ་མ། སློབ་འབྲིང་སློབ་མ། སློབ་ཆེན་སློབ་མ་སོགས་ཡོད། གཞན་སློབ་ཆེན་སློབ་མ་ལ་ཡང་ཆེད་སྦྱོང་སློབ་མ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ། དངོས་གཞིའི་སློབ་མ། རབ་འབྱམས་ཞིབ་འཇུག་སློབ་མ། འབུམ་རམས་ཞིབ་འཇུག་སློབ་མ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学生
ཕྱི་ཡིག་གི་མིང་།
Student
ལས་འགན།
ཤེས་བྱ་དང་ལག་རྩལ་སློབ་སྦྱོང་བྱས་ཏེ་བརྒྱུད་སྤེལ་བྱེད་པ།
1 གོ་དོན།

སློབ་གྲྭ་རུ་སློབ་གསོ་མྱོང་མཁན་གྱི་མི་ལ་གོ་བ་ཡིན།

མི་གཞན་པའི་མཛུབ་སྟོན་དང་ལེན་བྱས་ནས། བརྒྱུད་སྒྲོག་དང་ལག་བསྟར་ལ་རམ་འདེགས་ཀྱི་མི་ལ་གོ་བ་ཡིན།

མི་གཞན་པའི་ཤེས་བྱ་ལ་སློབ་སྦྱོང་གི་མི་ལ་གོ་བ་ཡིན།

2 གོ་གནས།

གཅིག སློབ་གསོའི་བྱ་འགུལ་ཁྲོད་དུ། དགེ་རྒན་ནི་སློབ་གསོ་སྤེལ་བའི་གཙོ་ཁྲིད་པ་དང་སློབ་མ་ནི་སློབ་སྦྱོང་དང་ཡར་སྐྱེད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་སྟེ། སློབ་མ་ནི་སློབ་གསོ་མྱོང་མཁན་ཏེ་སློབ་གསོ་བྱ་ཡུལ་ཡིན་མོད། སློབ་མར་རང་འགུལ་གྱི་ནུས་པ་ཡོད་པས་སློབ་གསོའི་དམིགས་ཡུལ་ཐམས་ཅད་སློབ་མ་རང་གིས་ཧུར་བརྩོན་བྱས་ན་ད་གཟོད་འགྲུབ་པར་བཤད་པ་ནི་ལྟ་བ་གཙོ་བོ་ཡིན།

གཉིས། དགེ་སློབ་གཉིས་ཀ་སློབ་གསོའི་གྲུབ་ཆ་གཙོ་བོ་ཡིན་པའི་ལྟ་བ་སྟེ། དགེ་རྒན་དང་སློབ་མ་གཉིས་ཀ་མཉམ་འབྲེལ་གྱིས་སློབ་གསོའི་བརྒྱུད་རིམ་གྲུབ་པས། དགེ་སློབ་གཉིས་ཀ་སློབ་གསོའི་གྲུབ་ཆ་གཙོ་བོ་ཡིན་པར་བཤད།

གསུམ། དགེ་རྒན་ནི་གྲུབ་ཆ་གཙོ་བོ་དང་སློབ་མ་རྣམས་སློབ་གསོ་བྱ་ཡུལ་ཡིན་པར་འདོད་དེ། འདི་ནི་སྲོལ་རྒྱུན་གྱི་ལྟ་བ་ཡིན་མོད། དགེ་རྒན་གྱིས་སློབ་མའི་ཧུར་བརྩོན་དང་རང་འགུལ་རང་བཞིན་ལ་དོ་སྣང་ཆེན་པོ་བྱ་དགོས།

3 དམའ་འབྲིང་སློབ་མའི་ན་ཚོད་ཀྱི་ཁྱད་ཆོས།

ལུས་ཁམས་འཕེལ་རྒྱས་ཀྱི་ཁྱད་ཆོས། སློབ་མ་རྣམས་ཀྱིས་ལུས་ཁམས་ཐད་འགྱུར་བ་དྲག་པའི་སྐབས་ཡིན་ཏེ། གཙོ་བོ་སློབ་མ་རྣམས་ཀྱི་ལུས་ཁམས་འཚར་ལོངས་ཆེན་པོ་བྱུང་བ་དང་། གཟུགས་བྱད་དྲག་ཏུ་འགྱུར་བ། ལུས་ཀྱི་དབང་བོའི་ནུས་པ་ཆ་ཚང་འཕེལ་པ་དང་སྐྱེ་འཕེལ་དབང་བོ་རྒྱས་པའི་འགོ་བརྩམས་པ་སོགས་ཡོད།

སེམས་ཁམས་འཕེལ་རྒྱས་ཀྱི་ཁྱད་ཆོས། ལུས་ཁམས་འཚར་ལོངས་ཆེན་པོ་བྱུང་བ་དང་མཉམ་དུ་སེམས་ཁམས་ལ་ཡང་འགྱུར་ལྡོག་ཆེན་པོ་འབྱུང་ཞིང་། ཤེས་ཚོར་གྱི་ནུས་པ་དང་ལྟ་ཚོར་གྱི་ནུས་པ་དེ་སློབ་ཆུང་སློབ་མ་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་ཡོད་ལ། ཁོ་ཚོའི་བསམ་གཞིགས་དེ་དངོས་རྟོགས་རྗེས་དཔག་ནས་སྤྱི་མཚན་གྱི་བསམ་གཞིགས་ལ་འགྱུར།

4 དམའ་འབྲིང་སློབ་མའི་འཛིན་གྲྭའི་ཁྱད་ཆོས།

འཚོ་བར་གོམས་པའི་དུས། དམའ་འབྲིང་དང་པོར་ཞུགས་མ་ཁད་ཀྱི་སློབ་གྲོགས་རྣམས་སློབ་ཆུང་ནས་གློ་བུར་དུ་ཆ་མེད་རྒྱུས་མེད་ཀྱི་སློབ་འབྲིང་ལ་ཞུགས་པ་ཡིན་པས། ཁོ་ཚོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཆ་མེད་རྒྱུས་མེད་ཀྱི་མིའི་འབྲེལ་བའི་འགྱུར་ལྡོག སློབ་སྦྱོང་གི་འཚོ་བའི་འགྱུར་ལྡོག་བཅས་ལ་དགེ་རྒན་གྱིས་རྩ་འཛུགས་སྒོས་ཁོ་ཚོར་རོགས་རམ་བྱ་དགོས།

འཚོ་བའི་གནད་འགག་གི་དུས། སྤྱིར་དམའ་འབྲིང་ནི་སློབ་མའི་ལུས་སེམས་འགྱུར་ལྡོག་ཆེན་པོ་འབྱུང་བའི་དུས་སྐབས་ཡིན་པ་དང་ལྷག་པར་དུ་དམའ་གཉིས་ནི་འཚར་ལོངས་ཆེན་པོ་འབྱུང་བའི་དུས་སྐབས་ཡིན་ལ། སློབ་སྦྱོང་གི་འགན་ཁུར་ཀྱང་ཆེ་རུ་འགྲོ་བའི་དུས་སྐབས་ཡིན་པས། དགེ་སློབ་གཉིས་ཀར་བསམ་པའི་གྲ་སྒྲིག་དགོས་པ་དང་མཐོང་ཆེན་བྱས་ནས་སློབ་ཁྲིད་དང་སློབ་སྦྱོང་གི་ཐབས་ཤེས་ནུས་པ་ལྡན་པ་དག་བཀོལ་དགོས།

