ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-06-01 11:17ལ་འགྲུབ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་གྲོང་ཁུལ་དུ་ཆགས་པ་སྟེ། ལྷོ་ཕྱོགས་སུ་རྒྱལ་ཁབ་དཔེ་མཛོད་ཁང་ལ་འབྲེལ་བ་དང་། བྱང་ཕྱོགས་སུ་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་དང་འདྲེས་པའི་མཚམས་སུ་ཆགས་ཤིང་། པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་སློབ་གསོ་པུའུ་བཅས་ཀྱིས་མཉམ་དུ་བཙུགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་མཐོང་ཆེན་འོག 1978ལོར་རྒྱལ་ཁབ་ཀྱི་སློབ་ཆེན་གཙོ་བོའི་གྲས་སུ་བདམས། 1999ལོ་དང་། 2004ལོར་སྔ་རྗེས་སུ“ལས་གྲྭ211”དང“ལས་གྲྭ985”ཡི་རྒྱལ་ཁབ་ཀྱིས་གཙིགས་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་གྱི་གྲས་སུ་ཚུད་ཅིང་། ཀྲུང་གོའི“བཅའ་ཁྲིམས་ཕྱོགས་ཀྱི་རྩེ་གྲའི་འཇོན་མི་སྐྱེད་སྲིང་བྱེད་པའི་འཆར་གཞི”ཡི་སློབ་ཆེན་ཡང་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央民族大学
སློབ་གྲྭའི་བསླབ་སྡོམ།
ལེགས་ཚོགས་མཉམ་གཞོལ་དང་བསླབ་པ་ཉམས་ལེན།
ཕྱི་ཡིག་གི་མིང་།
Minzu University of China
སློབ་གླུ།
བསྐལ་བ་ཡག་སོང་།
བཙུགས་ལོ།
1941ལོའི་ཟླ9པ།
སློབ་གླིང་གཙོ་བོ།
མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་དང་། མར་ཁེ་སིའི་རིང་ལུགས་སློབ་གླིང་སོགས།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྒྱལ་ཁབ་ཀྱི་གཙོ་གྱུར་རིག་ཚན།
2
རྣམ་པ།
མི་རིགས་སློབ་ཆེན།
སློབ་གྲྭའི་ས་གནས།
པེ་ཅིང་གྲོང་ཁྱེར་ཧའེ་ཏེན་གྲོང་ཁུལ་ཀྲུང་ཀོན་གྲོང་ཚོ་ལྷོ་ལམ་ཆེན་མོའི་སྒོ་རྟགས་ཨང27པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་པེ་ཅིང་།
ཐོག་མའི་སློབ་གཙོ།
ཝུའུ་ལན་ཧྥུའུ།
གཙོ་གཉེར་ལས་ཁུངས།
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།
ལས་ཐོག་སློབ་གཙོ།
ཧོང་ཐའེ་ཡན།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
132
དམིགས་འབེན།
ཁྱད་ཆོས་མངོན་པར་གསལ་ཞིང་འཛམ་གླིང་གི་རྩེ་གྲའི་མི་རིགས་སློབ་ཆེན།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
39
སློབ་གྲྭའི་ཚབ་ཨང་།
10052
འབུམ་རམས་པའི་སྐོར་སྐྱོད་ས་ཚིགས།
3
གཞུང་ཕྱོགས་དྲ་གནས།
www.muc.edu.cn
1 ལོ་རྒྱུས་འཕེལ་རིམ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་ཐོག་མ1941ལོའི་ཟླ9པར་ཡན་ཨན་ནས་བཙུགས་པའི་མི་རིགས་སློབ་གླིང་ནས་རིམ་གྱིས་འཕེལ་རྒྱས་བྱུང་བ་ཡིན་ལ། 1969ལོར་ཧུའུ་པའེ་ཆན་ཅཱང་རུ་གནས་སྤར་བ་དང་། དེའི་རྗེས་པེ་ཅིང་དུ་གནས་སྤར།

1950ལོའི་ཟླ6པར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་པེ་ཅིང་དུ་རྣམ་པ་གསར་པའི་སློབ་ཆེན་ཏེ་ཀྲུང་དབྱང་མི་རིགས་སློབ་གླིང་འཛུགས་རྒྱུའི་ཐག་བཅད་ནས། ཡན་ཨན་མི་རིགས་སློབ་གླིང་ནས་བྱ་བ་བསྒྲུབས་མྱོང་བའི་བློ་མཐུན་སྐོར་ཞིག་སྐོང་འཐེན་བྱས་ཏེ་སློབ་གླིང་འཛུགས་པའི་གྲ་སྒྲིག་གི་ལས་ཀ་སྤེལ།

