ཁག་ཐེག་དགེ་རྒན། རང་ཉིད་དགོན་པ་དེར་ཆོས་སྒོར་ཞུགས་རྗེས་སྒྲིག་ཁྲིམས་ལས་མི་འགལ་བ་དང་། རྒྱུན་ལྡན་གྱི་འཚོ་བ། སློབ་སྦྱོང་། དཔེ་ཆའི་དགེ་རྒན་འཚོལ་རྒྱུ་སོགས་ཀྱི་ཐད་ལ་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་དང་ལྟ་རྟོག་མཛད་མཁན་ཡིན།
དཔེ་ཆའི་དགེ་རྒན། གདན་ས་ཆེན་པོ་ཁག་ལ་དཔེ་ཆ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ལ་ཟེར་ཞིང་། གཞུང་ཆེན་པོར་སློབ་སྦྱོང་བྱེད་འདོད་ཡོད་པའི་སློབ་གཉེར་བ་དེར་འོས་ཤིང་འཚམས་པའི་དཔེ་ཆའི་དགེ་རྒན་ཞིག་ཁག་ཐེག་དགེ་རྒན་གྱིས་བཙལ་ཏེ་སློབ་ཁྲིད་མངགས་བཅོལ་ཞུས་ཡོད་ལ། འཛིན་གྲྭ་གཅིག་གི་སློབ་གཉེར་བ་ཚང་མས་མོས་མཐུན་བྱས་ཏེ་དགེ་རྒན་གཅིག་འཚོལ་བ་ཡང་ཡོད།
ཟུར་ཁྲིད་དགེ་རྒན། སློབ་མ་མང་པོ་ཡོད་པའི་དགེ་རྒན་རྣམས་ཀྱིས་སློབ་མའི་ནང་ནས་གནས་ཚད་མཐོ་བ་ཁག་གཅིག་བདམས་ཏེ་དེ་ལ་སློབ་མ་གནས་ཚད་དམའ་བ་ཚོར་ཟུར་དུ་སློབ་ཁྲིད་རོགས་རམ་བྱེད་དུ་བཅུག་པ་ལ་ཟེར། དེ་ནི་སློབ་ཁྲིད་ལས་དོན་དངོས་ཀྱི་ནང་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་པ་དང་ཆབས་ཅིག སློབ་མ་གནས་ཚད་དམའ་ཚོ་ཤེས་ཚད་གོང་མཐོར་གཏོང་ཐུབ་པའི་ཉམས་མྱོང་གནད་ཆེན་ཞིག་རེད།
སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་ནས། སློབ་གསོ་དང་སློབ་ཁྲིད་བཅོས་སྒྱུར་དང་ཚོད་ལྟ་ཡི་བྱ་བ་བསྒྲུབ་པ།
ཚན་རིག་ཞིབ་འཇུག་དང་རིག་གཞུང་བགྲོ་གླེང་གི་ལས་གཉེར་ནས། ཆེད་ལས་ཀྱི་རིག་གཞུང་ཚོགས་པར་ཞུགས་ཏེ། རིག་གཞུང་བྱེད་སྒོའི་སྟེང་རང་ཉིད་ཀྱི་བསམ་ཚུལ་ལྷུག་བརྗོད་བྱ་བ།
སློབ་མའི་སློབ་སྦྱོང་དང་འཕེལ་རྒྱས་ལ་མཛུབ་སྟོན་བྱས་ཏེ། སློབ་མའི་བྱ་སྤྱོད་དང་སློབ་སྦྱོང་གི་གྲུབ་འབྲས་དཔྱད་སྡུར་གཏན་འབེབས་བྱ་བ།