མི་ཚེ་མདུན་ལམ་ལ་འདམ་ང་བྱ་བའི་དུས། དམའ་འབྲིང་གསུམ་པ་ནི་སློབ་མཐར་ཕྱིན་པའི་དུས་སྐབས་ཡིན་པས། སློབ་གྲོགས་མང་ཤས་ཀྱིས་མ་འོངས་པའི་བྱ་བ་དང་མདུན་ལམ་ལ་བསམ་གཞིགས་བྱ་འགོ་རྩོམ་ལ། དེ་བས་ཁྱིམ་བདག་དང་དགེ་རྒན་གྱིས་ཁོ་ཚོར་འདམ་ང་དང་བཀོད་སྒྲིག་བྱ་བར་རོགས་རམ་བྱ་དགོས།

5 བཤེས་གཉེན་བསྟེན་པའི་ཚུལ།
5_1 ངེས་པ་བསྐྱེད་པ།

སྙིང་བོ་ངེས་པར་བསྡུ་བ་ལས། རིགས་ལ་གནས་པའི་གང་ཟག་དེས།། བཤེས་གཉེན་དམ་པ་བསྟེན་བྱས་ལ།། ཞེས་དང་། པོ་ཏོ་བའི་གསུང་སྒྲོས་དོལ་བུ་བས་བསྒྲིགས་པ་ལས་ཀྱང་། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི།། བཤེས་གཉེན་དམ་པ་མི་བཏང་བ་ཡིན།། ཞེས་འབྱུང་བ་ལྟར། སློབ་མ་རྒྱུད་ལ་ཡོད་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་པས་ཐོག་མར་དེ་བསྟེན་པའི་ཚུལ་གལ་ཆེ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང་། ས་དང་། བཟོད་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུགས་དང་སྤོབས་པ་དང་། བསྔོ་བ་དང་སྨོན་ལམ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་སྐྱེས་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་པ་དག་གོ།། ཞེས་གསུངས་པའི་ཕྱིར་རོ།། པོ་ཏོ་བའིཞལ་ནས་ཀྱང་། རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པའང་སློབ་མཁན་མེད་པར་མི་འོང་ན་ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ན་འོང་གསུང་ངོ་།།

སྐྱོང་ཚུལ་མདོར་བསྡུས།

དེ་ལ་སྐྱོང་ཚུལ་དངོས་དང་ལོག་རྟོག་དགག་པ་གཉིས་ལས།

དང་པོ། སྐྱོང་ཚུལ་དངོས་ལས། གཅིག ཐུན་གྱི་ངོ་བོ་ཇི་ལྟར་བྱ་བ་ལ། དང་པོ་སྦྱོར་བའི་ཆོས་ནི་དྲུག་སྟེ། གསེང་གླིང་བའི་རྣམ་ཐར་ཡིན་པས། གནས་ཁང་ལེགས་པར་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་དགྲམ། མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པ་མཛེས་པར་བཤམ། དེ་ནས་ཉན་ས་ལས་གཉིད་རྨུགས་ཀྱི་སྒྲིབ་པ་ལས་སེམས་སྦྱོང་བའི་སྐབས་སུ་ཕན་ཚུན་འཆག་དགོས་ལ་དེ་ལས་གཞན་པའི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་རྣམས་ལས་སེམས་སྦྱོང་བའི་ཚེ་ཁྲིའམ་ཁྲིའུ་ལ་སོགས་པའི་སྟེང་དུ་སྐྱིལ་མོ་ཀྲུང་དུ་འཁོད་ནས་བྱ་བར་གསུངས་པས། གནས་མལ་བདེ་བ་ལ་ལུས་དྲང་པོར་བསྲངས་ཏེ་སྐྱི་མོ་ཀྲུང་ངམ་སྐྱི་མོ་ཀྲུང་ཕྱེད་དུའང་རུང་བའི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྒྱུད་དང་འདྲེས་ངེས་པ་ཞིག་བྱ། མདུན་གྱི་ནམ་མཁའ་ལ་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་དང་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར་བསམས་ཏེ་ཚོགས་གསོག་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན་ཉེར་ལེན་གྱི་དམིགས་རྣམ་སྐྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་དཀའ་བས་བསག་སྦྱང་གི་གནད་རྣམས་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་དགོས་སོ།།

གཉིས། ཕྱག་འཚལ་བའི་ཡན་ལག་ལ་སྒོ་གསུམ་བསྡོམས་པའི་ཕྱག་ནི། ཇི་སྙེད་སུ་དག་ཅེས་པའི་ཚིགས་བཅད་གཅིག་སྟེ། འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང་དུས་རེ་རེའི་སངས་རྒྱས་མ་ཡིན་གྱི། ཕྱོགས་བཅུ་ཁ་ན་བཞུགས་པ་དང་སྔར་བྱོན་ཟིན་པ་དང་མ་འོངས་པ་ན་འབྱོན་པར་འགྱུར་བ་དང་ད་ལྟར་བྱུང་བའི་རྒྱལ་བ་ཐམས་ཅད་ལ་དམིགས་ནས་གཞན་གྱི་གཡམ་ལ་རྒྱུག་ལྟ་བུ་མིན་པར་བསམ་པ་ཐག་པ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བའོ།། སྒོ་གསུམ་སོ་སོ་བའི་ཕྱག་ལ་ལུས་ཀྱི་ཕྱག་ནི། བཟང་པོ་སྤྱོད་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་ཕྱོགས་དང་དུས་ཀྱི་བསྡུས་པ་ཐམས་ཅད་ཡིད་ཀྱི་ཡུལ་དུ་མངོན་སུམ་པ་ལྟར་དམིགས་ལ་རང་གི་ལུས་ཞིང་རྣམས་ཀྱི་རྡུལ་ཕྲ་རབ་དང་གྲངས་མཉམ་པར་སྤྲུལ་ལ་ཕྱག་བྱའོ།། ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡུལ་ཕྲ་རབ་རེ་རེའི་སྟེང་ནའང་རྡུལ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་འཁོར་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པའི་མོས་པ་བསྐྱེད་པའོ།། ངག་གི་ཕྱག་ནི། དེ་དག་བསྔགས་པ་ཞེས་པའི་ཚིགས་བཅད་གཅིག་སྟེ། ཡུལ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཟད་མི་ཤེས་པ་རྣམས་ལུས་རེ་རེ་ལ་མགོ་བོ་དཔག་ཏུ་མེད་པ་དང་མགོ་རེ་རེ་ལ་ལྕེ་དཔག་ཏུ་མེད་པར་སྤྲུལ་བར་གསུངས་པ་ལྟར་བྱས་ནས་སྙན་པའི་དབྱངས་ཀྱིས་བརྗོད་པའོ།། འདིར་དབྱངས་ནི་བསྟོད་པ་ཡིན་ལ་དེའི་ཡན་ལག་ནི་རྒྱུ་སྟེ་ལྕེའོ།།