1950ལོའི་ཟླ6པ་ནས1951ལོའི་ལོ་མཇུག་བར་ནི་ཐོག་མའི་གསར་འཛུགས་ཀྱི་དུས་རིམ་ཡིན་ཞིང་། སྐབས་དེར་སློབ་གྲྭ་གནས་སྐབས་སུ་མཁར་གྲོང་ནང་གི་སློབ་གསོ་དོ་དམ་ཁང་དུ་བཙུགས་ཡོད་ལ། དགེ་རྒན་དང་ལས་བཟོ་བ་མི280ལྷག་དང་། དམག་སྲིད་ལས་བྱེད་པ་དང་བོད་སྐད་ཡིག་འཛིན་གྲྭ་གཉིས་སུ་སློབ་མ260ལྷག་ཡོད།

1951ལོའི་ཟླ6པའི་ཚེས11ཉིན། ཀྲུང་དབྱང་མི་རིགས་སློབ་གླིང་གིས་དངོས་སུ་སློབ་འགོ་ཚུགས།

1952ལོར། རྒྱལ་ཁབ་ཀྱིས་སློབ་གླིང་དང་སྡེ་ཁག་སྡེབ་སྒྲིག་བྱེད་དུས། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་སྡེ་ཁག་དང་ཆེད་ལས་སྐོར་གཅིག་ཀྲུང་དབྱང་མི་རིགས་སློབ་གླིང་གི་ཁོངས་སུ་སྡེབ་སྒྲིག་བྱས་ཤིང་། སློབ་གྲྭའི་ས་གནས་ཀྱང་ནུབ་མཐའ་ནས་ད་ལྟའི་གནས་སུ་སྤར། དེའི་རྗེས་སུ་མི་རིགས་སྐད་ཡིག་སྡེ་ཁག་དང་། ལོ་རྒྱུས་སྡེ་ཁག  ཆབ་སྲིད་སྡེ་ཁག་སོགས་སྔ་གཞུག་ཏུ་བཙུགས།

1978ལོའི་ཟླ2པར། རྒྱལ་ཁབ་ཀྱི་གཙོ་གྱུར་སློབ་ཆེན་དུ་གཏན་ལ་ཕབ་ནས། རྩིས་བཟོ་སྡེ་ཁག་སྐོར་ཅིག་སྔ་རྗེས་སུ་བཙུགས་པས། རིག་ཚན་གྱི་སློབ་ཆེན་ཞིག་ནས་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་གྱུར།

1993ལོའི་ཟླ11པའི་ཚེས30ཉིན། ཀྲུང་དབྱང་མི་རིགས་སློབ་གླིང་ཞེས་པའི་མིང་བསྒྱུར་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་བཏགས་ཤིང་། སྐབས་དེའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མིན་ལགས་ཀྱིས་སློབ་གྲྭར་མིང་གསར་བས་ཕྱག་བྲིས་གནང་།

1999ལོར། “ལས་གྲྭ211”ཡི་རྒྱལ་ཁབ་ཀྱིས་གཙིགས་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དུ་གཏན་ལ་ཕབ།

2001ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་རུང་ཅི་ལགས་ཀྱིས་སློབ་གྲྭར་གཟིགས་ཞིབ་གནང་དུས། ཀྲུང་དབྱང་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་འཛམ་གླིང་གི་རྩེ་གྲའི་མི་རིགས་སློབ་ཆེན་དུ་བསྐྲུན་དགོས་ཞེས་པའི་འབད་བརྩོན་གྱི་དམིགས་འབེན་བཏོན།

2002ལོའི་ཟླ6པར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་དང་སློབ་གསོ་པུའུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《ཀྲུང་དབྱང་མི་རིགས་སློབ་ཆེན་གཙིགས་ཆེར་མཉམ་བསྐྲུན་སྐོར་གྱི་གྲོས་ཆིངས》སྟེང་མིང་རྟགས་བཀོད།

2004ལོར། “ལས་གྲྭ985”ཡི་གཙིགས་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དུ་གཏན་ལ་ཕབ།

2015ལོའི་ཟླ10པར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་དང་སློབ་གསོ་པུའུ་གཉིས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་མཉམ་དུ་བསྐྲུན་རྒྱུའི་ཐག་བཅད།

2 སློབ་སྒྲུབ་ཆ་རྐྱེན།

2014ལོའི་ཟླ11པའི་བར་དུ། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི37.8ཡོད་པ་དང་། འཆར་བཀོད་ཀྱི་སློབ་ཁུལ་གསར་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི81ཡོད། སློབ་རའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི58.3ཡོད་པ་དང་། སློབ་ཁྲིད་དང་སྲིད་འཛིན་དུ་སྤྱོད་པའི་ཁང་བ་སྨི་གྲུ་བཞི་མ་ཁྲི20ལྷག་ཡོད་ལ། རྒྱུ་ནོར་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར24ཡོད།

