ཕོ་བྲང་པོ་ཏ་ལ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-05-20 17:46ལ་འགྲུབ།

ཕོ་བྲང་པོ་ཏ་ལ།

ཕོ་བྲང་པོ་ཏ་ལ།
ཕོ་བྲང་འདི་ནི་སྤྱི་ལོ་དུས་རབས་བདུན་པར་བོད་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོས་དམར་པོ་རིའི་སྟེང་དུ་གསར་དུ་བཞེངས་ཤིང་། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་སྤྱི་ཁྲེ་སུམ་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པའི་བྲག་རིའི་སྟེང་ཕོ་བྲང་དང་མཁར་རྫོང་། དགོན་པ་བཅས་བདག་ཉིད་གཅིག་ཅན་གྱི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་ཡིན་ལ། བརྩེགས་རིམ་བཅུ་གསུམ་གྱིས་གྲུབ་ཅིང་། ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན། དེ་ནས་ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ1645ཙམ་ལ་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་བསྐྱར་སྐྲུན་གནང་བ་དང་། རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ1690ལོར་རྒྱས་སྐྲུན་གནང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི36ལྷག་ཙམ་ཡོད་པ་དང་། མཐོ་ཚད་སྤྱི་ཁྲེ117.19དང། ཤར་ནུབ་ཀྱི་རིང་ཚད་ལ་སྨི360ཡོད་ལ། ལྷོ་བྱང་གི་ཞེང་ཚད་ལ་སྨི170ཡོད། སྤྱི་ལོ1961ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་ཆེན་གྱི་སྲུང་སྐྱོབ་སྡེ་ཚན་སྐོར་ཐེངས་དང་པོའི་ཁྲོད་བདམས་པ་དང་། སྤྱི་ལོ1994ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་ཤུལ་བཞག་རིག་གནས་ཁྲོད་བདམས་པ་རེད། ཕོ་བྲང་པོ་ཏ་ལ་ནི་བོད་མིའི་བློ་གྲོས་ཀྱི་རྩལ་ལས་གྲུབ་པ་ཡིན་པས་བོད་ཀྱི་ཤེས་རིག་མཚོན་བྱེད་ཅིག་ཡིན་ལ། སྙིང་སྟོབས་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
布达拉宫
ཕྱི་ཡིག་གི་མིང་།
Potala Palace
བཞེངས་ལོ།
དུས་རབས་བདུན་པ།
བཞེངས་མཁན།
ཆོས་རྒྱལ་སྲོང་བཙན་སྒམ་པོ།
བསྐྱར་བཞེངས་ཀྱི་ལོ།
སྤྱི་ལོ1645
བསྐྱར་བཞེངས་གནང་མཁན།
རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།
རྒྱས་སྐྲུན་གྱི་ལོ།
སྤྱི་ལོ1690
རྒྱས་སྐྲུན་གནང་མཁན།
སྡེ་སྲིད་སངས་རྒྱས་རྒྱ་མཚོ།
བཟོ་ལུགས།
བོད་ལུགས།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ།
ཁོངས་གཏོགས་ས་ཁུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར།
གནམ་གཤིས།
མཐོ་སྒང་རི་ཁུལ་ནམ་ཟླ།
སྲུང་སྐྱོབ་རིམ་ཚད།
རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན།
གནས་ཡུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དམར་པོ་རིའི་སྟེང་།
མཚོ་འཕགས།
སྨི3700
རྒྱ་ཁྱོན།
སྨི་གྲུ་བཞི་མ་ཁྲི36
མཐོ་ཚད།
སྨི117.19
ནུབ་བྱང་གི་རིང་ཚད།
སྨི360
ལྷོ་བྱང་གི་ཞེང་ཚད།
སྨི170
བརྩེགས་རིམ།
13
མཛེས་ལྗོངས་རིམ་ཚད།
རིམ་ཚདAAAAA
རིག་གནས་རིན་ཐང་།
འཛམ་གླིང་ཤུལ་བཞག་རིག་གནས།
གནས་མཇལ་གཙོ་བོ།
འཕགས་པ་ལོ་ཀེ་ཤ་ར།  གསེར་གདུང་འཛམ་གླིང་རྒྱན་གཅིག  གསེར་གདུང་འཛམ་གླིང་གཡས་བཞག   རྒྱལ་བའི་གཟིམ་ཆུང་སོགས་མང་།
ཡུལ་སྐོར་དུས་ཚིགས།
ཟླ་བ(3-10)
1 ངོ་སྤྲོད།

སྙན་པའི་གྲགས་པ་ཕྱོགས་བཞིར་མཆེད་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་ས་གྲོང་ཁྱེར་གྱི་དམར་པོ་རིའི་སྟེང་དུ་བཞེངས་ཡོད་པ་དང་། ཕོ་བྲང་དེར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། བོད་ཀྱི་དད་ལྡན་པ་ཡོངས་ཀྱིས་ཕོ་བྲང་འདི་ནི་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཏ་ལ་དང་དབྱེར་མེད་དུ་བརྩིས་ཏེ། གྲུ་འཛིན་གཉིས་པ་ཞེས་འབོད་བཞིན་ཡོད་ལ། ཕོ་བྲང་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྤྱི་ལོ་དུས་རབས་བདུན་པར་ཐོག་མར་བཞེངས་པ་དང་། སྐབས་དེའི་ཕོ་བྲང་པོ་ཏ་ལ་ནི་དམར་པོ་རི་ལ་ལྕགས་རི་རྒྱ་ཁྱོན་དཔག་ཚད་གཅིག་ཡོད་པ་དེ་ནི་གྲུ་བཞིར་སོ་ཕག་གིས་བརྩིགས། གཞན་ཡང་འཇིགས་པའི་ཡན་ལག་ཏུ་ལྕགས་རིའི་ནང་དུ་སོ་ཕག་གི་མཁར་དམར་པོ་དགུ་བརྒྱ་དགུ་བཅུ་གོ་དགུ་ཡོད་པ་དང་། རྗེའི་སྐུ་མཁར་གྱི་རྩེ་མོ་དང་བཅས་པ་སྟོང་ཡོད་པ་བརྩིགས མཁར་རེ་རེའི་རྩེ་ལ་མདུང་བ་དན་ཅན་སྟོང་བཙུགས། མཐའི་དམག་དཔུང་བྱུང་ཡང་མི་ལྔས་སྲུང་ཐུབ་པ་ལྟ་བུའི་སྲ་བརྟན་གྱི་ཁྱད་ཆོས་ལྡན། བོད་བཙན་པོའི་རྒྱལ་ཁབ་སིལ་བུར་ཐོར་རྗེས་དམག་འཁྲུག་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཕོ་བྲང་པོ་ཏ་ལ་འཇིག་ནས་ཉམས་རྒུད་ཆེན་པོ་བྱུང་། རྒྱལ་དབང་ལྔ་བས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་སྲ་བརྟན་དང་གོང་འཕེལ་གྱི་རྒྱུར་དམིགས་ནས་ཕོ་བྲང་པོ་ཏ་ལ་རྒྱས་སྐྲུན་བྱེད་རྒྱུའི་བཀའ་གནང་བ་དང་། སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་ཐུགས་འགན་བཞེས་ཏེ་ཕོ་བྲང་དཀར་པོ་གསར་བཞེངས་མཛད། རྒྱལ་དབང་ལྔ་བ་སྐུ་གཤེགས་ནས་ལོ་བརྒྱད་སོང་བའི་ལྕགས་རྟ་སྤྱི་ལོ1690ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་སྐྱོང་གནང་བའི་འོག་ཕོ་བྲང་དམར་པོ་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་མགོ་ཚུགས་ནས་ལོ་ངོ་གསུམ་གྱི་རིང་དུ་རྫོགས་པར་གྲུབ། ཕོ་བྲང་འདི་ནི་སྤྱི་ལོ་དུསརབས་བདུན་པའི་དུས་དཀྱིལ་དུ་བཞེངས་མགོ་ཚུགས་པ་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་འགོར་ཡོད་པ་དང་། དུས་རབས་རིམ་བྱོན་གྱི་ནང་དུ་རྒྱས་སྐྲུན་དང་ཉམས་གསོ་ཐེངས་མང་བྱས་པ་བརྒྱུད་ནས་ད་ཡོད་ཀྱི་གཞི་ཁྱོན་འདི་ཆགས་པ་ཡིན། ཕོ་བྲང་འདིར་ཐོག་སོ་རིམ་པ་བཅུ་གསུམ་ལྡན་ཞིང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི36ལྷག་ཙམ་ཡོད་པ་དང་། མཐོ་ཚད་སྤྱི་ཁྲེ117.19དང། ཤར་ནུབ་ཀྱི་རིང་ཚད་ལ་སྨི360 ཡོད་ལ། ལྷོ་བྱང་གི་ཞེང་ཚད་ལ་སྨི170 ཡོད། དམར་པོ་རིའི་རང་བྱུང་ཆགས་དབྱིབས་དང་བསྟུན་ཏེ་ལོ་ངོས་རི་ལྡེབས་ནས་རྩེ་མོའི་བར་བསྟར་ཆགས་སུ་བསྐྲུན་ཡོད་པ་དང་། ཕོ་བྲང་འདིའི་ཕྱི་ཡི་རྩིག་ངོས་སུ་བཙག་དང་ས་དཀར་བྱུགས་ཡོད་ལ། ཕོ་བྲང་གི་རྩེར་གསེར་ཟངས་ཀྱི་རྒྱ་ཕིབས་བསྟད་ཡོད་པས་ཕོ་བྲང་འདི་ནི་བརྗིད་ཉམས་ཆེ་ཞིང་ངོ་མཚར་ལྡན་པ་ཞིག་ཡིན།  