གཉིས་པ། ལོག་རྟོག་དགག་པའོ།།

6 ​མཐུན་ཕྱོགས་དཔེ་བཅུ།

1 བུ་ཆུང་ཁ་ཅན་ཁ་མེད་བཞིན་ཞེས་པ་ནི། དཔེར་ན་འོ་མ་གཅིག་ལ་བུ་ཆུང་ཁ་ཅན་གཅིག་དང་ཁ་མེད་གཅིག་གཉིས་མཚེ་མར་སྐྱེས་ན། མ་ལ་བུ་དེ་གཉིས་ལ་ཉེ་རིང་དང་བྱམས་སྡང་མེད་ཀྱང་གཅིག་ལ་ཞོག་ལྡུད་བཟའ་སྟེར་ལ། གཅིག་ལ་མ་འཁྱགས་པར་བྱ་བ་ཙམ་ལས་ཞོ་ལ་སོགས་པའི་སྦྱིན་ས་མེད་པས་མི་སྟེ། དཔེ་དེ་བཞིན་དུ་བླ་མ་དམ་པ་ལ་ཉེ་རིང་དང་བྱམས་སྡང་མི་མངའ་ཕང་། སློབ་མ་སྣོད་ལྡན་ལ་གདམས་ངག་གནང་ཞིང་ཐུགས་ལ་འདོགས། སྣོད་དང་མི་ལྡན་པ་ལ་ཟང་ཟིང་ཕྲ་མོ་རེ་ཙམ་ལས་གདམས་ངག་ཟབ་མོ་བྱིན་ཀྱང་ཕན་མི་ཐོགས་པས་མི་གནང་། དེས་ན་རང་རེའི་ཉེར་ལེན་ལ་རག་ལུས་གསུང་། བུ་ཡི་ཁ་ནི་ཟུམ་པ་ལ།། མ་ཡི་ནུ་ཞོ་ཇི་ལྟར་བླུད།། དེ་བཞིན་སེམས་ཅན་ངན་པ་ལ།། སངས་རྒྱས་གཟུགས་བརྙན་མི་འཆར་རོ།། ཞེས་སོ།།

2 རྒྱལ་འབྱུང་ཞེས་པ་ནི། རང་ལ་ཉེར་ལེན་ཡོད་ན་བླ་མ་ཕར་འཚོལ་དུ་འགྲོ་མི་དགོས། ཚུར་ཐུགས་ལ་འདོགས་སུ་འབྱོན་ཏེ། འབྲོམ་རྒྱལ་འབྱུང་བྱང་ཕྱི་གོང་དུ་སྐུ་འཁྲུངས་པ་གཅིག་ལ། ཇོ་བོ་རྗེ་རྒྱ་གར་ཤར་ཕྱོགས་བྷ་ག་ལར་སྐུ་འཁྲུངས་པ་ཞིག་བོད་དུ་བྱོན་ནས་ཐུགས་བཏགས་པ་ཡིན་གསུང་།

3 གསེར་པོ་ཞེས་པ་ནི། གུང་ཐང་གནས་བརྟན་གསེར་པོ་བྱ་བའི་དྲུང་དུ། རྒྱ་གར་གྱི་རྣལ་འབྱོར་པ་གཅིག་བྱོན་ནས། དེ་ལ་མན་ངག་ཞུས་ཏེ་བསྒྲུབས་པས། མོད་ལ་གྲུབ་ནས་ས་འོག་གི་གཏེར་བག་རེ་མཐོང་བ་བྱུང་སྐད། དེ་ནས་རྣལ་འབྱོར་པ་ཡར་གཤེགས་པ་ལ། རེ་ཕྲུག་གི་ན་བཟའ་གཅིག་ཕུལ་ནས་མི་གཉིས་སྐྱེལ་དུ་བཏང་བས། ཡ་གིར་སླེབ་ཙ་ན་རེའུའི་ན་བཟའ་དེ་གཉིས་སུ་བགོས་ནས་སྐྱེལ་མཁན་གཉིས་ལ་རེ་རེ་བྱིན་ནས། ཁོའི་སྙིང་ལ་ང་གྲང་སྙམ་པ་ཡིན་ཏེ་འོང་། ང་ལ་གྲང་བ་མེད་གསུངས་ནས་གཤེགས་སྐད། དེ་ན་རང་རེ་ལ་ཆོས་ཀྱི་སྣོད་ཡོད་ན་བླ་མས་མི་ཕོངས་ཏེ་ལྷོ་བལ་ནས་གྲུབ་ཆོབ་བྱོན་གྱིན་ཡང་ཆོས་གནང་བ་ཡིན་གསུང་།

4 ནཱ་རོ་པ་ཞེས་པས། བླ་མ་ནཱ་རོ་པས་ཏི་ལོ་པ་ལོ་བཅུ་གཉིས་སུ་བསྟེན་ནས། དཀའ་བ་བཅུ་གཉིས་སྤྱད་ཅིང་། ཆོས་ཞུས་པས་ཡེ་མ་གནང་། མོས་གུས་མ་ལོག་པར་བསྙེན་བཀུར་འབའ་ཞིག་བྱས་པས། གཞུག་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ་པའི་ལོ་རྒྱུས་གསུང་། དེ་བཞིན་དུ་རང་རེ་ཡང་བླ་མ་ལ་མོས་གུས་བཅོས་མ་མིན་པ་རང་གི་ལུས་དང་སྲོག་ལ་མི་བལྟ་བར་བླ་མ་ལ་བསྙེན་བཀུར་དང་རིམ་གྲོ་བྱེད་ནུས་ཤིང་བླ་མའི་བཀའ་ཟུར་ཙམ་ཡང་མི་བཅོག་པ་དེ་ལྟ་བུ་ཞིག་དགོས། དེ་ལྟ་བུ་དང་ལྡན་ན། བླ་མས་ཆོས་ཐུན་གཅིག་མ་བཤད། སློབ་མས་ཉམས་ལེན་ཞག་གཅིག་མ་བྱས་ཀྱང་སློབ་མའི་རྒྱུད་རང་ཤུགས་ཀྱིས་གྲོལ་འགྲོ་གསུང་།

5 པྲ་བ་ཀ་ར་ཞེས་པ་ནི། མུ་སྟེགས་པ་གཅིག་གིས་རོ་ལངས་གསེར་དུ་བསྒྲུབས་པའི་གཏམ་རྒྱུད་སྦྱར། དེ་བཞིན་དུ་སློབ་མ་བྱ་བ་ཡང་བླ་མས་ཇི་སྐད་གསུང་བ་ལ་ཉན་པ་གོ་ཆ་ཆེ། བློ་བརྟན་པ་དེ་ལྟ་བུ་ཞིག་དགོས་པ་ཡིན་གསུངས།