སློབ་ཆེན་འདི་ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས། དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་སུ་སློབ་མ་སྡུད་ཀྱིན་ཡོད་ཅིང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་སྡོད་སློབ་མ16053ཡོད་པ་ལས། དངོས་གཞི་སློབ་མ11312དང་། རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ4063། གྲངས་ཉུང་མི་རིགས་ཀྱི་གྲ་སྒྲིག་འཛིན་གྲྭའི་སློབ་མ505བཅས་ཡོད། དངོས་གཞི་སློབ་མ(གྲ་སྒྲིག་འཛིན་གྲྭའི་སློབ་མ་འདུས)ཡི་ཁྲོད་གྲངས་ཉུང་མི་རིགས་ཀྱི་སློབ་མའི་བསྡུར་ཚད་ནི54.9%ཟིན་ཡོད།

2016ལོའི་བར་དུ། སློབ་གྲྭར་སློབ་གླིང་དང་སྡེ་ཁག ཞིབ་འཇུག་ཁང30ཡོད་པ་དང་། རིག་ཚན་སྣ10རུ་ཁེབས་པའི་དངོས་གཞིའི་ཆེད་ལས64ཡོད།

སློབ་གླིང་དང་སྡེ་ཁག ཞིབ་འཇུག་ཁང30ནི། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་དང་། དོ་དམ་སློབ་གླིང་། དཔལ་འབྱོར་སློབ་གླིང(གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་ཞིབ་འཇུག་ཁང)། བཅའ་ཁྲིམས་རིག་པའི་སློབ་གླིང་། མར་ཁེ་སིའི་རང་ལུགས་ཀྱི་སློབ་གླིང(ཀྲུང་གོའི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཞིབ་འཇུག་གླིང)། རྩོམ་རིག་དང་གསར་འགྱུར་སྒྲོག་སྤེལ་སློབ་གླིང་། ལོ་རྒྱུས་རིག་གནས་སློབ་གླིང་། ཕྱི་སྐད་སློབ་གླིང་། ཚེ་སྲོག་དང་ཁོར་ཡུག་ཚན་རིག་སློབ་གླིང་། རྩིས་ཚན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། མཛེས་རྩལ་སློབ་གླིང་། ཞབས་བྲོ་སློབ་གླིང་། རོལ་དབྱངས་སློབ་གླིང་། རྒྱལ་སྤྱིའི་སློབ་གསོ་སློབ་གླིང་། མཚན་ཉིད་རིག་པ་དང་ཆོས་ལུགས་རིག་པའི་སློབ་གླིང་། གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག་སློབ་གླིང་། གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་དཔེ་རྙིང་ཞིབ་འཇུག་ཁང་། གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག་སྡེ་ཁག བོད་རིག་པའི་ཞིབ་འཇུག་གླིང་། སོག་པོའི་སྐད་བརྡ་དང་རྩོམ་རིག་སྡེ་ཁག ཡུ་གུར་གྱི་སྐད་བརྡ་དང་རྩོམ་རིག་སྡེ་ཁག ཁོ་རེ་ཡའི་སྐད་བརྡ་དང་རྩོམ་རིག་སྡེ་ཁག ཧ་སག་གི་སྐད་བརྡ་དང་རྩོམ་རིག་སྡེ་ཁག ལུས་རྩལ་སློབ་གླིང་། སློབ་གསོའི་སློབ་གླིང་། གྲ་སྒྲིག་སློབ་གསོའི་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་གླིང་། འཛམ་གླིང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ལྟེ་གནས་བཅས་སོ། ། 

3 རིག་ཚན་འཛུགས་སྐྲུན།

2014ལོའི་ཟླ11པའི་བར་དུ། སློབ་གྲྭ་རུ་འབུམ་རམས་པ་ཕྱི་མའི་སྐོར་སྐྱོད་ས་ཚིགས3དང་། རྒྱལ་ཁབ་ཀྱི་རིམ་གཅིག་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས5། རིམ་གཉིས་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས39། རྒྱལ་ཁབ་ཀྱི་རིམ་གཅིག་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས25། རིམ་གཉིས་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས132། ཆེད་ལས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས8བཅས་ཡོད། རྒྱལ་ཁབ་རིམ་པའི་གཙོ་གྱུར་རིག་ཚན2དང་། རྒྱལ་ཁབ་རིམ་པའི་གཙོ་གྱུར་གསོ་སྤེལ་རིག་ཚན1། ཞིང་ཆེན་རིམ་པའི་གཙོ་གྱུར་རིམ་གཅིག་རིག་ཚན4། ཞིང་ཆེན་རིམ་པའི་གཙོ་གྱུར་རིམ་གཉིས་རིག་ཚན15བཅས་ཡོད།

