མེ་ཏོག་ཨུཏྤལ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2016-05-06 15:30ལ་འགྲུབ།

མེ་ཏོག་ཨུཏྤལ།

མེ་ཏོག་ཨུཏྤལ།
ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ་རྫ་མཐོ་ས་ནས་སྐྱེ་བ་ཡིན་ལ། མེ་ཏོག་ཨུཏྤལ་ལ་འཛམ་གླིང་སྟེང་རིགས49ཡོད་པ་དང་། གཙོ་བོ་ཡ་གླིང་གི་ལྷོ་དབུས་ས་ཁུལ་དུ་ཁྱབ་ཡོད། རྒྱུན་མཐོང་གི་རིགས་ལ་ཨུཏྤལ་སྔོན་པོ། སེར་པོ། དམར་པོ། ཚེར་སྔོན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绿绒蒿
ལ་ཏིང་གི་སྐད།
Entire Meconopsis,Herb of Entire Meconopsis
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
རྒྱ་མེན་སྡེ།
ཚན།
རྒྱ་མེན་ཚན།
ཁོངས།
མེ་ཏོག་ཨུཏྤལ་ཁོངས།
རིགས།
མེ་ཏོག་ཨུཏྤལ།
ཁྱབ་ཡུལ།
བོད་ལྗོངས། ཡུན་ནན། སི་ཁྲོན། མཚོ་སྔོན། ཀན་སུའུ། ཧྲའན་ཞི་ལ་ཁྱབ་ཡོད།
1 ངོ་སྤྲོད།

1.ཨུཏྤལ་སྔོན་པོ་ནི།       ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ།      མཐོ་ཚད་ལ་ལི་སྨི20-50བར་ཡོད།       རྩ་བ་ཨ་རའི་རྣམ་པ།       ལོ་མ་གཞི་རྩ་ནས་སྐྱེས་པ་ཁམ་བུའི་དབྱིབས་དང་སྒོང་དབྱིབས་ལྡོག་པ།       སྤུ་སེར་རགས་པོ་སྟུག་པོར་ཁྱབ།      མེ་ཏོག་རྐྱང་པ་སྡོང་རྩེར་ཆིག་པོར་སྐྱེ།       མགོ་ཕལ་ཆེ་བ་ཐུར་དུ་འཕྱང་།     མེ་ཏོག་ལ་འདབ་མ་བཞི་དང་ལྔ་ལྡན་མདོག་སྔོ་སྐྱའམ་སྨུག་སྐྱ་ཡིན།      འབྲས་བུ་ཏིལ་གང་མ་འཇོང་ཟླུམ་མམ་ཟླུམ་ནར་གྱི་དབྱིབས་ཡིན།        མཚོ་ངོས་ལས་སྨི3200-3810བར་གྱི་རི་མཐོ་སྤང་ལྗོངས་སམ་སྲིབ་ངོས་ནགས་གསེབ་ན་སྐྱེ།        

2.ཨུ་ཏྤལ་སེར་པོ་ནི།      ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ཏེ།        མཐོ་ཚད་ལ་ལི་སྨི25-90བར་མཆིས།      སྡོང་བུ་ཡོངས་སུ་བ་སྤུས་གཡོགས།       རྟིང་སྐྱེས་ལོ་མ་མང་བ་དང་།      ལོ་ལྷེབ་རལ་གྲིའི་དབྱིབས་སམ་སྒོང་དབྱིབས་ལྡོག་པའི་དབྱིབས་ཡིན།      སྟོད་ཆའི་ལོ་མ་འགའ་འཁོར་ནས་སྐྱེས།      མེ་ཏོག་ཆིག་རྐྱང་སྡོང་རྩེར་འགྱིང་བ་དང་།      གཞན་པའི་མེ་ཏོག3-4བར་གཞུང་རྟའི་སྟོད་ཆའི་ལོ་མའི་མཆན་ནས་སྐྱེས།       མེ་ཏོག་འདབ་མ6-10བར་ཡོད་པ་དང་།      མདོག་སེར་པོ་ཡིན།       ཟླ་ལྔ་པར་མེ་ཏོག་བཞད།      མཚོ་ངོས་ལས་མཐོ་ཚད་སྨི3000—4800བར་གྱི་ཅུང་བརླན་གཤེར་གྱི་རི་ལྡེབས་དང་།       ནགས་གསེབ་སྤང་ཁར་སྐྱེས།      