2 ལོ་རྒྱུས་འཕེལ་རིམ།

བཙན་པོ་སྲོང་བཙན་སྒམ་པོས་གསར་དུ་བཞེངས་པ།

ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོག་མར་བཞེངས། 《ཐང་ཡིག་གསར་མའི་བོད་ཀྱི་ལོ་རྒྱུས》ཞེས་པའི་དེབ་ནང་དུ་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་པར་གོང་མས་རང་གི་ཚ་མོ་འུན་ཁྲེན་ཀོང་ཇོ་བག་མར་གནང༌། བོད་དུ་འབྱོར་ནས་ཁོ་བོའི་སྔོན་ལ་གོང་མའི་སྲས་མོ་དང་གཉེན་བཟུང་བ་ནི་མེད་ན་ཀོང་ཇོ་ལ་སྐུ་མཁར་ཞིག་བཞེངས་ཏེ་ཕྱི་རབས་སུ་ངོམས་པར་སྙམ་ནས། ཕོ་བྲང་བརྩིགས་ཏེ་བཞུགས་ཞེས་འཁོད་པའི་ཕོ་བྲང་དེ་ནི་ལྕགས་རི་ཆེན་པོའི་ལྷོ་ངོས་ཀྱི་མཁར་དགུ་ཐོག་དེ་ཡིན་ཅིང་ཕོ་བྲང་པོ་ཏ་ལ་ནི་སྲོང་བཙན་སྒམ་པོར་བལ་བཟས་རོགས་རམ་གནང་ནས་བཞེངས་ཏེ། ཕོ་བྲང་དེར་པོ་ཏ་ལ་ཞེས་པའི་མིང་བཏགས།

དེ་ནས་པོ་ཏ་ལའི་ཕོ་བྲང་གི་ལྕགས་རི་བརྒྱབ་པའི་ཐོག་དེའི་ལྷོ་ངོས་སུ་རྒྱ་བཟའི་བཞུགས་གནས་མཁར་དགུ་ཐོག་ཅན་ཞིག་བཞེངས་ཏེ་བར་དུ་དངུལ་ཟམ་གཅིག་ཀྱང་བརྒྱབ་ནས་ཕར་འགྲོ་ཚུར་འོང་བྱེད་ས་བྱས་འདུག་ཅེས་བོད་ཡིག་གི་ལོ་རྒྱུས་ཐོག་འཁོད་ཡོད། སྐབས་དེའི་ཕོ་བྲང་པོ་ཏ་ལའི་གཞི་ཁྱོན་སྐོར《བཀའ་ཆེམས་ཀ་ཁོལ་མའི》ནང་དུ་འཁོད་པ་འདི་ལྟ་སྟེ། དམར་པོ་རི་ལ་ལྕགས་རི་རྒྱ་ཁྱོན་ཆེ་བའི་ཚད་དཔག་ཚད་གཅིག་ཡོད་པ་དེ་གྲུ་བཞིར་སོ་ཕག་གིས་བརྩིགས། གཞན་འཇིགས་པའི་ཡན་ལག་ཏུ་ལྕགས་རིའི་ནང་དུ་སོ་ཕག་གི་མཁར་དམར་པོ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་ཡོད་པ། རྗེའི་སྐུ་མཁར་གྱི་རྩེ་མོ་དང་བཅས་པ་སྟོང་ཡོད་པ་བརྩིགས། མཁར་རེ་རེའི་རྩེ་ལ་མདུང་བ་དན་དམར་པོ་ཁྲེའུ་ཅན་སྟོང་སྟོང་བཙུགས་པ་སྲིན་པོ་ལང་ཀ་པུ་རི་དང་ཆེས་མཚུངས་པ། མཐོང་བ་ཙམ་གྱི་གཞན་སྔངས་པར་བྱེད་པ་མཁར་དེ་བཙན་པའི་དབང་དུ་བྱས་ན་མཐའ་བཞིའི་རྒྱལ་པོས་དམག་དྲངས་ཀྱང༌། མཁར་དེ་མི་ལྔས་ཐུབ་པ་ཡིན་ཏེ། རྒྱལ་པོའི་རྩེ་མཁར་གྱི་རྩེར་བྱ་ར་བྱེད་པའི་མི་གཅིག་དང༌། སྒོའི་ལྕོག་བཞི་ལ་མི་རེ་རེ་སྟེ་མི་ལྔས་ཐུབ་པ། གཞན་ཡང་ལྕགས་རིའི་ལྷོ་ཕྱོགས་ཀྱི་ཐད་ན་ཡར་ལ་བཙུན་མོའི་ཕོ་བྲང་མཁར་དགུ་ཐོག་སོག་པོའི་མཁར་ལ་དཔེ་བླངས་པ་རྒྱལ་པོའི་ཕོ་བྲང་དང་མཉམ་པ་བརྩིགས་ཏེ། དེ་གཉིས་ཀྱི་བར་ན་གསེར་དངུལ་གྱི་ཟམ་པ་སྦྲེལ་ནས་ཡོད་པ་ལ་རྒྱལ་པོ་དང་བཙུན་མོ་ཕར་གཤེགས་མཛད་པ་ཞེས་འཁོད་པ་དེ་ནི་རྒྱ་བཟའི་ཆེད་དུ་བཞེངས་པའི་ཕོ་བྲང་ཡིན།

གཞན་ཡང་ཕོ་བྲང་ཤར་ཕྱོགས་ཀྱི་སྒོར་རྒྱལ་པོའི་ཆིབས་རྟ་རྒྱུགས་ས་ལ་འཕངས་སུ་འདོམ་དོ་དང༌། ཞེང་དུ་འདོམ་བཅོ་བརྒྱད། དཀྱུས་སུ་འདོམ་སུམ་བརྒྱ་ཡོད་པ་བྲུས་ཏེ། རྒྱ་རྫ་དང་སོ་ཕག་དང་སྤང་ལེབ་བརྩེགས་ཏེ། མཐའ་ན་ཤིང་གི་དྲ་བ་དྲ་ཕྱེད་ལ་ཚོན་རྩི་བྱུགས་ནས་པྲ་རྩིས་མནན་པ། རིན་པོ་ཆེས་སྤྲས་པ། ཕྱི་གསལ་ནང་གསལ་བྱས་པ་དེ་ལྟ་བུའི་ནང་ན་རྟ་གཅིག་རྒྱུགས་ཀྱང་རྟ་པ་སུམ་བརྒྱ་རྒྱུགས་པའི་སྒྲ་སྐད་འབྱུང་ཚུལ་འཁོད་ཡོད།

ཉམས་རྒུད་དུ་གྱུར་བ།

དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་ཏཱ་ལའི་བླ་མ་སྐུ༌ཕྲེང་ལྔ་པས་ཕོ་བྲང་པོ་ཏ་ལ་བསྐྱར་སྐྲུན་མཛད་པའི་སྐབས༌དེའི་སྐོར་གྱི་ལྡེབས་རིས་ཕོ་བྲང་དཀར་པོའི་བདེ་ཡངས་ཤར་གསུམ་སྐས་འགོའི་ཀ་སྤུངས་སྟེང་གི་གྱང་ངོས་སུ་སྔར་གྱི་རྣམ་པ་ཇི་བཞིན་བཤུས་ནས་བཀོད་ཡོད། ཡིན་ནའང་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་པའི་ཕོ་བྲང་དེ་དག་ད་བར་ཉམས་མེད་སྲུང་འཛིན་མ་ཐུབ་པ《དབུས་གཙང་གི་ལོ་རྒྱུས་དེབ་ཐེར》ནང་དུ་འཁོད་པ་ལྟར་ན། དེ་རྗེས་མང་སྲོང་མང་བཙན་གྱི་དུས་སུ་ཟིང་ཆ་བྱུང་སྟེ་རྒྱ་དམག་གིས་པོ་ཏ་ལའི་ཕོ་བྲང་བཤིག་ནས་སྤྱན་རས་གཟིགས་ཀྱི་ལྷ་ཁང་གཅིག་མ་གཏོགས་ལུས་མི་འདུག་ཅེས་འཁོད་པ་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་གཞན་གྱི་ནང་དུའང་སྤྱི་ལོའི་དུས་རབས་བརྒྱད་པར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་པོ་ཏ་ལར་ཐོག་བརྒྱབ་ནས་གཏོར་སྐྱོན་ཕོག་ཚུལ་འཁོད་པ་བཅས་ལས་ད་ལྟའི་ཕོ་བྲང་པོ་ཏ་ལ་དེ་གནའ་བོའི་ཕོ་བྲང་གི་རྗེས་ཤུལ་ཐོག་ཏུ་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་གསལ་པོར་མངོན།

སྤྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་གྱི་རྗེས་སུ་བོད་ཀྱི་སྤྱི་ཚོགས་ཡུན་རིང་ཡམ་ཡོམ་ཟང་ཟིང་གི་གནས་སུ་གྱུར་པས་ཕོ་བྲང་འདི་ཉིད་ཀྱང་ཉམས་གུད་དུ་གྱུར་པ་སྟེ། བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་པ་ལྟར་ན་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་བཀའ་གདམས་པའི་དགེ་བཤེས་ཁྱུང་པོ་གྲགས་སེས་པོ་ཏ་ལར་ཆོས་གསུང་མྱོང་བ་དང༌། དེ་རྗེས་མཚུར་ཕུ་ཀརྨ་པ་དང༌། དགེ་ལུགས་བསྟན་པའི་སྲོལ་འབྱེད་ཙོང་ཁ་པ་དང་ཁོང་གི་སློབ་མ་བཅས་ཀྱིས་པོ་ཏ་ལར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་ལུགས་འཁོད་པ་དེ་དག་ལས་སྐབས་དེར་པོ་ཏ་ལ་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཙམ་དུ་འགྱུར་ཡོད་པའི་གསལ་བཤད་བྱུང༌།