འབུམ་རམས་པ་ཕྱི་མའི་སྐོར་སྐྱོད་ས་ཚིགས3ནི། མི་རིགས་རིག་པ། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག ཀྲུང་གོའི་ལོ་རྒྱུས།

རིམ་གཅིག་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས5ནི། མི་རིགས་རིག་པ། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག སྤྱི་ཚོགས་རིག་པ། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ།

རིམ་གཅིག་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས25ནི། མཚན་ཉིད་རིག་པ། གཞུང་ལུགས་དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། བཅའ་ཁྲིམས་རིག་པ། ཆབ་སྲིད་རིག་པ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས། སྤྱི་ཚོགས་རིག་པ། མི་རིགས་རིག་པ། སློབ་གསོ་རིག་པ། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག གསར་འགྱུར་སྒྲོག་སྤེལ་རིག་པ། སྒྱུ་རྩལ་རིག་པ། ལོ་རྒྱུས་རིག་པ། རྩིས་རིག སྐྱེ་དངོས་རིག་པ། ཁོར་ཡུག་ཚན་རིག་དང་བཟོ་གྲྭ། རྩིས་འཁོར་ཚན་རིག་དང་ལག་རྩལ། བཟོ་ཚོང་དོ་དམ། སྤྱི་བའི་དོ་དམ། མཛེས་རྩལ་རིག་པ། རོལ་དབྱངས་དང་ཞབས་བྲོའི་རིག་པ། ཀྲུང་གོའི་ལོ་རྒྱུས། གནའ་རྫས་རྟོག་དཔྱོད་རིག་པ། བསྡོམས་རྩིས་རིག་པ། སྐྱེ་ཁམས་རིག་པ། མཉེན་ཆས་བཟོ་གྲྭ་བཅས་ཡོད།

ཆེད་ལས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས8ནི། བཅའ་ཁྲིམས་དང་། སྤྱི་བའི་དོ་དམ། བཟོ་ཚོང་དོ་དམ། སྒྱུ་རྩལ། རྒྱ་སྐད་ཀྱི་རྒྱལ་སྤྱིའི་སློབ་གསོ། སློབ་གསོ། སྤྱི་ཚོགས་ཀྱི་ལས་ཀ། རིག་དངོས་དང་དངོས་མང་བཤམས་སྟོན་ཁང་བཅས་ཀྱི་ཆེད་ལས་ཀྱི་རབ་འབྱམས་པ།

རྒྱལ་ཁབ་རིམ་པའི་གཙོ་གྱུར་རིག་ཚན2ནི། མི་རིགས་རིག་པ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག

རྒྱལ་ཁབ་རིམ་པའི་གཙོ་གྱུར་གསོ་སྤེལ་རིག་ཚན1ནི། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར།

རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གྱུར་རིམ་གཅིག་རིག་ཚན4ནི། མི་རིགས་རིག་པ། ཀྲུང་གོའི་ལོ་རྒྱུས། སྤྱི་ཚོགས་རིག་པ། མཚན་ཉིད་རིག་པ།

རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གྱུར་རིམ་གཉིས་རིག་ཚན15ནི། མི་རིགས་རིག་པ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག  ཆེད་སྦྱོང་ལོ་རྒྱུས། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར། ཆོས་ལུགས་རིག་པ། སྐྱེ་ཁམས་རིག་པ། སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ། མཛེས་རྩལ་རིག་པ། ཁེ་ལས་དོ་དམ། ཁོར་ཡུག་ཚན་རིག  ཡུལ་ཁོངས་དཔལ་འབྱོར་རིག་པ་བཅས་སོ། །

4 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭ་ཐོག་མ་འཛུགས་དུས། རིག་གཞུང་ཁྱབ་ཁོངས་ཀྱི་མི་སྣ་གྲགས་ཅན་དག་གིས་སློབ་གྲྭར་ཕྱག་ལས་གནང་བ་སྟེ། ཡུའུ་ཏའོ་ཆོན་དང་། ཧྥེ་ཞའོ་ཐུང་། དུང་དཀར་བློ་བཟང་འཕྲིན་ལས། ཝེང་ཏུའུ་ཅེན། མཱ་ཞུའེ་ལིང་སོགས་ཀྱིས་རིག་གཞུང་ཞིབ་འཇུག་དང་རིག་ཚན་འཛུགས་སྐྲུན་གྱི་རྨང་བཏིངས་པ་རེད།