6 ཞིང་ས་ཞེས་པ་ནི། དཔེར་ན་ཞིང་ས་གཤིན་པ་ལ་ས་བོན་གང་བཏབ་འཕེལ་དང་བཅས་ནས་སྐྱེ་ལ། ས་གཞི་བྱེ་རྒོད་དམ་གྲམ་པ་ལ་ས་བོན་ཅི་བཏང་ཀྱང་མི་སྐྱེ་བ་ལྟར། རྟེན་གྱི་གང་ཟག་མཚན་ཉིད་དང་ལྡན་པ་ཞིག་ལ་ཆོས་གང་བསྟན་པ་རྒྱུད་ལ་སྐྱེ་སྟེ། མཚན་ཉིད་དང་མི་ལྡན་པ་ལ་ཆོས་གང་བསྟན་ཀྱང་རྒྱུད་ལ་མི་སྐྱེ་གསུང་། དེ་ན་སློབ་མའི་མཚན་ཉིད་ནི།། དད་ལྡན་གཡོ་མེད་ནད་ཉུང་དང་།། བརྩོན་འགྲུས་ཤེས་རབ་འདོད་ཆུང་དང་།། ཆོག་ཤེས་གསོ་སླ་དགང་སླ་དང་།། སྦྱངས་དང་མཛེས་དང་ཚོད་རིག་དང་།། སྐྱེས་བུ་དམ་ཆོས་མཁས་རྟགས་ལྡན།། བཟོད་དང་དེས་དང་གྱ་ནོམ་པའོ།། ཞེས་གསུངས་པའི་དེ་དག་གི་དོན་དང་ལྡན་པ་ཞིག་གསུངས།

7 གསེར་ཞེས་པ་ནི། དཔེར་ན་གསེར་ས་འོག་ཏུ་ལོ་དུ་མར་བཞག་རུང་། མེར་བསྲེགས་རུང་། ཅི་བྱས་ཀྱང་མི་འགྱུར་བ་ལྟར། དེ་བཞིན་དུ་རྟེན་གྱི་གང་ཟག་ཀྱང་བདེ་སྡུག་ལ་སོགས་པའི་རྐྱེན་ཅི་བྱུང་ཡང་། བླ་མ་དང་ཆོས་ཀྱི་ཕྱོགས་སུ་དད་གུས་ལ་འགྱུར་བ་མེད་པ་དགོས། ཧ་ཞུ་ཧུ་འཁྱགས་ཀྱིས་མི་ཡོང་སྟེ། རྡོ་བ་བསྲེགས་ཀྱང་འཇུ་མི་འགྱུར།། ཆར་པ་བབས་ཀྱང་འཇིག་མི་འགྱུར།། དེ་བཞིན་བདེ་དང་སྡུག་བསྔལ་གྱིས།། བརྟན་པ་ཉམས་པར་མི་འགྱུར་རོ།། ཞེས་གསུངས་པ་དེ་ལྟ་བུ་ཞིག་དགོས་པ་ཡིན་གསུང་།

8 རྒྱལ་བུ་ཞེས་པ་ནི། རྒྱལ་བུ་དྷརྨ་ཤྲིའི་ལོ་རྒྱུས་སྦྱར། དེ་བཞིན་དུ་འོ་སྐོལ་སྙིང་ནས་ཐར་པ་དོན་གཉེར་ན་དད་པ་དང་ཤེས་རབ་དང་། སྙིང་སྟོབས་དེ་ལྟ་བུ་དང་ལྡན་པ་ཞིག་དགོས། རང་རེ་ལ་གཏིང་ན་དད་བརྩོན་དང་ལྡན་ཞིང་ཆོས་ཀྱི་སྣོད་ཡོད་ན། སངས་རྒྱས་ཀྱི་བསྟན་པ་ཉམས་ཀྱང་ཆོས་དང་བླ་མས་མི་ཕོངས་ཏེ། གཞན་སྐྱེས་བུ་དམ་པ་གང་ན་བཞུགས་ཀྱང་ཚུར་ལ་ཐུགས་ལ་འདོགས་པ་ཡིན་གསུངས།

9 ཕ་མགོ་ཞེས་པ་ནི། དབུས་སུ་པ་ཚབ་དང་འགོ་ཁམས་གཉིས་འཐབས་ཏེ་པ་ཚབ་པའི་ཁྲུ་སྐྱེས་བྱ་བའི་ཕ་བསད། ཁོ་རང་བཙོན་དུ་བཟུང་ནས་ཕའི་མགོ་བོ་བཅད་ནས་བུའི་མགུལ་དུ་བཏགས་ནས་ཁྲིད་པས། ཁོ་ན་རེ། ཕ་མགོ་བུ་ཡིས་མགུལ་དུ་བཏགས་པ་འདི། གཉེར་བགྱི་བྱ་བའི་བརྡ་ཡིན་ཨང་། ཟེར་རོ།། དེ་བཞིན་དུ་རང་རེ་ཡང་བླ་མ་བཟང་པོ་རེ་དང་མཇལ་ཞིང་། བླ་མས་ཤུགས་ལ་བཏགས་པའི་སློབ་མ་ཀུན་ཡང་གཉེར་བསྐྱེད་གོ་གྱོན་ལ་ཆོས་འགོ་ཅི་ཐོན་བྱེད་དགོས་གསུང་།

10 ཤེས་ཡོན་བཞིན་ཞེས་པ་ནི། པོ་ཏོ་བའི་སློབ་མ་སྒོམ་པ་ཤེས་ཡོན་བྱ་བ་བསྙུང་བའི་ཚོགས་གསོག་མཛད་ནས། ཇོ་བོ་མང་རབ་ཅིག་གྲལ་སྐོར་རེ་ཡོད་པ་ལ། པོ་ཏོ་བའི་ཞལ་ནས་ཁྱོད་ད་རེས་མི་འཆི་སྟེ་ཡོང་གིས། གལ་ཏེ་ཤི་ན་དགའ་ལྡན་དུ་སྐྱེས་ཏེ་ཡོང་བས། དགའ་ལྡན་ན་མགོན་པོ་བྱམས་པའི་སྤྱན་མངའ་ན་ཨ་ཏི་ཤ་བཞུགས་ངེས། ཨ་ཏི་ཤའི་དྲུང་ན་དགེ་བཤེས་སྟོན་པ་ཡང་བཞུགས་ངེས་པས། དེ་ཙམ་ལ་ཁོང་ཁྱེད་ལ་ངའི་ལོ་རྒྱུས་ཤིག་ཡེ་འདྲི་སྟེ་ཡོང་གིས། ཁོང་ལ་ཁྱོད་ཀྱིས་དང་པོ་ལེགས་རབ་པ་ཞིག་བྱུང་བ་ལ། དེ་ནས་ཆོ་ག་འཁྲུགས་ནས་། ད་ལྟ་གཡེང་བས་ཁྱེར་ནས་གདའ་གྱིས་ཤིག་གསུངས་པས། སྒོམ་པ་ཤེར་ཡོན་གྱིས་དབུ་ཁུག་པ་ཞིག་མཛད་པས། གཞན་རྣམས་རྒོད་ཀྱིན་འདུག་པ་ལ། རྗེ་ཅིག་བྱ་བས་ཤེར་ཡོན་དགའ་ལྡན་དུ་འཁྲུངས་ཏེ་མཆིའམ་ཞུས་པས། པོ་ཏོའི་ཞལ་ནས། ཤེར་ཡོན་དགའ་ལྡན་དུ་སྐྱེས་ཏེ་མཆི། ཤེར་ཡོན་དགའ་ལྡན་དུ་མ་སྐྱེས་ན་དགའ་ལྡན་སྟོངས་ཏེ་མཆི་གསུང་སྐད་དེ་བླ་མ་མཉེས་པའི་ཆ་ཚད་ཡིན། དེ་བཞིན་དུ་འོ་སྐོལ་ཡང་བླ་མ་དམ་པ་མཉེར་པའི་སློབ་མ་དེ་ལྟ་བུ་རེ་བྱེད་དགོས་གསུང་ངོ་།།