3.ཚེར་སྔོན་ནི།        ལོ་མང་སྐྱེ་པའི་རྩྭ་ལྡུམ་ཞིག་ཡིན།        ལོ་མ་རྟིང་སྐྱེས་པད་གདན་གྱི་ཚུལ་དང་།       བ་སྤུས་གཡོགས།      མེ་ཏོག་ཁེར་རྐྱང་དུ་སྐྱེ་བ་ཡིན།     རྔོག་དབྱིབས་མེ་ཏོག་ཆུན་པོ་མདོག་སྔོ་ནག་ཡིན།      མཚོ་ངོས་ལས་མཐོ་ཚད་སྨི3700-4300མཐོ་བའི་རི་མཐོན་སྤང་ལྗོངས་དང་ནགས་གསེབ་ཏུ་སྐྱེ།        

4.ཚེར་མང་ཨུཏྤལ་སེར་པོ་ནི།       ཚེར་སྔོན་དང་མཚུངས་མོད།       མི་མཚུངས་པ་ནི་རྟག་པར་རྟིང་ཕྱོགས་ལོ་མའི་མཆན་ཁུང་ནས་མེ་ཏོག་འགའ་སྤུངས་པ་བཞིན་སྐྱེ་བ་ཡིན།       མེ་ཏོག་གི་མདོག་སྔོ་སྨུག་ལགས།       རི་མཐོན་བརླན་གཤེར་ལྡན་སར་སྐྱེ།      

5.ཨུཏྤལ་དམར་པོ་ནི།        ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།       ལོ་མ་ཚང་མ་གཞི་རྩར་སྐྱེས་པ།      ངོས་སུ་བ་སྤུ་རྩུབ་མོས་ཁྱབ་པ།       མེ་ཏོག་ཆིག་སྐྱེས་སྡོང་རྩེར་ཆགས་ཤིང་མདོག་དམར་ནག་ཡིན།      མཚོ་ངོས་ལས་མཐོ་ཚད་སྨི3500-4000བར་གྱི་རི་ལྡེབས་སྤང་དུ་སྐྱེ།   

2 རིགས་དབྱེ།     

མེ་ཏོག་ཨུཏྤལ་ལ་འཛམ་གླིང་སྟེང་རིགས49ཡོད་པ་དང་།    གཙོ་བོ་ཡ་གླིང་གི་ལྷོ་དབུས་ས་ཁུལ་དུ་ཁྱབ་ཡོད།   རྒྱུན་མཐོང་གི་རིགས་ལ། 

1.ཨུཏྤལ་སྔོན་པོ།         2.ཨུཏྤལ་སེར་པོ།      3.ཚེར་སྔོན།       4.ཚེར་མང་ཨུཏྤལ་སེར་པོ།       5.ཨུཏྤལ་དམར་པོ་བཅས་ཡོད།

3 སྐྱེ་གནས།

བོད་ལྗོངས། ཡུན་ནན། སི་ཁྲོན། མཚོ་སྔོན། ཀན་སུའུ། ཧྲའན་ཞི་ལ་ཁྱབ་ཡོད། མཚོ་ངོས་ལས་མཚོ་ཚད་སྨི3000-48000བར་གྱི་རི་མཐོའི་རི་ལྡེབས་དང་སྤང་ཐང་ནས་སྐྱེ་ཡོད།

4 ཕན་ཡོན།   

གློ་བ་དང་མཆིན་པའི་ཚད་པ་འཇོམས།       གྲེ་བ་ཚ་འགག་སེལ་ཞིང་ཚད་པ་སྤྱི་ལ་མཆོག      དེ་མིན་བད་རླུང་སེལ།

5 གསོ་རིག་ཐད་ཀྱི་གཙོ་བཅོས།      

མཆིན་ཚད་དང་མཆིན་ནད་ཐེས་པོ།       རུས་ཆག་དང་བརྡབས་རྨས།        ཕོ་བ་ན་བ།       འཁྲུ་བཤལ།      གློ་དང་གློ་ཚད་བཅས་པ་གསོ་བར་བྱེད།        གཞན་བོད་ལུགས་སྨན་པས་ཨུཏྤལ་སྔོན་པོའི་མེ་ཏོག་མཆིན་ཚད་དང་མཁྲིས་ཚད་གློ་ཚད་གློ་གཅོང་།        ཕོ་བ་སྨུག་པོ་བཅས་གསོ་བར་གཏོང་བ་དང་།       ཨུཏྤལ་སེར་པོའི་རྩྭ་ཆ་ཚང་གློ་ཚད་དང་མཆིན་ཚད།      སྐྱི་པགས་ཀྱི་ནད་དང་མགོ་བོ་ན་བ་སེལ་བར་སྤྱོད།        ཚེར་སྔོན་གྱི་མེ་ཏོག་མགོ་བོའི་རྨས་སྐྱོན་དང་རུས་ཆགས་གསོ་བར་གཏོང་།       ཨུཏྤལ་དམར་པོའི་མེ་ཏོག་ཚ་བ་རྒྱས་དང་།        ཁྲག་ཤེད་མཐོ་བས་མགོ་ན་བ་ལ་གཏོང་བར་བྱེད།