2014ལོའི་ཟླ11པའི་བར་དུ། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ་བསྡོམས་པས་མི2137ཡོད་པའི་ཁྲོད་ཆེད་བསྐོས་དགེ་རྒན1197ཡོད། དེ་ལས་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་མི695ཡོད་ལ། ཆེད་བསྐོས་དགེ་རྒན་གྱི་བསྡོམས་འབོར་གྱི58%ཟིན་ཡོད། སློབ་གྲྭར་ཏའེ་ཆིང་ཞཱ་དང་ཝང་ཡའོ། ཁྲིན་ཆིང་དབྱིན། དོན་གྲུབ་དབང་འབུམ། དབྱང་ཧྲེང་མིན། ཚེ་རིང་ཐར་སོགས་དགེ་རྒན་དང་ཆེད་མཁས་པ་གྲགས་ཅན་ཡོད་པར་མ་ཟད། རྒྱལ་ཁོངས་ཕྱིའི་ཆེད་མཁས་པ་མི60ལྷག་གདན་ཞུ་བྱས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད།

རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1ནི། མི་རིགས་རིག་པའི་སློབ་ཁྲིད་ཚོགས་པ།

པེ་ཅིང་གྲོང་ཁྱེར་གྱི་སློབ་ཁྲིད་ཚོགས་པ7ནི།

ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག་སློབ་ཁྲིད་ཚོགས་པ། མི་རིགས་རིག་པའི་སློབ་ཁྲིད་ཚོགས་པ། སྐྱེ་ཁམས་རིག་པའི་སློབ་ཁྲིད་ཚོགས་པ། ཀྲུང་གོའི་མི་རིགས་ལོ་རྒྱུས་ཀྱི་སློབ་ཁྲིད་ཚོགས་པ། སྤྱི་བའི་དོ་དམ་གྱི་སྲོག་ཤིང་བསླབ་ཚན་གྱི་སློབ་ཁྲིད་ཚོགས་པ། ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་སློབ་ཁྲིད་ཚོགས་པ། མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་ཁྲིད་ཚོགས་པ་བཅས་སོ། །

5 སློབ་ཁྲིད་འཛུགས་སྐྲུན།

2014ལོའི་ཟླ11པའི་བར་དུ། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཆེད་ལས་ཁྱད་ཆོས་ཅན9དང་། རྒྱལ་ཁབ་རིམ་པའི་མཆོག་གྱུར་བསླབ་ཚན་སྣ1། སློབ་གསོ་པུའི་མཆོག་གྱུར་བསླབ་ཚན་སྣ1། པེ་ཅིང་གྲོང་ཁྱེར་གྱི་མཆོག་གྱུར་བསླབ་ཚན་སྣ11། པེ་ཅིང་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས3བཅས་ཡོད།

རྒྱལ་ཁབ་རིམ་པའི་ཆེད་ལས་ཁྱད་ཆོས་ཅན9ནི། མི་རིགས་རིག་པ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག  ཆོས་ལུགས་རིག་པ། ཞབས་བྲོ་རིག་པ། ལོ་རྒྱུས་རིག་པ། སྒྱུ་རྩལ་ཇུས་འགོད། རོལ་དབྱངས་རིག་པ། སྐྱེ་ཁམས་རིག་པ། སྲིད་འཛིན་དོ་དམ།

རྒྱལ་ཁབ་རིམ་པའི་མཆོག་གྱུར་བསླབ་ཚན1ནི། ཆོས་ལུགས་རིག་པའི་མདོར་བསྟན།

སློབ་གསོ་པུའི་མཆོག་གྱུར་བསླབ་ཚན1ནི། ཀྲུང་གོའི་གནའ་རབས་བུད་མེད་ཀྱི་ལོ་རྒྱུས།

པེ་ཅིང་གྲོང་ཁྱེར་གྱི་མཆོག་གྱུར་བསླབ་ཚན11ནི། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྱི་རྨང་གཞི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྣམ་བཤད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་སྤྱི་བཤད། མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས། ཀྲུང་གོའི་མི་རིགས་ལོ་རྒྱུས་སྤྱི་བཤད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཞབས་བྲོ(བོད་རིགས་དང་ཁོ་རེ་ཡ་རིགས)། རིག་གནས་མིའི་རིགས་རིག་པའི་སྤྱི་བཤད། བོད་ཀྱི་རྩོམ་རིག་ལོ་རྒྱུས། ཚ་ཧག་ཡུ་གུར་གྱི་སྐད། བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་ལོ་རྒྱུས། མི་རིགས་རིག་པའི་མདོར་བསྟན།