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བསྐྱར་སྐྲུན་མཛད་པ།

སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་རྗེ་ཙོང་ཁ་པས་གསར་གཏོད་མཛད་པའི་དགེ་ལུགས་པའི་སྟོབས་ཤུགས་ཉིན་བཞིན་ཇེ་ཆེར་སོང་སྟེ་མཐར་བོད་ཡོངས་སུ་དབང་བསྒྱུར། 《བོད་ཀྱི་ལོ་རྒྱུས་མེ་ལོང་འཕྲོས་བསྒྲིགས》ནང་དུའང༌། སྐབས་དེར་གཙང་པ་རྒྱལ་པོ་ཕ་བུ་གཉིས་ཀྱིས་རིན་སྤུངས་པའི་དབང་ཆ་གཡོ་འཕྲོག་བྱས་ནས་སླར་ཡང་ཞྭ་སེར་བསྟན་པ་བཅོམ་པས། སྐབས་དེར་ཇུན་གར་རྒྱལ་པོ་གུ་ཤྲི་ཧན་གྱིས་གནས་ཚུལ་དེ་གོ་རྗེས་དམག་ཁྲིད་དེ་མཚོ་སྔོན་ནས་ནུབ་ཕྱོགས་སུ་ཡོང་སྟེ་གཙང་པ་རྒྱལ་པོའི་སྲིད་དབང་གཏོར་རྗེས། བོད་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(སྤྱི་ལོ1642)ལོར་བོད་ཤིང་སྒོ་ཅན་ཡོངས་ཀྱི་རྒྱལ་བློན་གཞན་རྣམས་ཀྱང་ང་རྒྱལ་གྱི་གདོང་པ་སྨད་དེ་གུས་འདུད་ལྷུར་ལེན་པ་དེ་ནས་གུ་ཤྲི་ཧན་གྱིས་བོད་ཆོལ་ཁ་གསུམ་གྱི་དབང་ཆ་ལག་ཏུ་བཟུང་ཞིང་རྒྱལ་པོ་དེས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཆོས་སྲིད་ཀྱི་དབང་ཆ་ཚང་མ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕུལ་བ་ལྟར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་རེད་ཅེས་བཀོད་ཡོད།

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(སྤྱི་ལོ1642)ལོར་སྲིད་དབང་ཕྱག་བཞེས་མཛད་ནས་ལོ་གསུམ་སོང་རྗེས་ཕོ་བྲང་པོ་ཏ་ལ་བསྐྱར་སྐྲུན་གནང་འགོ་བརྩམས་པ་བོད་ཀྱི་དེབ་ཐེར་དུ་འཁོད་པ་ལྟར་ན། རབ་བྱུང་བཅུ་གཅིག་པའི་ཤིང་བྱ(སྤྱི་ལོ1645)ལོའི་བོད་ཟླ3ཚེས25ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གིས་གུ་ཤྲི་ཧན་ལ་སོགས་པ་དང་ལྷན་དུ་དམར་པོ་རིར་གཟིགས་ཞིབ་གནང་བར་ཕེབས་ཏེ་སྡེ་པ་བསོད་ནམས་རབ་བརྟན་ལ་ཕོ་བྲང་གསར་བཞེངས་ཀྱི་གཙོ་སྐྱོང་བྱེད་དགོས་པའི་བཀའ་བསྩལ་བ་ལྟར་དུས་ཡུན་ལོ་གསུམ་སོང་རྗེས་ས་བྱི(སྤྱི་ལོ1648)ལོར་ཕོ་བྲང་དཀར་པོ་བཞེངས་གྲུབ་པ་དང༌། ཏཱ་ལའི་བླ་མ་མཆོག་ཀྱང་འབྲས་སྤུངས་ཀྱི་དགའ་ལྡན་ཕོ་བྲང་ནས་ཕོ་བྲང་དཀར་པོའི་རྩེ་ཐོག་གཟིམ་ཆུང་ཉི་འོད་དུ་གནས་སྤོ་མཛད།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱས་སྐྲུན་མཛད་པ།

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་ནས་ལོ་བརྒྱད་སོང་བའི་ལྕགས་རྟ(སྤྱི་ལོ1690)ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་སྐྱོང་གནང་བའི་འོག་ཕོ་བྲང་པོ་ཏ་ལ་སླར་ཡང་རྒྱས་སྐྲུན་ཆེན་པོ་ཐེངས་གཅིག་མཛད་དེ་ཕོ་བྲང་དམར་པོ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་གདུང་གསར་སྐྲུན་མཛད་པ་ཆུ་བྱ(སྤྱི་ལོ1693)ལོའི་ཟླ4པར་མཇུག་བསྒྲིལ(ཕོ་བྲང་ནང་ངོས་དང་ཞོར་གཏོགས་བཟོ་སྐྲུན་ཁག་གཅིག་མེ་བྱི(སྤྱི་ལོ1696)ལོར་གཞི་ནས་ཡོངས་སུ་རྫོགས་པ་གྲུབ)། བོད་ཟླ4ཚེས21ཉིན་ཕོ་བྲང་དམར་པོ་ལེགས་གྲུབ་ཟིན་པའི་དགའ་སྟོན་གཟབ་རྒྱས་ཚོགས་པ་དང་སྦྲགས་ཡི་གེ་མ་འཁོད་པའི་རྡོ་རིང་གཅིག་ཀྱང་དྲན་རྟེན་དུ་བཙུགས(དེ་ལ་རྡོ་རིང་ནང་མ་ཟེར)  དེའི་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་མུ་མཐུད་ཉམས་གསོ་རྒྱས་སྐྲུན་མཛད་ནས་ད་ལྟའི་ཕོ་བྲང་པོ་ཏ་ལའི་གཞི་ཁྱོན་འདི་ལྟ་བུ་ཆགས་སོ། །

3 བཟོ་བཀོད།

སྙན་པའི་གྲགས་པ་འཛམ་གླིང་ས་ཕྱོགས་ཀུན་ཏུ་ཁྱབ་པའི་ཕོ་བྲང་པོ་ཏ་ལ་ནི། རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་གནའ་བོའི་མཁརརྫོང་གྲས་ཤིག་ཡིན་པ་དེ་ནི་བོད་རིགས་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་སྙིང་བཅུད་གཅིག་ཏུ་བསྡུས་པ་ལས་གྲུབ་པ་ཞིག་ཡིན། བརྗིད་ཆགས་གཟི་འོད་འབར་བའི་ཕོ་བྲང་པོ་ཏ་ལ་དེ་ལྷ་སའི་དམར་པོ་རིའི་སྟེང་དུ་ཆགས་ཡོད་པ་དང༌། རྟ་པའི་ཉིན་ལམ་གཅིག་གིས་ཆོད་པའི་ཐག་རིང་གི་ས་ནས་ཀྱང་བཀྲག་མདངས་མཚར་དུ་དངར་བའི་ཁང་བརྩེགས་དང༌། གསེར་འོད་ཆེམ་ཆེམ་འཕྲོ་བའི་རྒྱ་ཕིབས་བཅས་དགུང་སྔོན་མཐོན་པོའི་དབྱིངས་སུ་ཕྲ་ལམ་ལམ་དུ་མངོན་ཐུབ་པས་སྐྱེ་བོའི་ཡིད་དབང་ཅིག་ཅར་འགུགས་པའི་ནུས་པ་ལྡན་པ་ཞིག་ཡོད།

ཕོ་བྲང་པོ་ཏ་ལའི་མཐོ་ཚད་ལ་སྤྱི་ཁྲེ117.19དང་ཤར་ནུབ་དབར་གྱི་རིང་ཚད་སྤྱི་ཁྲེ360ལྷག་ཙམ་ཡོད་པ་དམར་པོ་རིའི་རང་བྱུང་ཆགས་དབྱིབས་དང་བསྟུན་ཏེ་ལྷོ་ངོས་རི་ལྡེབས་ནས་རྩེ་མོའི་བར་བསྟར་ཆགས་སུ་བསྐྲུན་ཡོད་ཅིང༌། ཁང་ཆེན་གཙོ་བོར་ཐོག་བརྩེགས་བཅུ་གསུམ་ཡོད། བཟོ་སྐྲུན་དངོས་པོ་ཡོངས་རྫོགས་རྡོ་ཤིང་ལས་གྲུབ་པ་དང་རྩིག་པའི་ཞེང་ལ་སྤྱི་ཁྲེ་གཉིས་ནས་ལྔ་བར་ཡོད་པ་དང༌། རྩིག་པ་ཚང་མ་རྫ་རྡོ་ཆེན་པོ་ཤ་སྟག་ལས་བརྩིགས་ཤིང༌། ཕྱི་རྩིག་གི་རྨང་གཞི་ཐད་ཀར་བྲག་རྡོའི་སྟེང་དུ་བཙུགས་ཡོད།

ཤོད་རྒྱུན་ལྟར་ན་ཕོ་བྲང་གི་ཕྱི་རྩིག་གནད་ཆེ་བ་རྣམས་རྡོ་རྩིག་ཕྱི་ནང་རིམ་པ་ཉིས་གཤིབས་སུ་བསྐྲུན་ཡོད་པའི་མཐོ་ཚད་ལ་སྤྱི་ཁྲེ་བཅུ་ཙམ་ཡོད་པའི་ཐོག བར་ཐག་ངེས་ཅན་རེའི་མཚམས་སུ་རྩིག་པའི་རྩེ་ནས་ཁྲོ་ཆུ་བྲག་རྡོར་མ་ཐུག་བར་བླུགས་ཡོད་པས་སྲ་ཞིང་བརྟན་པ་མ་ཟད། ས་ཡོམ་འགོག་པའི་ནུས་པ་ཆེན་པོ་ཡོད། དེར་བརྟེན་ད་བར་ལོ་ངོ་སུམ་བརྒྱ་ལྷག་ཙམ་སོང་རུང་སྔར་བཞིན་ཉམས་ཆག་མེད་པར་གནས་ཐུབ་པ་བྱུང་བ་དེ་ལས་གནའ་བོའི་བོད་རིགས་ཀྱི་བཟོ་སྐྲུན་ལག་རྩལ་དེ་རྩེར་སོན་གྱི་ཚད་དུ་སླེབས་ཡོད་པར་ར་འཕྲོད་བྱུང༌།