7 མཚན་ཉིད་དང་མི་ལྡན་པ་དཔེ་བཅོ་ལྔ།

1 ངང་པ་རྒྱ་གར་ཞེས་པ་ནི། པོ་ཏོ་བའི་དྲུང་དུ་ཞའི་ངང་པ་རྒྱ་གར་བྱ་བའི་བཙུན་པ་གཅིག་བྱུང་བ་ལ། དགེ་བཤེས་ཀྱིས་ཁོ་ལ་ཐུགས་ཐག་པ་ནས་གདམས་ངག་བསྟན་པས། ཁོ་ཧཱུཾ་རྡུགས་ནས་ཅི་གང་གི་ཡང་གཏོལ་མ་བྱུང་བར། དགེ་བཤེས་ཀྱི་ཞལ་ནས། ནང་གི་ཉེར་ལེན་མེད་པ་ལ། ཕྱིའི་རྐྱེན་གྱིས་མི་ཕན་ཏེ།། ཞའི་ངང་པ་རྒྱ་གར་ལ།། རིན་ཆེན་གསལ་གྱི་གདམས་ངག་རྡུགས།། གསུངས་སྐད། དེས་ན་མི་ཀུན་རང་ལ་ཉེར་ལེན་མེད་པ་མི་བརྗོད་པར། བླ་མ་ལ་འཁང་བ་བླ་མ་ལ་བྱ་ཐབས་མེད་གསུང་།

2 གཡག་རྒོལ་ཁལ་ཞེས་པ་ནི། དཔེར་ན་གཡག་རྒོད་མི་སྲུན་པ་ཁལ་འགེལ་བ་དེ། དང་པོ་སྣ་ནས་བཟུང་དུ་མི་ཚུགས་སྦྱོང་སྟེ། བདག་པོ་ཕྱོགས་སུ་བྱུང་བ་དང་འབྲོས་ཅིང་འབྲོས། དེ་ནས་སྣ་ནས་ཟིན་ཡང་ཁལ་འོག་ཏུ་སྡོད་དུ་མི་ཉན་པར། འཁྱོག་ཅི་མི་ཐུབ། ཐ་མར་ཁལ་ཁེལ་ཡང་ལམ་ལོག་མིན་ན་ཕར་འཕག་གིན་སོང་ནས་ཁལ་བསྐྱུར་ནས་གཏོང་། དེ་བཞིན་དུ་མི་རིགས་ཚན་ཅིག་ཀྱང་དང་པོར་ཆོས་སྒོར་མི་ཚུད་སྦྱོང་སྟེ། བླ་མས་ཁྱོད་ཚེ་འདི་ཕྱི་གཉིས་སུ་སྐྱོང་ནས་ཡོང་གིས་རབ་ཏུ་བྱུང་བྱས་ཙ་ན། དགྲ་མི་ཤ་བོའི་སྐུགས་ཁར་འགྲོ་བས་ཀྱང་འཇིགས་ཤིང་མི་ནུས། བར་དུ་ཆོས་སྒོར་ཚུད་ཀྱང་། ཐོས་བསམ་སྒོམ་གསུམ་བྱེད་དུ་མི་འདོད་པར། ཚེ་འདིའི་འདོད་པའི་ཕྱོགས་སུ་བློ་འཁྱོག་གིན་མི་ཐུབ། ཐ་མར་ཐོས་བསམ་ལ་བློ་བག་རེ་ཚུད་ཀྱང་དེ་ཉིད་བླ་མ་དམ་པའི་དྲུང་དུ་སྐྱོང་གིན་མི་སྡོད་པར་གང་དགའ་དགར་ཕྱིན་པས། སྡིག་པའི་གྲོགས་པོ་དང་ཕྲད་ནས། སྔར་གྱི་ཆོས་ཀྱང་བོར་ནས་གཏོང་བ་ཁོ་ན་མང་སྟེ། དེས་ན་དེ་འདྲ་བའི་མིས་སློབ་མ་མི་བཏུབ་གསུང་།

3 འཇག་མ་ཞེས་པ་ནི། ལ་ཁའི་འཇག་མ་དེས་སོ་མི་ཐུབ་པར་རླུང་པོ་གར་བྱུང་གི་ཕྱོགས་སུ་གུ་གུར་ཡེབ་ཡེབ་ཡོང་བ་ལྟར། མི་རིགས་ཚན་ཅིག་གི་བློ་ཡང་སོ་ཚུགས་མེད་པར་གཞན་གྱིས་ཇི་ཙུག་བསྒྱུར་བསྒྱུར་དུ་འགྲོ་ཞིང་། ཤེས་པ་ཡེབ་ཡེབ་དུ་སོང་བའི་མིས་ཆོས་འགོ་མི་ཐོན་གསུང་།

4 རི་ཤོ་ཞེས་པ་ནི། དཔེར་ན་རི་ཤོ་བ་རླུང་གིས་ཁྱེར་བ་དེ། རླུང་གིས་ཕར་དེད་ཚུར་དེད་ནས། ས་མཐོ་ས་དང་བདེ་སར་ནི་མི་ཆགས། གཞུག་གང་མི་བདེ་པའི་གྲོག་ནང་ངམ་རྫ་བྲག་ལ་སོགས་པའི་ནང་ཁུགས་ཅིག་ཏུ་ཚངས་ཀྱིས་འགྲོ། དེ་བཞིན་དུ་མི་རིགས་བློ་ཤོ་རྒོད་ལ་མི་བརྟན་ན་པ་དེ་ཡང་བླ་མ་དམ་པའི་དྲུང་དུ་སྡོད་མི་ཟུག་པར། རེས་ཅི་མནོ་རེས་གང་མནོ་ལ། གཞུག་བསྐོར་བསྐོར་ནས་སྡིག་པའི་གྲོགས་གཅིག་གི་ཁ་ཐབས་སུ་སོང་སྟེ། ཚེ་འདི་ཕྱི་གཉིས་སུ་སྡིག་སྡུག་གཏམ་ངན་གསུམ་གྱི་འབྱུང་གནས་ཅིག་ཏུ་ཚངས་ཀྱིས་འགྲོ་བ་ཁོ་ན་མང་གསུང་།