པེ་ཅིང་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས3ནི།

ཀྲུང་དབྱང་མི་རིགས་སློབ་ཆེན་གློག་རྡུལ་བཟོ་གྲྭའི་ཚོད་ལྟའི་ལྟེ་གནས་དང་། རྫས་འགྱུར་ཚོད་ལྟའི་སློབ་ཁྲིད་ལྟེ་གནས།  མི་རིགས་རིག་གནས་བརྒྱུད་སྒྲོག་ཚོད་ལྟའི་སློབ་ཁྲིད་ལྟེ་གནས།

6 རིག་གཞུང་བརྗེ་རེས།

2014ལོའི་ཟླ12བའི་བར་དུ། ཡེའོ་སློབ་ཆེན་དང་།(Yale University) ཁཱི་ལམ་པེའུ་སློབ་ཆེན། (Columbia University in the City of New York)རོ་མ་སློབ་ཆེན།(Sapienza University of Rome)པའོ་སི་ཐུན་སློབ་ཆེན།((Boston University)  ཏཱ་པི་ལིན་སློབ་ཆེན།(University College Dublin)ཧེམ་པའོ་ཏི་སློབ་ཆེན།(Humboldt-Universität zu Berlin)སོགས་འཛམ་གླིང་སྟེང་གི་སློབ་ཆེན་གྲགས་ཅན70ལྷག་ལ་མཉམ་འབྲེལ་གྱི་གྲོས་མཐུན་ཆིངས་ཡིག་བཞག་ཡོད་པར་མ་ཟད། དངོས་གནས་རང་བཞིན་གྱི་རིག་གཞུང་བརྗེ་རེས་བྱས་དང་བྱེད་བཞིན་ཡོད་པ་རེད།

7 རིག་གཞུང་ཞིབ་འཇུག

ཞིབ་འཇུག་སྡེ་ཁག

2014ལོའི་ཟླ11པའི་བར་དུ། སློབ་གྲྭར་རྒྱལ་ཁབ་རིམ་པའི་རིག་ཚན་གྱི་རྨང་གཞིའི་རིག་གཞུང་ཚན་ཁག་གི་མི་སྣ་འཇོན་པོ་སྐྱེད་སྲིང་དང་ཚན་རིག་ཞིབ་འཇུག་གི་རྟེན་གཞི2དང་། སློབ་གསོ་པུའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་གཙོ་གྱུར་ཞིབ་འཇུག་རྟེན་གཞི1། རྒྱལ་ཁབ་ཀྱི“ལས་གྲྭ985”ཡི་མཚན་ཉིད་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གསར་གཏོད་རྟེན་གཞི3བཅས་ཡོད་པ་སྟེ།

(1)རྒྱལ་ཁབ་རིམ་པའི་རིག་ཚན་གྱི་རྨང་གཞིའི་རིག་གཞུང་ཚན་ཁག་གི་མི་སྣ་འཇོན་པོ་སྐྱེད་སྲིང་དང་ཚན་རིག་ཞིབ་འཇུག་གི་རྟེན་གཞི2ནི། ལོ་རྒྱུས་རིག་པ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག

(2)སློབ་གསོ་པུའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་གཙོ་གྱུར་ཞིབ་འཇུག་རྟེན་གཞི1ནི། ཀྲུང་གོའི་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས།

(3)རྒྱལ་ཁབ་ཀྱི“ལས་གྲྭ985”ཡི་མཚན་ཉིད་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གསར་གཏོད་རྟེན་གཞི3ནི། ཀྲུང་གོའི་དེང་རབས་ཀྱི་མི་རིགས་གནད་དོན་གྱི་འཐབ་ཇུས་ཞིབ་འཇུག་བྱེད་པའི་མཚན་ཉིད་སྤྱི་ཚོགས་ཚན་རིག་གསར་གཏོད་རྟེན་གཞི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་རིག་གནས་སློབ་གསོ་དང་ཡུལ་མཐའི་ལོ་རྒྱུས་ཞིབ་འཇུག་གི་མཚན་ཉིད་སྤྱི་ཚོགས་ཚན་རིག་གསར་གཏོད་རྟེན་གཞི། ཀྲུང་གོའི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་སྤྱི་བའི་དོ་དམ་ཞིབ་འཇུག་གི་མཚན་ཉིད་སྤྱི་ཚོགས་ཚན་རིག་གསར་གཏོད་རྟེན་གཞི།