དུས་ལྟར་ཕོགས་དངུལ་བླངས་ནས་རྒྱལ་ཁབ་ཀྱི་གཏན་འཁེལ་གྱི་ཕོགས་སྣོན་དང་གླ་ཆ། དབྱར་དགུན་གནང་སྐབས་ཀྱི་ཕོགས་དངུལ་སོགས་ལེན་པར་བྱ་བ།
སློབ་གྲྭའི་སློབ་གསོའི་སློབ་ཁྲིད་དང་དོ་དམ་གྱི་བྱ་བ། སློབ་གསོ་སྲིད་འཛིན་སྡེ་ཁག་གི་བྱ་བ་སོགས་ལ་བསམ་འཆར་བཏོན་ནས། ལས་བཟོ་པའི་འཐུས་མི་ཚོགས་ཆེན་སོགས་ལ་ཞུགས་པ་བརྒྱུད། སློབ་གྲྭའི་དམངས་གཙོ་དོ་དམ་གྱི་བྱ་བར་ཞུགས་པ།
ཟབ་སྦྱོང་རྣམ་པ་སྣ་ཚོགས་ལ་ཞུགས་པ།
རྩ་ཁྲིམས་དང་བཅའ་ཁྲིམས། ལས་རིགས་ཀུན་སྤྱོད་བཅས་བརྩི་སྲུང་བྱས་ནས་རང་དཔེ་གཞན་སྟོན་བྱ་བ།
རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དང་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་། སློབ་གྲྭའི་སློབ་ཁྲིད་འཆར་གཞི་ལག་བསྟར། དགེ་རྒན་གདན་ཞུའི་གན་རྒྱ་ལག་བསྟར་བཅས་བྱས་པ་བརྒྱུད། སློབ་གསོའི་སློབ་ཁྲིད་ཀྱི་བྱ་བའི་འགནའཁུར་ལེགས་འགྲུབ་བྱ་བ།
སློབ་མ་ཡོངས་ལ་སེམས་ཁུར་དང་བདག་སྐྱོང་བྱས་ཏེ། སློབ་མའི་མི་གཤིས་ལ་བརྩི་འཇོག་བྱས་པ་བརྒྱུད། སློབ་མའི་ཀུན་སྤྱོད་དང་རིག་སྟོབས། གཟུགས་གཞི་སོགས་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱ་བ།
དུལ་བ་ནི་ལུས་ངག་གི་བྱ་སྤྱོད་ངན་པ་རྣམས་སྤངས་ནས་ཀུན་སྤྱོད་གཙང་མ་ཞིག་དགོས།
ཞི་བ་ནི་བསམ་པ་ངན་པ་ང་རྒྱལ་དང་ཕྲག་དོག འདོད་ཆགས། ཁོང་ཁྲོ། གཡོ་སྒྱུ། གནོད་སེམས། ལེ་ལོ། རྣམ་གཡེང་སོགས་མེད་པའམ་ཆུང་བ་ལ་ཟེར།
ཉེ་བར་ཞི་བ་ནི་གཞན་དོན་སྒྲུབ་རྒྱུར་རང་དོན་ལས་ལྷག་པར་དགའ་ཞེན་ཡོད་པ་ལ་ཟེར།
སློབ་མ་ལས་ཡོན་ཏན་ལྷག་པ་ནི་དགེ་རྒན་དེ་སློབ་མ་ལས་ཡོན་ཏན་ལྷག་པ་ཞིག་ཡོད་ན་སློབ་མ་ཡར་རྒྱས་མགྱོགས་པ་ཡོད་ཅིང་། འདྲ་མཉམ་ཞིག་ལས་མེད་ན་སློབ་མའི་ཤེས་ཚད་ཡར་རྒྱས་མེད་པར་རང་སོར་གནས་པ་དང་། སློབ་མ་ལས་དགེ་རྒན་ཡོན་ཏན་དམའ་ན་སློབ་མ་ལ་ཡོན་ཏན་ཕྲན་བུ་ཡོད་པ་དེ་ཡང་ཉམས་ནས་འགྲོ་བ་ཡིན།