5 ཁྱི་ལྡོམ་བཞིན་ཞེས་པ་ནི། དཔེར་ན་ཁྱི་ལྡོམ་ལམ་དུ་ཞུགས་ནས་འགྲོ་བ་དེ་ལ། རྟིག་གཏད་ཅིག་ཡོད་ཡོད་བཞིན་བྱས་ནས་ལྟུར་ལྟུར་འགྲོ་འཕྲོ་ལ་མི་གཅིག་གིས་རྒྱོབ་བྱས་པ་དང་། ལམ་ཀྱོག་གིས་འཁྱོགས་ནས་དེར་འཁྱོགས་ས་ནས་ཕར་ལྟུར་ལྟུར་འགྲོ་བ་ལྟར། དེ་བཞིན་དུ་ཁ་ཅིག་ཆོས་ལའང་ནམ་ཕུགས་ཀྱི་རྟིག་གཏད་ཅིག་ཡོད་ཡོད་བཞིན་ནན་ཏན་བྱས་ནས་སྐབས་སུ་རྐྱེན་ངན་རེ་བྱུང་བ་དང་། ཆོས་ཀྱི་མནོ་བསམ་རྒྱངས་ཀྱིས་བསྐྱུར་ནས། ཁྱི་ལྡོམ་ལ་རྒྱོབ་བྱས་པ་བཞིན་བློ་ཕྱིན་ཅི་ལོག་གིས་ཕྱོགས་སུ་ཀྱོག་གིས་འཁྱོགས་ནས་འགྲོ་བ་འདི་ཤིན་ཏུ་མང་སྟེ། དེ་ལྟ་བུ་དེ་སྔར་གྱི་ཆོས་ལ་ནན་ཏན་བྱས་ཚད་ངལ་བ་དོན་མེད་བྱས་པ་ཡིན་གསུང་།

6 སློག་ཧྲུལ་ཞེས་པ་ནི། དཔེར་ན་སློབ་ཧྲུལ་གཤམ་རིངས་དེ་ཐང་ལ་དྲུད་ནས་ཕྱིན་ནས་ས་གསེབ་ན་ནི་གསེར་གཡུ་ལ་སོགས་པ་ཡོད་སྲིད་ཀྱང་དེ་ཚོ་འབྱར་དུ་མི་འདོད། ཚེར་མ་དང་ཁྱི་ལུད་སྐམ་པོ་ལ་སོགས་པ་གང་ན་ངན་པ་ཚོ་འབྱར་ནས་ཡོང་བ་ལྟར་ཁ་ཅིག་གིས་དབྱར་ཐོག་དགུན་ཐོག་རེ་ཡང་ས་རེར་སྡོད་མི་ཟུག་པ་དང་། གང་དགའ་དགར་ཕྱིན་པས་ཁོང་ཀུན་གྱི་ཡོན་ཏན་མི་ལོངས། སྐྱོན་འདུག་ཚད་ལོངས་ནས་ཡོང་གསུང་།

7 གླང་ཧྲན་ཞེས་པ་ནི། དཔེར་ན་གླང་ཧྲན་དེས། བ་འདུག་ཚད་ཀྱི་འཕོངས་ལ་སྣོམས་ཀྱང་དོན་མི་འགྲུབ། བ་ཤེ་འཚོལ་བའི་དུལ་བབ་པ་ཞིག་དང་ཕྲད་ན། ཁོའི་འདོད་པ་གྲུབ་ནས་ཡོང་བ་ཡིན། དཔེ་དེ་བཞིན་དུ་ཆོས་འདོད་རྣམས་ཀྱིས་ཀྱང་གང་ཟག་སུ་ཐོད་ཐོད་ཀྱི་གམ་དུ་ཕྱིན་ཀྱང་ཆོས་ཀྱི་དོན་མི་འགྲུབ། ཡོན་ཏན་དང་ལྡན་པའི་བླ་མ་ཅིག་དང་ཕྲད་ན། ཆོས་ཀྱི་འདོད་པ་གྲུབ་ནས་ཡོང་བ་ཡིན། ཡང་དཔེར་ན་གླང་ཧྲན་བཞིན་ཆོས་ཤེས་རྣམས་ཀྱིས་ཀྱང་གང་ཟག་སུ་ཐོད་ཐོད་ལ་བཤད་ཀྱང་ཉན་མཁན་མི་ཡོང་། སློབ་མ་སྣོད་ལྡན་ཅིག་དང་འཕྲད་ན་རང་གཞན་གཉིས་ཀ་ལ་ཕན་ཐོགས་པ་ཡིན་གསུང་།

8 ཁྱི་བྱ་སྙོགས་ཞེས་པ་ནི། དཔེར་ན་ཕོ་རོག་ཁྱི་རོ་ལ་སོགས་པའི་བཟའ་རྒྱུ་འཐོག་པ་ལ། ཁྱིས་བརྒྱུགས་པས། ཕོ་རོག་མཚམས་ན་ཕར་ལྷེབས་ལྷེབས་འཕུར་བས་དེ་ལ་ཁྱིས་ཀྱང་སྙོགས་སུ་རེ་སྟེ་བརྒྱུགས་པས། ཁྱིས་སླེབ་ཏུ་ཆ་བ་དང་ཕོ་རོག་གིས་ཇེ་མཐོ་ལ་ནམ་མཁའ་ལ་སྤྱད་ཀྱིན་འཕུར་ཏེ། ཁྱིས་མ་ཟིན་པས། དེར་ཁ་སྐྱེངས་པ་བཞིན་བྱས་ནས། མུ་རྡོ་ལ་སྣ་སྣོམ་མཆུ་འཐོར། དོན་དེ་མིན་ཅིག་ཡོད་པ་བཞིན་བྱས་ནས་ཡུལ་ཡུལ་ནོམ་ནོམ་བྱེད་ཀྱིན་ལོག་ནས་ཡོང་། དེ་བཞིན་དུ་ཁ་ཅིག་གིས་སྐྱེས་བུ་དམ་པ་ཀུན་གྱིས་བདེ་སྐྱིད་སྙན་གསུམ་དེ་ལྟ་བུ་རེ་ཐོབ་པ་འདོད་དེ། ཇི་ལོང་མེད་པར་དཔོན་ཆ་རེ་བཟུང་ནས་ཁོང་ལ་འགྲན་པས། ཅི་ཡང་མ་བྱུང་ཙ་ན། ཁ་སྐྱེངས་པ་བཞིན་བྱས་ནས་སྨན་འདྲ་བ་སློབ། ཚོང་འདྲ་བ་བྱེད། ཕར་ཙབ་ཚུབ་བྱེད་པའི་མི་ལ་བལྟས་ཙམ་ན་རྒོད་བྲོ་གསུང་།