དཔྱད་འབྲས།

2014ལོའི་ཟླ11པའི་བར་དུ། སློབ་གྲྭས་བསྡོམས་པས་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་ཡན་གྱི་ཚན་རིག་ཞིབ་འཇུག་གི་ལས་གཞི252འགན་བླངས་ནས་ལེགས་འགྲུབ་བྱུང་བ་དང་། སྤྱི་ཚོགས་ཀྱི་འཕྲེད་སྤེལ་དཔྱད་གཞི138སྤེལ། རང་གཉེར་ཚན་རིག་ཞིབ་འཇུག་གི་ལས་གཞིར་ཞིབ་བཤེར་ཆོག་མཆན་གནང་བ 625ཡོད། རིག་གཞུང་ཆེད་སྒྲིག་བརྩམས་ཆོས1067ལྷག་པར་དུ་བསྐྲུན། རིགjགཞུང་དཔྱད་རྩོམ4866ལྷག་སྤེལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ155ཐོབ།

དཔེ་དེབ་ཉར་ཚགས།

2014ལོའི་ཟླ5པའི་བར་དུ་དཔེ་མཛོད་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ24500ཡོད། རྒྱུ་ཤོག་བུས་གྲུབ་པའིདཔེ་དེབ་ཁྲི180ལྷག་དང་། དེབ་འགོ་བཙེམས་མའི་ས་གནས་ལོ་རྒྱུས་དཔེ་དེབ3000ལྷག  ཡིག་རིགས29ཡི་མི་རིགས་ཀྱི་དཔེ་དེབ། ཡིག་རིགས47ཡོད་པའི་མི་རིགས་རིག་པ་དང་འབྲེལ་ཡོད་རིག་ཚན་གྱི་ཕྱི་ཡིག་དཔེ་དེབ་སོགས། དཔེ་རྙིང་ཁྲི25ལྷག  གློག་རྡུལ་དཔེ་དེབ་ཁྲི176ལྷག རྒྱ་ཡིག་དང་ཕྱི་ཡིག་གི་རིག་གཞུང་དཔྱད་རྩོམ་དང་། ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་སོགས་གྲངས་མཛོད101ཡོད། དེ་མིན་ཕྱི་ཡིག་གི་དུས་དེབ་བརྒྱུད་སྤྲོད་བྱེད་པའི་སྟེགས་བུ(NSTL)བཅས་སུ་ཡོད།

རིག་གཞུང་དུས་དེབ།

《ཀྲུང་དབྱང་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ(སྤྱི་ཚོགས་ཚན་རིག)》།  དུས་དེབ་འདི་ནི་མཚན་ཉིད་སྤྱི་ཚོགས་རིག་གཞུང་གི་གཞུང་ལུགས་དུས་དེབ་ཅིག་ཡིན་པ་དང་། 2004ལོར་རྒྱལ་ཡོངས་ཀྱི་གཙོ་གྱུར་དུས་དེབ་ཏུ་བདམས།

《ཀྲུང་དབྱང་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ(རང་བྱུང་ཚན་རིག)》། དུས་དེབ་འདི་ནི1992ལོར་བསྐྲུན་པ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་རང་བྱུང་ཚན་རིག་སྐོར་གྱི་ཕྱོགས་བསྡུས་རིག་གཞུང་དུས་དེབ་ཅིག་ཡིན་པར་མ་ཟད། ཀྲུང་དབྱང་མི་རིགས་སློབ་ཆེན་རྩིས་བཟོའི་རིག་ཚན་གྱི་ཆེད་ལས་སོ་སོས་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། འདི་ནི་དུས་ཚིགས་དེབ་ཡིན།

《མི་རིགས་སློབ་གསོ་ཞིབ་འཇུག》 དུས་དེབ་འདི་ནི་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱེད་པའི་མི་རིགས་སློབ་གསོའི་ཞིབ་འཇུག་གི་རིག་གཞུང་དུས་དེབ་ཅིག་ཡིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གིས་གཏན་ཁེལ་བྱས་པའི་ཀྲུང་གོའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་གཙོ་གྱུར་དུས་དེབ་ཅིག་ཡིན།

8 བོད་རིག་པ་ཞིབ་འཇུག་གླིང་།

བོད་རིག་པ་ཞིབ་འཇུག་གླིང་ནི1951ལོར་བཙུགས་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་དང་པོའི་བོད་ཀྱི་སྐད་ཡིག་སློབ་དཔྱོད་ཁང་ནས་རིམ་གྱིས་འཕེལ་རྒྱས་བྱུང་བ་དང་། ལོ་དེར་བཙུགས་པའི་ཀྲུང་དབྱང་མི་རིགས་སློབ་གླིང་དང་མཉམ་དུ་འཕེལ་རྒྱས་བྱུང་བ་ཡིན། 1993ལོར་བོད་ཡིག་སྡེ་ཁག་བཙུགས་པ་དང་། 2000ལོར་བོད་ཡིག་སྡེ་ཁག་དང་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གཉིས་གཅིག་ཏུ་བསྲེས་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་བཙུགས་པ་རེད།