ཕོ་བྲང་པོ་ཏ་ལ་ནི་ཕོ་བྲང་དམར་པོ་དང་ཕོ་བྲང་དཀར་པོ་ཁག་གཉིས་ལས་གྲུབ་ཅིང༌། དེ་ཡང་ནུབ་ངོས་སུ་ཕོ་བྲང་དམར་པོ་དང་དེའི་གཞོགས་ཤར་ངོས་སུ་ཕོ་བྲང་དཀར་པོ་སྟེ་དཀར་དམར་སྤེལ་མའི་ཁང་ཚོགས་དེ་དག་ལ་ཕོ་བྲང་དང་ལྷ་ཁང་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་ཡོད།

ཕོ་བྲང་གི་རྩེ་ཐོག་ཏུ་ཉམས་འགྱུར་མི་འདྲ་བའི་གསེར་ཟངས་ཀྱི་རྒྱ་ཕིབས་དྲུག་བཀབ་ཡོད་པའི་སྣེ་མོ་བཞིར་ཆུ་སྲིན་དང་གདུང་རིང་གི་སྟེང་དུ་ཤང་ཤང་དང་གན་ཇི་རས་བརྒྱན་པ་དང་གསེར་ཟངས་ཀྱི་རྒྱལ་མཚན་བསྟར་ཕྲེང་བསྒྲིགས་ནས་གསེར་འོད་ཆེམ་ཆེམ་འཕྲོ་ཞིང་ལྷག་པར་བརྗིད་ཆགས་ཡིད་དུ་འོང་བར་གྱུར།

ཕོ་བྲང་གི་ནང་ངོས་སུ་གསང་སྔགས་དཀྱིལ་འཁོར་གྱི་འགྲོས་དང་མཐུན་པར་སྒྲིག་བཀོད་བྱས་ཡོད་པ་དང༌། ཕོ་བྲང་གི་ཀ་གདུང་བརྐོས་མ་དང༌། ལྡེབས་རིས་མཚོན་མདངས་རྣམ་པར་བཀྲ་བ། ལྷ་ཁང་དང་མཆོད་ཁང་གི་ཀ་གཞུ་དང༌། གདུང་མ། སྒོ་སྟེང་བཅས་གང་སར་མཛེས་རིས་སྣ་ཚོགས་བཀོད་ཡོད་པས་དེའི་ནང་དུ་སླེབས་མ་ཐག་ཏུ་ལྷའི་ཕོ་བྲང་ས་སྟེང་དུ་འཕོས་པའམ། ངོ་མཚར་ཆེ་བའི་འཇིག་རྟེན་གཞན་ཞིག་ཏུསླེབས་པ་ལྟ་བུའི་འཆར་སྣང་ཡོང་གི་ཡོད།

ཕོ་བྲང་དམར་པོ་བཞེངས་པའི་སྐོར་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི《གསེར་གདུང་འཛམ་གླིང་རྒྱན་གཅིག་ཀི་དཀར་ཆག》ནང་དུ་འཁོད་གསལ། ཐོག་མའི་འཆར་གཞི་ལྟར་ན་ཆོས་རྒྱལ་སྒྲུབ་ཕུག་དང་འཕགས་པ་ལྷ་ཁང་གཉིས་བཤིག་ནས་ཕོ་བྲང་དམར་པོ་པོ་ཏ་ལའི་དབུས་སུ་བཞེངས་རྩིས་ཡིན་ཀྱང་རྗེས་སུ་ཆོས་རྒྱལ་སྒྲུབ་ཕུག་ནི་སྲོང་བཙན་སྒམ་པོའི་སྒྲུབ་ཁང་ཡིན་པ་དང༌། འཕགས་པ་ལྷ་ཁང་ཡང་པོ་ཏ་ལའི་མཆོད་ཁང་སྔ་ཤོས་ཀྱི་གྲས་ཡིན་པའི་ཁར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་མཚམས་སུ་བཞུགས་མྱོང་བའི་གནས་ཡིན༌པར་བརྟེན་དེ་དག་བཤིག་ན་རྟེན་འབྲེལ་མི་ལེགས་པར༌དགོངས་ནས་མཐར་ཤར་ངོས་ཀྱི་ལྷ་ཁང་ཁག་གཅིག་བཤིག་ནས་ཕོ་བྲང་དམར་པོ་བཞེངས། རབ་བྱུང་བཅུ་གཉིས་པའི་ལྕགས་རྟ(སྤྱི་ལོ1690)ལོའི་ཟླ2པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསེར་གདུང་ཁང་བཞེངས་འགོ་ཚུགས་ཏེ་ཆུ་བྱ(སྤྱི་ལོ1693)ལོའི་ཟླ4པར་ཕྱི་ངོས་ཀྱི་ལས་གྲྭ་མཇུག་བསྒྲིལ་ཞིང༌། ཁྱོན་བསྡོམས་འགྲོ་གྲོན་རྒྱ་དངུལ་སྲང213436སོང༌།

སྐབས་དེར་ལོ་རེར་ས་གནས་ཁག་གི་རྫོང་གཞིས་རེས་མོས་ཐོག་ནས་བསྐུལ་བའི་ལས་མི་དམངས་རྒྱུགས་ལྔ་སྟོང་བདུན་བརྒྱ་ལྷག་ཙམ་གྱི་ཁར་ལྷ་བྲིས་པ་དང༌། ཚགས་པ། པར་པ། ཚོན་པ། རྡོ་བཟོ། ཤིང་བཟོ། འཇིམ་བཟོ། ལུགས་པ། ལྕགས་བཟོ། གསེར་བཟོ། ཕྲ་བཟོ། ཟངས་བཟོ། འཚེམ་བཟོ། སྐུད་བཟོ། མཉན་པ་སོགས་ལག་རྩལ་བཟོ་པ་མི་གྲངས1960ལྷག་ཙམ་ཡོད་པ་དང༌། གོང་མ་ཁང་ཤིས་རྒྱ་ཕིབས་བཟོ་མཁན་རྒྱ་རིགས་ལག་རྩལ་པ་མི་གྲངས14བཏང་ཡོད་ཅིང༌། ད་དུང་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནས་གསེར་བཟོ་དང་ཕྲ་བཟོ་མཁས་ཅན་གྱི་བལ་པོའི་བཟོ་པ་ཡང་བརྒྱ་ལྷག་ཙམ་ཡོད། དེའི་ཐོག་འུལ་མི་བསྣན་ན་ཉིན་ལྟར་ལས་གྲ་དེར་ཞུགས་མཁན་མི་གྲངས7700ལྷག་ཙམ་ཡོད། ལས་བཟོ་དེ་དག་གི་ནང་ནས་འུལ་མི་རྣམས་རྒྱགས་རང་འཁུར་གྱིས་ལས་ཁྲལ་ལ་ཡོང་བ་ཕུད། དེ་བྱིངས་ཆེད་ལས་ལག་རྩལ་བཟོ་རིགས་ཚང་མར་རིམ་པ་གསུམ་དུ་བགོས་ཏེ་ཟླ་རེའི་གླ་ཕོགས་དང༌། འཛུགས་སྒང་གྲོལ་གསུམ་ལ་འཕར་མའི་སྟོན་མོ་དང་བྱ་དགའ་བཅས་ཡོད་ཚུལ་སྐོར་ཞིབ་ཕྲ་སྐབས་དེའི་ལོ་རྒྱུས་ཡིག་ཆ་ཁག་ནང་གསལ། ཕོ་བྲང་པོ་ཏ་ལའི་བཟོ་བཀོད་ནི་རིམ་པ་མང་བའི་གྲུ་བཞི་ནར་མོའི་ངོས་སྙོམས་ཕན་ཚུན་འབྲེལ་ནས་གྲུབ་པ་དང༌། རིམ་པ་ཕན་ཚུན་བསྣོལ་མར་བརྩེགས་ཤིང༌། དེ་ཡང་དམར་པོ་རིའི་ས་དབྱིབས་ཆགས་ཚུལ་གྱི་ཁྱད་ཆོས་དང་བསྟུན་ཡོད་སྟབས་ཀྱག་ཀྱོག་དང་ངོས་སྙོམས་ཀྱི་གྲུབ་ཚུལ་རྙོག་འཛིང་ཆེ་བ་དང༌། ཕོ་བྲང་དང༌། མཁར་རྫོང༌། ལྷ་ཁང༌། ལས་ཁུངས་ཚུགས་ས་དང༌། ལས་ཤག་བཅས་སྣེ་མང་ཟུང་དུ་འབྲེལ་བ། སྲོལ་རྒྱུན་ཤུལ་འཛིན་གང་ལེགས་བྱས་ཡོད་པའི་ཁར་ཀ་བ་དང་གདུང་མ། སྒོ་སོགས་ཀྱི་རྒྱན་འགྲོས་ཐད་ལ་བོད་སྔ་རབས་ཀྱི་ཤིང་བརྩེགས་རིམ་པ་བཅུ་གསུམ་དང༌། གནམ་རྒྱན་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་དང༌། མི་རིགས་གཞན་དག་གི་བཟོ་སྐྲུན་ལག་རྩལ་འོས་འཚམས་ཀྱི་བསྡུ་ལེན་བྱས་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

4 ལྡེབས་རིས།

ཕོ་བྲང་པོ་ཏ་ལའི་མཆོད་ཁང་དང་ཚོམས་ཆེན་ཚང་མའི་གྱང་ངོས་སུ་ཚོན་མདངས་རྣམ་པར་བཀྲ་བའི་ལྡེབས་རིས་ཆེས་མང་པོ་བཀོད་ཡོད། ལྡེབས་རིས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང༌། དེའི་ནང་མང་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཡིན།