9 རྨོས་གླང་ཞེས་པ་ནི། གཅིག་གིས་ཞངི་རྨོས་ནས་གླང་གི་སྐྱེ་ཐག་བཀྲོལ་ནས་བཏང་བས། གླང་གིས་རང་ཁྱིམ་དུ་མ་ཕྱིན་པར་ལམ་ལོག་མིན་དུ་ཕྱིན་པས། མི་ཡིས་ཁྲིད་ནས་བསད་སྐད། དེ་བཞིན་དུ་སྐྱེས་བུ་དམ་པའི་དྲུང་དུ་ཆོས་ཐོས་བསམ་སྒོམ་གསུམ་བྱེད་ཀྱིན་མི་སྡོད་པར། འཕྲལ་རང་དགར་ཕྱིན་པས་བདུད་ཀྱིས་ཁྱེར་གསུང་། དེས་ན་དང་པོ་བླ་མ་ལ་འདམ་པ་ཡིན། དེའི་དཔེ་ཡང་། གླང་ཧྲན་བ་ཁྱུར་ཞུགས་པའམ། སྦྲང་པོ་ཆེ་ཚང་འཚོལ་བའི་དཔེ་གསུངས། དེས་ན་དེའི་དུ་སྡོད་ཟུག་པ་ཅིག་དགོས་པ་ཡིན་གསུང་།

10 བྱི་ཕྲུག་ཅེས་པ་ནི། དཔེར་ན་བྱི་ཕྲུག་མནོ་མི་ཤེས་ཅིག་གིས་རང་གིས་ཚང་ནས་ཐོན་ནས་ཟན་འཚོལ་དུ་ཕྱིན་པས། རྩིག་པའི་གསེབ་ཀྱི་སྲེ་མོང་གི་སྐྱེ་བཅད་ནས་འོང་། དེ་བཞིན་དུ་རང་རེ་ཡང་བླ་མའི་དྲུང་དུ་སྔར་ཤེས་ཚོད་ཀྱིས་ཆོས་ཉམས་སུ་ལེན་གྱིན་མི་སྡོད་པར། ཡིག་སྣ་འདྲ་མིན་མང་པོ་འཚོལ་དུ་འགྲོ་ནས་སྡིག་པའི་གྲོགས་པོ་དང་ཕྲད་ནས་ཆོས་དང་འབྲལ་བར་བྱེད་གསུང་། གླང་རི་ཐང་པའི་ཞལ་ནས། མན་ངག་འཚོལ་བ་ལ་དགའ་རིགས་དེ་གཤའ་མ་བྱུང་བ་མེད་གསུང་།

11 མྱང་ནས་བསགས་ཞེས་པ་ནི། ཁ་ཅིག་གི་བསམ་པ་ལ་མན་ངག་མང་པོ་ཤེས་པས་རང་གཞན་ཀུན་ལ་ཕན་ཐོགས་སྙམ་སྟེ་མི་ཐོགས། དཔེར་ན་ཁ་ཟས་སྣ་ཚོགས་ལ་རོ་མྱང་མྱང་རེ་བྱས་ཤིང་མ་ཟོས་པར་སྣོད་དུ་བསགས་ནས་བཞག་པས་འགྲངས་ལ་མི་ཕན་ཞིང་། མོད་ལ་རུལ་བའམ་དྲི་མས་ཁྱེར་ནས་ཆུད་ཟོས་སུ་འགྲོ། དེ་བཞིན་དུ་མན་ངག་མང་པོ་བསླབས་ཤིང་ཉམས་སུ་མ་བླངས་པར་སྣོད་དུ་བསགས་ནས་བཞག་པས་བྱང་ཆུབ་ཐོབ་པ་ལ་མི་ཕན་ལ། བླ་མ་བརྒྱུད་པའི་བྱིན་རླབས་ཅིག་ཡོད་པ་དེ་ཡང་མོད་ལ་ཡལ་འགྲོ། དེ་རང་གིས་ཉམས་མི་ལོངས་པའི་མན་ངག་འདྲ་མིན་མང་པོ་དེས་གཞན་ལ་ཡང་ཕན་མི་ཐོགས། རང་གིས་གང་ཉམས་སུ་བླངས་ཤིང་ནུས་པ་ཐོན་དེས་གཞན་ལ་ཕན་ཐོགས་པ་ཡིན། དེས་ན་ཟས་མང་པོའི་རོ་མི་མྱང་། གང་འཕྲོད་ཅིག་ལ་འགྲངས་བར་བཟའ། མན་ངག་མང་པོའི་རྗེས་མི་བཅད། གང་མོས་ཅིག་ལ་ཉམས་སུ་བླང་བྱ་བ་ཡིན་གསུང་། སྤྱིར་དད་པ་དང་འདོད་པ་ལ་ནོར་ས་ཡོད་དེ། ཁ་ཅིག་གིས་བསམ་པ་དད་པས་ཀུན་ནས་བླང་ནས། ཆོས་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་སྤྲུག་མར་བྱས་ནས། གཞུག་རང་གཞན་གཉིས་ཀ་ལ་ཕན་ཐོགས་པ་ཡོང་། ཁ་ཅིག་ཚེ་འདིའི་འདོད་པས་ཀུན་ནས་བླང་ནས་བསམ་སྒོམས་མི་ཡོང་བའི་མན་ངག་འདྲ་མིན་མང་པོ་བསགས་ནས། གཞུག་རང་གཞན་གཉིས་ཀ་ལ་ཕན་མི་ཐོགས་པ་ཡོང་གསུང་། དགེ་བཤེས་ཀྱི་དྲུང་དུ་མི་གཞན་རྟེན་དང་མཆོད་ཆ་ལ་སོགས་ལ་དགའ་ཞིང་། དཀོན་མཆོག་མཆོད་པ་ལ་བརྩོན་པ། ཐོས་བསམ་སྒོམ་གསུམ་སྤྲུག་མར་བྱ་རྩིས་སུ་བཅུག་པ་བྱུང་ཙ་ན། བུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་དད་པ་ཅན་ཅིག་སྣང་གསུང་། ཡང་དཀོན་མཆོག་མཆོད་པ་ཡོང་བའི་རྟེན་དང་མཆོད་ཆ་ལ་དགའ་ཞིང་གསོག་པ་དང་། བསམ་བསྒོམ་མི་ཡོང་བར་མན་ངག་འཚོལ་བ་ལ་དགའ་རིགས་དེ་བྱུང་ཙ་ན། བུ་འདོད་པོ་ཆེ་ཅིག་སྣང་གསུངས་སོ།། དེས་ན་འོ་སྐོལ་གྱི་དད་པ་དང་འདོད་པ་ལ་ནོར་ས་ཡོང་། ཕལ་ཆེར་བུ་འདོད་པོ་ཆེར་ཤོར་བ་ཁོ་ན་མང་གསུང་།