སློབ་གླིང་འདི་རུ་མིག་སྔར་དངོས་གཞིའི་ཆེད་ལས་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག(བོད)དང་། རྒྱ་བོད་ལོ་ཙཱ་བཅས་གཉིས་ཡོད། བོད་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ལ་བོད་ཀྱི་སྐད་བརྡ་དང་རྩོམ་རིག བོད་ཀྱི་ལོ་རྒྱུས། བོད་ཀྱི་ཆོས་ལུགས་དང་རིག་གནས་བཅས་གསུམ་ཡོད། བོད་ཀྱི་ཆོས་ལུགས་ལོ་རྒྱུས་དང་། བོད་ཀྱི་རིག་གནས་ལོ་རྒྱུས། གནའ་རབས་ཀྱི་བོད་ཀྱི་ལོ་རྒྱུས་དང་ཡིག་ཆ། ཉེ་རབས་ཀྱི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག  བོད་ཀྱི་ཆོས་ལུགས་རིག་གནས་སོགས་ཞིབ་འཇུག་ཁ་ཕྱོགས་སུ་བྱས་པའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས་བཙུགས་ཡོད།

ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། སློབ་གླིང་འདི་རུ་བོད་རིག་པ་ཞིབ་འཇུག་གི་ཆེད་མཁས་པ་མཚན་སྙན་གྲགས་ཅན་རབ་དང་རིམ་པ་བྱུང་ཡོད་པ་སྟེ། ཡུའུ་ཏའོ་ཆོན་དང་། དུང་དཀར་བློ་བཟང་འཕྲིན་ལས། དོན་གྲུབ་རྒྱལ། ཝང་ཡའོ། ཧུའུ་ཐན། ཁྲིན་ཆིང་དབྱིན། དོན་གྲུབ་དབང་འབུམ། ཤེས་རབ་ཉི་མ། ཚེ་རིང་ཐར་སོགས་ཡོད།

ད་ལྟ་ཆེད་བསྐོས་དགེ་རྒན21ཡོད་ཅིང་། དེའི་ཁྲོད་དགེ་རྒན་ཆེན་མོ6དང་། དགེ་རྒན་ཆེན་མོ་གཞོན་པ6། འཆད་ཁྲིད་དགེ་རྒན9བཅས་ཡོད། འབུམ་རམས་པའི་དགེ་རྒན8དང་རབ་འབྱམས་པའི་དགེ་རྒན12ཡོད།

2015ལོའི་ཟླ3པའི་བར་དུ། སློབ་གླིང་དུ་དངོས་གཞི་སློབ་མ་མི227དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་མི79། འབུམ་རམས་པའི་ཞིབ་འཇུག་སློབ་མ་མི23། ཕྱི་འགྲིམ་སློབ་མ་མི3བཅས་སོ།།

ཧེམ་པའོ་ཏི་སློབ་ཆེན།(Humboldt-Universität zu Berlin)ཁཱི་ལམ་པེའུ་སློབ་ཆེན། (Columbia University in the City of New York)ཝར་ཅི་ནེའུ་སློབ་ཆེན།(University of Virginia) ནཱ་ཕོ་ལེ་སློབ་ཆེན།(Istituto Universitario Orientale di NAPOLI)ཉི་ཧོང་ཏཱ་གོ་སློབ་ཆེན་སོགས་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་པའི་སློབ་ཆེན་དག་ལ་མཉམ་འབྲེལ་གྱི་གྲོས་མཐུན་ཆིངས་ཡིག་བཞག་ཡོད། དེར་མ་ཟད་རྒྱལ་སྤྱིའི་སྟེང་གི་ཆེད་མཁས་པ་གྲགས་ཅན་གདན་ཞུ་བྱས་ནས་དཔེ་ཁྲིད་གནང་བཞིན་ཡོད་པའི་མཚུངས་སུ། དགེ་རྒན་དང་སློབ་མ་ཕུལ་བྱུང་ཅན་རྒྱལ་ཕྱིའི་སློབ་ཆེན་གྲགས་ཅན་དུ་གསོ་སྦྱོང་བྱེད་དུ་སྐྱེལ་བཞིན་ཡོད་པས། དགེ་སློབ་རྣམས་ལ་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རེད།