བོད་ཀྱི་ལྡེབས་རིས་ནི་རྒྱུན་དུ་མུ་འབྲེལ་རི་མོའི་རྣམ་པ་སྤྱད་ནས་ཕལ་ཆེ་བར་བོད་ཡིག་གི་འགྲེལ་བཤད་བཀོད་ཡོད་པས་བོད་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་འཕེལ་རྒྱས་འགྲོ་བའི་སྐོར་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན།

ཕོ་བྲང་དཀར་པོའི་ལྡེབས་རིས།

བོད་ཡིག་ཡིག་ཆའི་ནང་དུ་འཁོད་པ་ལྟར་ན། ཕོ་བྲང་དཀར་པོའི་ལྡེབས་རིས་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་བྱི(སྤྱི་ལོ1648)ལོའི་ཟླ5པར་འབྲི་འགོ་བརྩམས་པ་དང་ལས་ཀར་ཞུགས་མཁན་ལྷ་བྲིས་པ་མི་གྲངས63ཡོད་ཅིང༌། ལས་རྒྱུན་ལོ་ངོ་བཅུ་ལྷག་ཙམ་རིང་དུ་གྲུབ་པར་བྱས་ཡོད། སྐབས་དེར་བོད་ལྗོངས་ཡོངས་སུ་མཁས་གྲགས་ཅན་གྱི་རི་མོ་མཁས་པ་ཚང་མ་བསྡུས་པའི་ཐོག་པཎ་ཆེན་སྐུ་ཕྲེང་བཞི་པས་ཆེད་མངགས་གཙང་ཁུལ་གྱི་གྲགས་ཅན་ལྷ་རིས་པ་ཆོས་དབྱངས་རྒྱ་མཚོ་ལྷ་སར་གཏོང་གནང་གིས་ཕོ་བྲང་དཀར་པོའི་ཚོམས་ཆེན་ཤར་གྱི་ལྡེབས་རིས་འབྲི་བའི་ལས་དོན་ནང་ཞུགས། ལྡེབས་རིས་དེ་ཚོའི་ནང་དོན་ནི་བོད་མིའི་འབྱུང་ཁུངས་དང༌། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནས་ལྔ་པའི་བར་གྱི་རྣམ་ཐར་རགས་བསྡུས་སོགས་ཡིན།

ཕོ་བྲང་དམར་པོའི་ལྡེབས་རིས།

ཕོ་བྲང་དམར་པོའི་ལྡེབས་རིས་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་བྲིས་པ་ཞིག་ཡིན། ཡིག་ཆའི་ནང་འཁོད་པ་ལྟར་ན་ཁྱོན་སྡོམ་ལྷ་རིས་པ་མི་གྲངས236ལས་ཀར་ཞུགས་ཡོད་པའི་ནང་སྨན་ཐང་ལུགས་ཀྱི་རི་མོ་མཁས་པ་མི162དང་མཁྱེན་བརྩེའི་ལུགས་ཀྱི་རི་མོ་མཁས་པ་མི74ཡོད་པས་ལྷ་རིས་པའི་མི་གྲངས་ཕོ་བྲང་དཀར་པོའི་ལྡེབས་རིས་འབྲི་བའི་སྐབས་ལས་ལྡབ་གསུམ་ལ་ཉེ་བ་འཕར་ཡོད།

ཚབ་མཚོན་ཅན་གྱི་ལྡེབས་རིས།

ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ནི་བྲིས་ཆ་ཞིབ་ཚགས་ལ་གཟུགས་བརྙན་གསོན་ཉམས་ལྡན་པ་ཡོད་ཅིང༌། གཤམ་དུ་ཚབ་བྱེད་རང་བཞིན་ལྡན་པའི་བྲིས་ཆ་ཁག་གཅིག་བདམས་ནས་ངོ་སྤྲོད་རགས་QQ截图20160520170747.png.pngཙམ་ཞུས་ན། ལོ་རྒྱུས་ཀྱི་ནང་དོན་མཚོན་པའི་བྲིས་ཆའི་ཐད། ཕོ་བྲང་དཀར་པོའི་གསུམ་སྐས་འགོའི་ཀ་སྤུངས་སྟེང་གྱང་ངོས་སུ་དུས་རབས་བདུན་པའི་ནང་དམར་པོ་རིའི་སྟེང་དུ་བཞེངས་པའི་ཕོ་བྲང་གི་རྣམ་པ་བཀོད་པའི་རི་མོ་དང༌། དེའི་འགྲམ་དུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་སྐོར་རི་མོ་ཞིག་ཡོད་པ་དེའི་དབུས་སུ་རྟ་གསུམ་གྱིས་དྲངས་པའི་ཤིང་རྟའི་ནང་ཇོ་བོ་ཤཱཀྱ་མུ་ནེ་དང་དེའི་གཞོགས་སུ་ཀོང་ཇོ་བཞུགས་པ་སྐུ་འཁོར་མི་སྣ་རྣམས་རྟ་བཞོན་འགྲོ་བ་བཅས་བྲིས་ཡོད།

དེ་མིན་ད་དུང་བོད་ཀྱི་བློན་ཆེན་མགར་སྟོང་བཙན་གྱིས་སྲོང་བཙན་སྒམ་པོའི་ཆེད་དུ་ཐང་གོང་མའི་དྲུང་དུ་གཉེན་སློང་བ་དང༌། གོང་མས་གཉེན་སློང་ཕོ་ཉར་རིག་པ་ཐེངས་དྲུག་འགྲན་དུ་བཅུག་པའི་རི་མོ་འཁོད་ཡོད།

ཕོ་བྲང་དཀར་པོའི་ཚོམས་ཆེན་ཤར་གྱི་ལྡེབས་རིས་སུ་གྱིམ་ཤིང་ཀོང་ཇོས་མེ་ལོང་བསྣམས་པའི་རི་མོ་འཁོད་པ་སོགས་ལྡེབས་རིས་དེ་དག་ལས་ལོ་ངོ་ཆིག་སྟོང་ལྷག་ཙམ་གོང་ནས་ཐང་བོད་གཉིས་དབར་གཉེན་འབྲེལ་མཛའ་མཐུན་གྱི་འབྲེལ་བ་དམ་ཟབ་བྱུང་བའི་གནས་ཚུལ་གསོན་རྗེན་དུ་མངོན་པར་བྱས་ཡོད།

ཕོ་བྲང་དམར་པོའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་ཀྱི་གྱང་ཐོག་ཏུ་ལྡེབས་རིས་ཚན་པ698ཡོད་ཅིང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་ཚེ་ཧྲིལ་བུའི་མཛད་པ་བཀོད་པ་དེའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག(སྤྱི་ལོ1652)ལོར་པེ་ཅིན་དུ་ཕེབས་ཏེ་གོང་མ་ཧྲུན་ཀྲེ་མཇལ་བའི་མཛད་སྒོའི་བྲིས་ཆ་ཡོད།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གསེར་གདུང་ཁང་གི་ལྡེབས་རིས་ནང་དུའང་བོད་རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(1908)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིན་དུ་ཕེབས་ཏེ་གོང་མ་ཀོང་ཞུའི(光绪)དང་ཚེ་ཞི་ཐད་ཧའུ(慈禧太后)གཉིས་དང་མཇལ་ཕྲད་གནང་བ་དང༌། པེ་ཅིན་དུ་བཞུགས་སྐབས་ཀྱི་མཛད་སྒོའི་གནས་ཚུལ་བཅས་བཀོད་ཡོད།

ཕོ་བྲང་དམར་པོ་བཟོ་སྐྲུན་བྱས་པའི་སྐོར་ལ་ཕོ་བྲང་དམར་པོའི་ཚོམས་ཆེན་ནུབ་མའི་བར་ཐོག་གྱང་ངོས་སུ་ལྡེབས་རིས་ཚོ་གཅིག་བཀོད་ཡོད་པ་དེ་ཡི་ཐོག་ནས་ཕོ་བྲང་དམར་པོ་གསར་བཞེངས་བྱེད་པའི་སྐབས་ཀྱི་གནས་ཚུལ་ངོ་མ་གསལ་རྗེན་དུ་མཚོན་ཐུབ་པ་སྟེ་བྲེལ་འཚབ་ཆེ་བའི་ལས་མི་ཚོས་ཤིང་གདུང་ཆེན་པོ་དཔུང་པས་བཏེགས་པ། རྡོ་ཆེན་སྒལ་པར་འཁུར་ནས་སྐེད་པ་སྒུར་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་རི་སྟེང་དུ་སྐྱེལ་བ། ལག་ཤེས་པ་ཚོ་དང་ཚོ་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱུ་ཆ་སྣ་ཚོགས་ལས་སྣོན་བྱེད་པ། མཉན་པ་ཚོས་ལྷ་ས་སྐྱིད་ཆུའི་རྦ་རླབས་ལང་ལོང་གི་ཁྲོད་དུ་རྡོ་བ་བྱུར་བུར་བཀང་བའི་ཀོ་གྲུ་བཏང་ཞིངབསྐྱོད་པ། ལས་གྲྭའི་ལས་ཡུལ་ཐོག་ལས་མི་གཅིག་རྩིག་པའི་སྟེང་ལས་མར་ལྷུང་ཏེ་རྡོ་སྐས་ཀྱི་འགྲམ་དུ་དབུགས་ཆད་པ་སོགས་བཀོད་འདུག