12 དཀྱུས་འགོར་ཙབ་ཙབ་ཞེས་པ་ནི། དཔེར་ན་བྱང་བ་ཀུན་རྟའི་དཀྱུས་རིངས་གཏོང་ཙམ་ན། དཀྱུས་འགོར་ཙབ་ཙབ་མི་བྱེད་པ་ཞིག་མི་ཡོང་སྟེ། དཀྱུས་གཞུག་ཏུ་ས་ལངས་ཀྱིས་བརྒྱུགས་པའི་རྟ་རེ་རེ་གཉིས་གཉིས་ལས་མི་ཡོང་ལོ།། དེ་བཞིན་དུ་ཆོས་ལའང་ཙབ་ཙབ་བྱེད་པ་མང་དུ་འདུག་སྟེ། ཆོས་མཐར་ཐོན་པ་བརྒྱའི་གསེབ་ནས་ཀྱང་རེ་རེ་གཉིས་གཉིས་ལས་མི་ཡོང་བར་འདུག་གསུང་། དེས་ན་ཚོད་ལྟ་ཙམ་གྱིས་དགའ་ལ་རེའི་ཆོས་ཀྱིས་མི་ཕན་ཏེ། ཐོད་པ་དང་སྦྲགས་པའི་ཆོས་བྱེད་ནུས་པའི་གང་ཟག་ཅིག་བྱེད་དགོས་གསུང་།

13 ཨ་ནེ་ནི་ཞེས་པ་ནི། བུད་མེད་ཅིག་ལ་མནའ་མ་གསར་པ་ཅིག་ཡོད་པས། དེས་མོའི་བུ་ལ་མ་བསྡད་ཀྱི་དོགས་ནས། མནའ་མའི་དྲུང་དུ་བུ་ལ་བསྟོད་ར་མང་པོ་བཏང་བས། མག་མ་ན་རེ། ཨ་ནེ་ནི་བསྟོད་ར་ཆེ་སྟེ་བདག་ནི་མི་གཅིག་དང་མི་མཇལ་ཟེར་ལོ།། དེ་བཞིན་དུ་པོ་ཏོ་བའི་ཞལ་ནས། དང་པོ་ངའི་དྲུང་དུ་མི་རེ་འཆོལ་ཙ་ན། དད་པ་ཆེ་བ་དང་། ཤེས་རབ་ཆེ་བ་དང་། མི་གཞི་བཟང་བ་དང་། ཟེར་ནས་བསྟོད་དེ། ཁོ་བོ་ནི་འདོད་པའི་མི་གཅིག་དང་རྩ་བ་ནས་མ་མཇལ་གསུང་སྐད།

14 སྦྲེལ་ཐག་ཆད་པ་ཞེས་པ་ནི། དཔེར་ན་ར་དང་ལུག་ཐག་པས་སྦྲེལ་རིང་ལ་ཀྲི་ལེ་འགྲོགས་ཏེ། སྦྲེལ་ཐག་ཆད་མ་ཐག་ར་རའི་ཟླ་ལ་འགྲོ། ལུག་ལུག་གི་ཟླ་ལ་འགྲོ། དཔེ་དེ་བཞིན་དུ་བླ་མ་དང་གྲོགས་བཟང་པོས་བཅོས་རིང་ལ་ལེགས་རབ་ཡོད་ཀྱང་། དེ་དག་དང་བྲལ་མ་ཐག་སྔར་གྱི་སྤྱོད་པ་ངན་པའི་ས་རུ་ལྷན་གྱིས་འགྲོ་བ་ཁོ་ན་མང་སྟེ། ངའི་འདི་ན་ཡང་ང་དང་འགྲོགས་རིང་ལ་ལེགས་རབ་འདུག་པ་ལ། དེ་ནས་གཞན་དུ་རེ་སོང་ནས་ལོག་པ་དང་། སྤྱོད་པ་སྔར་དང་ཡེ་མི་འདྲ་བ་རེ་བྱས་ནས་ཡོད་གིན་འདུག་གསུང་།

15 ཨ་ན་ལེ་ཞེས་པ་ནི། གཅིག་གིས་གཙུག་ཏོར་དཀར་མོའི་སྔགས་ཀྱི་ཕན་ཡོན། མེས་མི་ཚུགས། ཆུས་མི་ཚུགས་བྱ་བ་ལ་སོགས་པ་རྣམས་མཐོང་བས་ཁོས་ཡང་སྙིང་པོ་བྲིས་ཏེ། ར་གཅིག་ཡོད་པའི་སྐེ་རུ་བཏགས་ཏེ་བྱིས་པ་འཚོ་རུ་བཏང་བས། སྤྱང་གུ་བྱུང་ནས་ཟོས་ཏེ། དེར་བྱིས་པས་འུ་ཅག་གི་ར་སྤྱང་སྤྱང་གུས་ཁྱེར་ན་བྱས་པས། ཕ་ན་རེ། འོ་ན་ཨ་ན་ལེ་ཇུག་སོང་བྱས་པས། བྱིས་པ་ན་རེ། ཨ་ན་ལེ་ཚུད་ཆད་ཅན་ཅོན་དུ་ཟོས་སོང་ཟེར་ལོ།། དཔེ་དེ་བཞིན་དུ་སློབ་མ་ངན་པའི་ཉོན་མོངས་པ་སྤྱང་གུ་དང་འདྲ་བ་དེ་མ་ཐུབ་པའི་རིང་ལ། སློབ་དཔོན་ཚུན་ཆད་ཅན་ཅོན་དུ་བཙོངས་པ་མང་གསུང་།

8 བཤད་པ།

དེས་ན་ངན་པ་ཁ་ཅིག་བསྟེན་དུ་མི་བཏུབ་པས། སློབ་མའི་མཚན་ཉིད་བརྟག་པ་ལ་གལ་ཆེ་གསུང་། དགེ་བཤེས་པོ་ཏོ་བའི་དྲུང་དུ་མི་རེ་འཆོལ་ཙ་ན། མི་གཞི་ཅི་འདྲ་གསུང་། དེར་གཞན་གྱིས་མི་གཞི་རབ་འབྲིང་ངེ་བ་ཞིག་གདའ། ཤེས་རབ་ནི་ཤིན་ཏུ་ཆེ་བ་ཞིག་གདའ་བྱས་ཙམ་ན། ཁོ་བོ་སློབ་མས་དམྱལ་བར་སྐྱུར་བའི་གཉེར་མ་མཆིས། ད་ལྟ་ཙམ་ན་ཁྲེས་པོ་རྒྱུག་ཅིག་གསུང་ལོ།། ཡང་མི་གཞི་ནི་འགྲོགས་སུ་བཏུབ་པ་ཞིག་གདའ། དད་པ་དང་ཤེས་རབ་ཆུང་ངེ་གདའ་བྱས་ཙམ་ན། དད་པ་འདུས་བྱས་ཡིན་སཔ་བསྐྱེད་དུ་འཚལ། ཤེས་རབ་ཆུང་ཡང་མ་ཤེས་ན་ངས་ལན། མི་བྱེད་ན་ཁོས་ལན་གསུང་སྐད། དེས་ན་དད་ལ་མི་གཞི་ཁོ་ན་གལ་ཆེ་གསུང་།