ཕོ་བྲང་དམར་པོའི་ལྡེབས་རིས་སུ་ད་དུང་སྣང་ཚུལ་འདི་ལྟ་བུ་ཞིག་བཀོད་འདུག་པར། སོག་པོའི་རྟ་དམག་ཁྱུ་གཅིག་ལྷ་སའི་ཁྲོམ་གཞུང་དུ་མགོ་འཕང་མཐོ་ཞིང་སྤོབས་ཉམས་ཆེན་པོས་བསྐྱོད་བཞིན་ཡོད་པ་དེ་ཚོའི་ལག་ཏུ་ཁྲག་དྲོན་འཛགས་པའི་མི་མགོ་རེ་འཁྱེར་ཡོད་པ་དེ་ནི《གསེར་གདུང་དཀར་ཆག》ནང་འཁོད་པ་ལྟར་ན་ཕོ་བྲང་དམར་པོ་བཟོ་སྐྲུན་བྱེད་པའི་སྐབས་ཀོང་པོ་ཁུལ་གྱི་མི་དམངས་ལ་ཤིང་ཁྲལ་ལྗིད་པོ་བཀལ་བའི་ཁར་ལས་དཔོན་གྱིས་སྒེར་དོན་ཞོར་སྒྲུབ་ཀྱི་ཧམ་གནོན་ཚོད་མེད་བྱས་པའི་རྐྱེན་གྱིས་ཁུལ་དེའི་མི་དམངས་ཀྱིས་གྱེན་ལྡོག་བྱས་པ་དང༌། དེའི་སྐབས་སུ་བོད་ཀྱི་དབང་སྒྱུར་གྲལ་རིམ་གྱིས་འཛེམས་བག་མེད་པར་སོག་པོའི་རྟ་དམག་བེད་སྤྱད་དེ་དྲག་གནོན་བྱས་ཐོག་གྱེན་ལོག་བྱེད་པོ་མི་སུམ་ཅུ་ལྷག་ཙམ་དམར་གསོད་བཏང་བ་མ་ཟད་ཁོ་ཚོའི་མགོ་ལག་ལྷ་སར་འཁྱེར་ནས་ཁྲོམ་སྟོན་བྱས་པའི་སྐོར་མཚོན་བྱེད་ཡིན་འདུག(ལྡེབས་བྲིས་དེ་དག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་བཀོད་སྒྲིག་གནང་བ་ཡིན)

བོད་ཀྱི་ལྡེབས་རིས་འབྲི་བར་སྤྱོད་པའི་ཚོན་རྩི་ཕལ་ཆེ་བ་སྙེ་མོ་དང༌། མལ་གྲོ་གུང་དཀར། ཡངས་པ་ཅན་སོགས་ཀྱི་རྫ་གསེབ་བྲག་ཕུག་ནས་བཏོན་པ་ཡིན་ཅིང༌། དེ་དག་ནི་རང་རེའི་མེས་པོ་ཚོས་སྲོག་ཉེན་དང་དཀའ་ངལ་ལ་མ་འཛེམས་པར་བྲག་རི་གཡང་གཟར་ཅན་ནམ་མུན་པ་གནག་པའི་ས་ཁུང་གི་ནང་ནས་ཚོན་རྩི་འདུས་པའི་གཏེར་རྡོ་རྡོག་པོ་རེ་རེ་བྱས་ནས་རྐོ་འདོན་བྱས་ཏེ་བྱུང་བ་ཞིག་ཡིན་ལ། ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ཁག་ནས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་མངོན་པ་དེ་ལས་བོད་ཀྱི་ངལ་རྩོལ་མིདམངས་ཀྱི་བློ་གྲོས་དང་གསར་གཏོད་ནུས་པ་མཚོན་ཐུབ།

5 ཚོམས་དང་མཆོད་ཁང་།

ཕོ་བྲང་པོ་ཏ་ལ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དགུན་ཁའི་བཞུགས་གནས་ཡིན་པ་དང༌། དེའི་ནང་ཚོམས་དང་གཟིམ་ཆུང༌། ལྷ་ཁང་ཧ་ཅང་མང་པོ་ཡོད་ལ། ཉར་ཚགས་བྱས་པའི་རིག་དངོས་གྲངས་ལས་འདས་པ་ཡོད་པས་ཕོ་བྲང་འདི་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྟེན་རྫས་བཤམ་སྟོན་ཁང་ཞིག་རེད་ཅེས་བརྗོད་ཆོག

ཆོས་རྒྱལ་སྒྲུབ་ཕུག

དེ་ནི་སྤྱི་ལོའི་དུས་རབས་བདུན་པར་བསྐྲུན་པའི་བྲག་ཕུག་གི་རྣམ་པའི་ལྷ་ཁང་ཞིག་ཡིན་པ་དེ་དམར་པོ་རིའི་རྩེ་མོར་ཆགས། ལྷ་ཁང་དེའི་ནང་དུ་སྲོང་བཙན་སྒམ་པོ་དང༌། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་བཅས་ཀྱི་སྣང་བརྙན་བཞུགས་སུ་གསོལ་ཞིང༌། ལྷ་ཁང་དེའི་རྒྱབ་ཏུ་མཆོད་རྟེན་དཀར་པོ་ཆུང་བ་ཞིག་ཡོད་པ་དེའི་གནས་ས་ནི་ཕོ་བྲང་པོ་ཏ་ལ་ཆགས་སའི་རི་རྩེ་མཐོ་ཤོས་ཀྱི་ལ་ཚད་ཡིན།

འཕགས་པ་ལྷ་ཁང༌།

ལྷ་ཁང་དེའི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་མཚམས་ལ་བཞུགས་མྱོང་བ་དང༌། རྟེན་གཙོ་སྐུ་རྒྱུ་ཙནྡན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་དེ་ནི་དུས་རབས་བདུན་པའི་སྐབས་སུ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཡིན། ལྷ་ཁང་གི་སྒོ་ཐོད་དུ་མན་ཆིང་གོང་མ་ཐུང་ཀྲེས་བྲིས་པའི་བསོད་ནམས་ཞིང་གི་ངོ་མཚར་འབྲས་བུ་ཞེས་འཁོད་པའི་སྒོ་བན་བཀལ་ཡོད།

ཚོམས་ཆེན་ཤར།

ཆོམས་ཆེན་ཤར་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་བཞེངས་ཤིང༌། ཕོ་བྲང་དཀར་པོའི་ནང་གི་ཆོམས་ཆེན་ཆེ་ཤོས་དེ་ཡིན། ཚོམས་ཆེན་འདིའི་ནང་ཏཱ་ལའི་བླ་མ་གསེར་ཁྲི་མངའ་གསོལ་དང༌། ཆབ་སྲིད་ཕྱག་བཞེས་སོགས་ཀྱི་མཛད་སྒོ་ཆེན་མོ་གནང་མྱོང་བ་དང༌། གསེར་ཁྲིའི་མདུན་གྱི་ཀ་བའི་ཐོད་དུ་མན་ཆིང་གོང་མ་ཐུང་ཀྲེས་རབ་བྱུང་བཅོ་ལྔ་པའི་མེ་ཡོས(སྤྱི་ལོ1867)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པར་ཕུལ་བའི་སྒོ་བན་རྒྱ་ཡིག་ཏུ(振锡绥疆)ཞེས་དང་བོད་ཡིག་ལ་འདྲེན་མཆོག་འཕྲིན་ལས་འོད་ཀྱིས་ཕྱོགས་ཀུན་ཁྱབ་ཅེས་འཁོད་པ་ཞིག་བཀལ་ཡོད།

ཚོམས་ཆེན་ནུབ།

ཚོམས་ཆེན་ནུབ་ལ་སྲིད་ཞི་ཕུན་ཚོགས་སུ་འབོད་ཅིང་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ680ལྷག་ཙམ་ཡོད་པ་དེ་ནི་ཕོ་བྲང་དམར་པོའི་ནང་གི་ཚོམས་ཆེན་ཆེ་ཤོས་དེ་ཡིན། ཆོས་ལུགས་ཀྱི་མཛད་སྒོ་གལ་ཆེན་རྣམས་ཚོམས་ཆེན་འདིའི་ནང་དུ་ཚོགས་པ་དང༌། ལྡེབས་རིས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་ཚེ་ཧྲིལ་བུའི་མཛད་པ་རྣམ་ཐར་བཀོད་ཡོད།

ཚོམས་ཆེན་ནང་དུ་མན་ཆིང་མན་གོང་མ་ཆན་ལུང་ཁྲི་ལོ་ཉེར་ལྔ་པར་བྲིས་པའི་སྒོ་བན་རྒྱ་ཡིག་ཏུ(涌莲初地)ཞེས་དང་བོད་ཡིག་ལ་པད་མ་རྒྱས་པའི་འབྱུང་གནས་ཞེས་འཁོད་པ་ཞིག་བཀལ་ཡོད།

ས་གསུམ་རྣམ་རྒྱལ།

ས་གསུམ་རྣམ་རྒྱལ་ནི་ཕོ་བྲང་དམར་པོའི་ནང་གི་གཟིམ་ཆུང་མཐོ་ཤོས་དེ་ཡིན་པ་དང༌། དེའི་ནང་དུ་གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་ཕུལ་བའི་འདྲ་ཐང་དང༌། བོད་རྒྱ་མན་སོག་བཞིའི་ཡི་གེའི་ཐོག་ནས་སྐལ་པའི་མངའ་བདག་ཧོང་དེའི་སྐུ་ཚེ་ཁྲི་ཕྲག་སྐུ་ཚེ་ཁྲི་ཕྲག་ཁྲི་ཕྲག་ཅེས་བཀོད་པའི་གོང་མ་ཁང་ཤིས་ཀྱི་མཚན་བྱང་མཆོད་ཤིང་བསྒྲིགས་ཡོད།

བློས་བསླངས་ཁང་།

བློས་བསླངས་ཁང་གི་ནང་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག(སྤྱི་ལོ1751)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་ལྗགས་བཀོད་གནང་བ་ལྟར་བཞེངས་པའི་གསེར་ཟངས་ཀྱི་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་དཀྱིལ་འཁོར་ཆེན་པོ་གསུམ་ཡོད་པ་དེ་ལ་མན་ཆིང་གོང་མ་ཀའོ་ཙུང་གིས་ཕུལ་བའི་གསེར་གྱི་རྟ་བབ་བཅུ་གཉིས་དཀྱིལ་འཁོར་གསུམ་པོའི་སྒོ་བཞིར་བསྒྲིགས་ཡོད།

གཟིམ་ཆུང་ཉི་འོད་ཤར་ནུབ།

གཟིམ་ཆུང་ཉི་འོད་ཤར་ནུབ་གཉིས་ནི་ཕོ་བྲང་དཀར་པོའི་རྩེ་ཐོག་ཏུ་ཆགས་ཤིང་གཟིམ་ཆུང་དེ་གཉིས་ཀྱི་ནང་དུ་མཆོད་ཁང་དང༌། མཇལ་ཕྲད་གནང་ས། ཕྱག་དཔེ་ཁང༌། མཚན་གཟིམ་ཁང་བཅས་ཆ་ཚང་ལ་སྤྲོས་པ་རྒྱས་པ་ཡོད། གཟིམ་ཆུང་ཉི་འོད་ནུབ་མ་ནི་མཇལ་དམངས་གནང་ས་དང་སྔ་དྲོའི་དྲུང་ཇ་ཚོགས་ཡུལ་ཡིན་ཅིང༌། གཟིམ་ཆུང་ནང་དུ་རྩེ་དྲུང་རིམ་པ་བཞི་པ་ཡན་ཆོད་ལས་འཛུལ་མི་ཆོག་ལ་ཤོད་དྲུང་རྣམས་ལ་དེ་བས་དམ་དྲག་ཆེ། གཟིམ་ཆུང་གི་སྒོའི་ཕྱིར་ཐོག་ཡངས་ཆེན་པོ་ཞིག་ཡོད་པ་དེའི་སྟེང་ནས་བལྟས་ན་ལྷ་སའི་གྲོང་ཁྱེར་ཡོངས་དང་ཐག་རིང་རི་རྒྱུད་བཅས་པ་གསལ་པོར་མཐོང་ཐུབ།

བླ་མ་ལྷ་ཁང་།

བླ་མ་ལྷ་ཁང་གི་ནང་དུ་བོད་ཀྱི་གྲགས་ཅན་བླ་མ་གསུམ་བརྒྱ་ལྷག་ཙམ་གྱི་སྣང་བརྙན་ཡོད་པ་དེའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་དང༌། ལྔ་པ། དྲུག་པ། ཙོང་ཁ་པ་སོགས་དང་དེ་བཞིན་སློབ་དཔོན་པད་མ་འབྱུང་གནས་སོགས་བོད་ཀྱི་ཆོས་ལུགས་ཁག་གི་གྲགས་ཅན་མི་སྣ་རྣམས་ཀྱི་སྣང་བརྙན་ཡོད།

ལི་མ་ལྷ་ཁང་།

ལི་མ་ལྷ་ཁང་གི་ནང་དུ་སྐུ་བརྙན་བརྒྱད་བརྒྱ་ལྷག་ཙམ་ཡོད་པ་དེའི་ནང་གི་ཁག་གཅིག་ནི་རྒྱ་གར་དང་བལ་ཡུལ་ནས་ཐོན་པ་ཡིན།

བཀའ་འགྱུར་ལྷ་ཁང་།

བཀའ་འགྱུར་ལྷ་ཁང་ནི་བཀའ་འགྱུར་ཆ་ཚང་བཞུགས་ཡོད་པ་མ་ཟད་ད་དུང་གསེར་ཆུས་བྲིས་པའི་སྐར་རྩིས་ཀྱི་དཔེ་ཆ་དང༌། ཙོང་ཁ་པ་དང་ཏཱ་ལའི་བླ་མའི་རྣམ་ཐར་སོགས་བོད་དཔེ་བསྟན་བཅོས་མང་པོ་བཞུགས།

སྨན་བླ་ཁང་།

སྨན་བླ་ཁང་གི་ནང་དུ་རྟེན་གཙོ་སྨན་བླ་བདེ་གཤེགས་བརྒྱད་དང༌། དེ་མིན་བོད་དང༌། རྒྱ་ནག་རྒྱ་གར། བལ་པོ་བཅས་ཀྱི་སྨན་པ་གྲགས་ཅན་གྱི་སྣང་བརྙན་སུམ་བརྒྱ་ལྷག་ཙམ་བཞུགས།

དུས་འཁོར་ལྷ་ཁང་།

དུས་འཁོར་ལྷ་ཁང་གི་ནང་དུ་གསེར་ཟངས་ལས་གྲུབ་པའི་དུས་འཁོར་བློས་བསླངས་དཀྱིལ་འཁོར་ཆེན་པོ་གཅིག་དང་དུས་འཁོར་གྱི་ལྷ་བརྒྱད། དེ་བཞིན་འཇིམ་པ་ལས་གྲུབ་པའི་དུས་འཁོར་བླ་རྒྱུད་ཀྱི་སྣང་བརྙན་བཅས་བཞུགས།

ལམ་རིམ་ལྷ་ཁང་།

ལམ་རིམ་ལྷ་ཁང་གི་ནང་དུ་རྟེན་གཙོ་བོ་སྐུ་རྒྱུ་དངུལ་ལས་གྲུབ་པའི་དགེ་ལུགས་བསྟན་པའི་སྲོལ་འབྱེད་ཙོང་ཁ་པའི་འདྲ་སྐུ་དཔངས་སུ་སྤྱི་ཁྲེ2.4ཡོད་པ་དང་དེའི་གཞོགས་གཉིས་སུ་གསེར་ཟངསལས་གྲུབ་པའི་ལམ་རིམ་བརྒྱུད་པའི་བླ་མ་རིམ་བྱོན་གྱི་སྣང་བརྙན་བདུན་ཅུ་ལྷག་ཙམ་བཞུགས། 

རིག་འཛིན་ལྷ་ཁང་།

རིག་འཛིན་ལྷ་ཁང་ནང་དུ་རྟེན་གཙོ་དངུལ་ལས་གྲུབ་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྣང་བརྙན་དཔངས་སུ་སྤྱི་ཁྲེ23ཡོད་པ་དང་དེའི་གཡས་གཡོན་དུ་གུ་རུ་མཚན་བརྒྱད་བཞུགས་ཤིང༌། བཞུགས་ཁྲི་དང་རྒྱབ་ཡོལ་གྱི་ཐོག་ཏུ་རྨ་བྱ་དང༌། སེང་གེ ཅང་ཤེས། གླང་པོ་ཆེ་ལ་སོགས་པའི་བརྐོས་བཀྲོལ་གྱིས་མཛེས་པར་རྒྱན། ལྷ་ཁང་དེའི་ནང་དུ་ད་དུང་གསེར་ཟངས་ལས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་བཞུགས།

འཁྲུངས་རབས་ལྷ་ཁང་།

འཁྲུངས་རབས་ལྷ་ཁང་ནང་དུ་རྟེན་གཙོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་དཔངས་སུ་སྤྱི་ཁྲེ228ཡོད་པ་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནས་ལྔ་པའི་བར་གྱི་སྣང་བརྙན། སྨན་བླ་བདེ་གཤེགས་བརྒྱད། དུས་གསུམ་སངས་རྒྱས་བཅས་ཀྱི་སྐུ་བརྙན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་གདུང་རྟེན་བཅས་བཞུགས།

མཆོད་ཁང་དགའ་ལྡན་འཁྱིལ།

མཆོད་ཁང་དགའ་ལྡན་འཁྱིལ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གཟིམ་ཆུང་གནང་མྱོང་བ་དང༌། མཆོད་ཁང་འདིའི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བཞེངས་གནང་བའི་ཚེ་དཔག་མེད་ཀྱི་སྐུ་བརྙན་ཆིག་སྟོང་བཞུགས་པས་ཚེ་དཔག་ལྷ་ཁང་དུའང་འབོད།

འཛམ་གླིང་རྒྱན་གཅིགQQ截图20160520170809.png.png

འཛམ་གླིང་རྒྱན་གཅིག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསེར་གདུང་ཡིན་ཞིང༌། གསེར་གདུང་གི་གཡས་གཡོན་དུ་དངུལ་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད(པད་སྤུངས་མཆོད་རྟེན་དང༌། བྱང་ཆུབ་མཆོད་རྟེན། ཆོས་འཁོར་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབ་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན)བཞུགས། དེའི་ནང་ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་དང༌། སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་སྐུ་གདུང་ཁག་གཉིས་ཀྱང་བཞུགས།

དགེ་ལེགས་འདོད་འཇོ།

དགེ་ལེགས་འདོད་འཇོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསེར་གདུང་ཡིན། གསེར་གདུང་ཁང་ལ་ཐོག་བརྩེགས་གསུམ་ཡོད་པ་དང༌། སྟེང་ཐོག་ཕྱོགས་བཞིའི་གྱང་ངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེ་ཧྲིལ་བུའི་མཛད་རྣམ་ལྡེབས་རིས་བཀོད་ཡོད་པ་དང༌། གསེར་གདུང་མདུན་གྱི་མཆོད་སྟེགས་ཐོག་དཀར་ཡོལ་དང༌། གུ་གུ་ཤའི་མཆོད་རྫས་དང༌། གསེར་ཀོང༌། དངུལ་ཏིང་སོགས་བཟོ་སྤུས་དག་ལ་བཀོད་པ་ལེགས་པའི་རིག་དངོས་དང་སྒྱུ་རྩལ་ཐོན་རྫས་མང་པོ་སྒྲིག་གཤོམ་བྱས་ཡོད། གསེར་གདུང་གི་འགྲམ་དུ་མུ་ཏིག་དང་བྱུ་རུ་བསྟར་དུ་བརྒྱུད་པ་ལས་གྲུབ་པའི་མཎྜལ་དང༌། ཀ་གདུང་གི་ཐོག་ཚོན་མདངས་རྣམ་པར་བཀྲ་བའི་ཀ་འཕན། གདུང་ཁེབས། རྒྱལ་མཚན་ལ་སོགས་པའི་མཆོད་རྫས་ཀྱི་ལེགས་པར་སྤྲས་ནས་མཛེས་ཤིང་བརྗིད་ཆགས་པ་ཡོད། ཕོ་བྲང་པོ་ཏ་ལའི་ནང་དུ་ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང༌། བརྒྱད་པ། དགུ་པ་བཅས་ཀྱི་གདུང་རྟེན་ཁང་ལ་སོགསཔའི་མཆོད་ཁང་དུ་མ་ཡོད། 

6 ཁྱད་ཆོས།

ཕྱི་ཚུལ་ནས་བལྟས་ན་ཕོ་བྲང་འདི་ཁག་གཉིས་སུ་དབྱེ་ཡོད། ས་རྩི་དཀར་པོ་བྱུགས་པ་ནི་ཕོ་བྲང་དཀར་པོ་དང་། བཙག་དམར་པོ་བྱུགས་པ་ནི་ཕོ་བྲང་དམར་པོ་ཡིན། བེད་སྤྱོད་ཀྱི་ངོས་ནས་བཤད་ན་ཕོ་བྲང་དཀར་པོ་ནི་གཙོ་བོ་ཏ་ལའི་བླ་མའི་བཞུགས་གནས་དང་ཆོས་སྲིད་གཉིས་ཀའི་མཛད་སྒོ་གནང་ས་ཡིན་པ་དང་། ཕོ་བྲང་དམར་པོ་ནི་རྒྱལ་དབང་རིམ་བྱོན་གྱི་སྐུ་གདུང་ལྷ་ཁང་དང་མཆོད་ཁང་ཁག་ཡིན།  ཕོ་བྲང་ཐོག་ཏུ་ཉམས་འགྱུར་མི་འདྲ་བའི་གསེར་ཟངས་ཀྱི་རྒྱ་ཕིབས་དྲུག་བཀབ་ཡོད་པའི་སྣེ་མོར་ཆུ་སྲིན་དང་གདུང་རིང་གི་སྟེང་དུ་ཤང་ཤང་དང་གན་ཇི་རས་བརྒྱན་པ་དང་། གསེར་ཟངས་ཀྱི་རྒྱལ་མཚན་བསྟར་ཕྲེང་བསྒྲིགས་ནས་གསེར་འོད་ལམ་ལམ་འཕྲོ་ཞིང་བརྗིད་ཆགས་ཡིད་དུ་འོང་། ཕོ་བྲང་པོ་ཏ་ལའི་མདུན་དུ་ཡོད་པའི་རྡོ་རིང་ནང་མ་ནས་མགོ་ཚུགས་ཏེ་སྐས་རིམ་པར་བརྒྱུད་རྗེས་ཤར་དུ་བསྐྱོད་ཚེ་ཤར་སྒོ་ཕུན་ཚོགས་འདུ་ལམ་དུ་བསླེབ་པ་དང་། ནུབ་ཏུ་བསྐྱོད་ཚེ་ནུབ་སྒོ་བྱང་ཆེན་ཐར་ལམ་དུ་བསླེབ་པ་ཡིན། ཤར་ནུབ་ཀྱི་སྒོ་ལས་བདེ་ཡངས་ཤར་ནུབ་གཉིས་སུ་བསླེབ་ཐུབ། བདེ་ཡངས་ཤར་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་འཆམ་གཟིགས་མཛད་ཡུལ་ཡིན་པས། རྡོ་བཅལ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ1600ལྷག་ཙམ་ཡོད། དེར་ལོ་རེའི་ཞོ་སྟོན་གྱི་གོང་དུ་རྩེ་དགུ་གཏོར་སྐབས་གར་འཆམ་དེ་ཆེད་མངགས་རྒྱལ་དབང་མཆོག་ལ་གཟིགས་མོར་འབུལ་སྲོལ་ཡོད། བདེ་ཡངས་ཤར་ནས་ཁ་ནུབ་ཏུ་ཕྱོགས་ཏེ་སུམ་སྐས་བརྒྱུད་ནས་སྟེང་དུ་སོང་ན་བདེ་གསུམ་དགེ་ལམ་ཞེས་པའི་སྒོ་མཆོར་འོག་ཏུ་བསླེབ་པ་དང་། དེ་ནི་ཕོ་བྲང་ནང་གི་འགྲོ་ལམ་གཙོ་བོ་ཡིན། སྒོ་མཆོར་དེའི་ནང་དུ་ལྡེབས་རིས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྒྱལ་དབང་ལྔ་བ་ཆེན་པོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ལ་བསྩལ་བའི་རྩ་ཚིག་ཀྱང་དེར་བཞུགས་པ་ཡིན། ཚོམས་ཆེན་ཤར་སྲིད་ཞི་ཕུན་ཚོགས་རྙིང་བ་དེ་ནི་སྤྱི་ལོ1645ལོར་རྒྱལ་དབང་ལྔ་བས་བོད་ཀྱི་སྲིད་དབང་བཟུང་རྗེས་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་གསར་བསྐྲུན་བྱས་པ་ཞིག་ཡིན། ཚོམས་ཆེན་དེར་ཀ་རིང་གཉིས་དང་ཀ་ཐུང་བཞི་བཅུ་ཡོད་པ་དང་། ཕོ་བྲང་དཀར་པོའི་ནང་གི་ཚོམས་ཆེན་ཆེ་ཤོས་དེ་ཡིན། ཚོམས་ཆེན་དེ་ནི་པོ་ཏ་ལའི་བླ་མ་སྲིད་ཁྲིར་མངའ་གསོལ་གྱི་མཛད་སྒོ་དང་། བོད་ཀྱི་ཆོས་སྲིད་ཀྱི་མཛད་སྒོ་ཆེ་ཁག་གནང་ཡུལ་ཡིན། ཚོམས་ཆེན་ཤར་གྱི་སྟེང་དུ་སོང་ན་ཕོ་བྲང་དཀར་པོའི་ཡང་ཐོག་ཏུ་བསླེབ། དེའི་ནུབ་ཏུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་གཟིམ་ཁང་ཉི་འོད་བསོད་ནམས་ལེགས་འཁྱིལ་དང་། ཤར་དུ་རྒྱལ་དབང་བཅུ་བཞི་བ་ཆེན་པོའི་གཟིམ་ཁང་ཤར་རྒྱུད་ཉི་འོད་གཉིས་ཡོད། ཕོ་བྲང་དམར་པོ་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ལྷ་ཁང་དང་མཆོད་ཁང་ཁག་ཡིན། དེར་ཁྱོན་བསྡོམས་སྐུ་གདུང་ཁག་བརྒྱད་ཡོད་པའི་ནང་ནས་རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་ནི་གདུང་རྟེན་གྱི་ནང་ནས་ཆེས་ཆེ་བ་ཡིན། སྐུ་གདུང་ཁང་འདི་ཐོག་ཚད་རིམ་པ་གསུམ་དང་ལྡན་ཞིང་། གསེར་གདུང་གི་མཐོ་ཚད་ལ་སྤྱི་ཁྲེ14.85ཡོད་པ་དང་། རྒྱལ་དབང་ལྔ་བ་ཆེན་མོའི་སྐུ་གདུང་མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས་པ་ཡིན། དེ་ནས་སྟེང་དུ་སོང་ན་ཆོས་རྒྱལ་སྒྲུབ་ཕུག་ཡོད། དེ་ནི་སྤྱི་ལོ་དུས་རབས་བདུན་པའི་ནང་བཞེངས་པའི་ལྷ་ཁང་ཞིག་ཡིན་པ་དང་། དེའི་ནང་དུ་རྟེན་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ། བལ་བཟའ། བློན་པོ་མགར་སྟོང་བཙན། སློབ་དཔོན་ཐོན་མི་སོགས་ཀྱི་སྐུ་བརྙན་ཡོད་པ་དང་།  འཇིམ་སྐུ་དེ་དག་ནི་བཙན་པོའི་དུས་སུ་བཞེངས་སྐད། དེ་ནས་སྟེང་དུ་སོང་ན་འཕགས་པ་ལྷ་ཁང་ཡོད། འཕགས་པ་ལྷ་ཁང་གི་ནང་རྟེན་གཙོ་བོ་ནི་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཁྱད་པར་ཅན་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་ཡིན་ལ། ཕོ་བྲང་པོ་ཏ་ལའི་རྟེན་གཙོ་བོ་ཡང་དེ་ཡིན། གཟིམ་ཆུང་ས་གསུམ་རྣམ་རྒྱལ་ནི་ཕོ་བྲང་དམར་པོའི་དབུས་ཀྱི་གཟིམ་ཆུང་མཐོ་ཤོས་དེ་ཡིན། མཆོད་ཁང་འཆི་མེད་བདེ་ལྡན་འཁྱིལ་བ་ནི་གཟིམ་ཆུ་ས་གསུམ་རྣམ་རྒྱལ་གྱི་ནུབ་ཏུ་ཡོད། དེ་ནི་སྤྱི་ལོ1690ལོར་བཞེངས་ཤིང་། རྒྱལ་དབང་དྲུག་པའི་སྐབས་མཛད་སྒོ་ཁག་མཛད་མྱོང་། ཕོ་བྲང་དམར་པོའི་ནུབ་མཐའ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསེར་གདུང་ཡོད། གསེར་གདུང་དེ་ནི་སྤྱི་ལོ1933ལོར་བཞེངས་མགོ་ཚུགས་པ་དང་སྤྱི་ལོ1936ལོར་ལེགས་པར་གྲུབ། གསེར་གདུང་ཁང་དེར་ཐོག་ཚད་གསུམ་དང་ལྡན་ཞིང་གསེར་གདུང་གི་མཐོ་ཚད་ལ་སྤྱི་ཁྲེ14ཡོད། ཕོ་བྲང་པོ་ཏ་ལ་ནི་བོད་མིའི་བློ་གྲོས་ཀྱི་རྩལ་ལས་གྲུབ་པ་ཡིན་པས་བོད་ཀྱི་ཤེས་རིག་མཚོན་བྱེད་ཅིག་ཡིན་ལ། སྙིང་སྟོབས་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན་ནོ། །