བརྩོས་འགྲུས་དང་ལྡན་པ་ནི་མིང་སྐམ་པོ་དོན་དུ་མི་གཉེར་བར་བྱ་བ་གང་བརྩམས་པ་དེ་མཐའ་འཁྱོལ་བ་བྱེད་པའི་སྙིང་སྟོབས་ཡོད་པ་ལ་ཟེར།
མང་དུ་ཐོས་པ་ནི་ཤེས་ཡོན་སྣ་མང་པོ་སློབ་སྦྱོང་བྱེད་མྱོང་བའི་མང་དུ་ཐོས་པ་དང་གཅིག ཤེས་ཡོན་སྣ་གཅིག་ཀྱང་ཐེངས་མང་པོ་སློབ་སྦྱོང་བྱེད་མྱོང་བའི་མང་དུ་ཐོས་པ་དང་གཉིས། ཤེས་ཡོན་སྣ་ཁ་གཅིག་ཀྱང་དགེ་རྒན་མང་པོའི་ས་ནས་བསླབས་མྱོང་བའི་མང་པོ་ལས་ཐོས་པ་དང་གསུམ། སློབ་སྦྱོང་བྱེད་སྐབས་སློབ་གྲོགས་མང་པོ་དང་མཉམ་དུ་སློབ་ཁྲིད་ཉན་མྱོང་བའི་མང་པོ་དང་ཐོས་པ་སྟེ་བཞི་བཅས་ནི་མང་ཐོས་ཕུན་སུམ་ཚོགས་པ་བཞི་ལྡན་ཟེར་བ་དེ་ཡིན།
དེ་ཉིད་རྟོགས་པ་ནི་སློབ་མར་བསླབ་བྱའི་ཡོན་ཏན་དེ་ལེགས་པར་ཤེས་ཤིང་དོགས་པ་དང་ཐེ་ཚོམ་མེད་པའི་གདེང་ཚོད་ཡོད་པ་ལ་ཟེར།
སྨྲ་མཁས་པ་ནི་དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བྱེད་སྐབས་དོན་མཚོན་བྱེད་ཀྱི་དཔེ་དང་དོན་ངེས་པར་སྒྲུབ་བྱེད། ཡིད་ཆེས་པའི་ལུང་། གཉིད་རྨུགས་སེལ་བའི་གཏམ་རྒྱུད། བློ་སྐྱེད་འཕེལ་བའི་དོགས་སློང་། བློ་སྒོ་འབྱེད་པའི་དྲི་བ་དྲི་ལན་བཅས་རྒྱས་བསྡུས་འཚམ་ཤིང་ཚིག་གསལ་ལ་གོ་བདེ་བ། བྱམས་བརྩེ་ལྡན་པའི་ཚིག་སྙན་ལ་འཇམ་པ། སྨྲ་བརྗོད་མགྱོགས་ཚད་རན་ཅིང་ངལ་གསོའི་ཚིག་མཚམས་ལྡན་པ་བཅས་སློབ་མས་ཇི་ཙམ་ཉན་ཀྱང་སེམས་ལ་སུན་སྣང་མེད་པར་ཉན་སྙིང་འདོད་པ་དེ་ལྟ་བུ་ཞིག་ཡིན།
བྱམས་བརྩེ་དང་ལྡན་པ་ནི་སློབ་མའི་མདུན་ལ་ཁ་འཚེར་འཚེར་དང་ངོ་གདོང་ལ་བྱུལ་བྱུལ་བྱས་པ་ལྟ་བུའི་བྱམས་བརྩེ་ལ་མི་ཟེར་བར་སྐྱོན་བརྗོད་དང་བསྟོད་བསྔགས་གང་ལ་གང་འོས་བྱས་ཏེ་དཀའ་ངལ་ཕྲད་སྐབས་དུས་ཐོག་ཏུ་སེལ་ཐུབ་པའི་ཕ་མ་བཟང་པོ་ལྟ་བུ་ཞིག་ཡིན།
སྐྱོ་ངལ་མེད་པ་ནི་སློབ་མར་སློབ་ཁྲིད་ཡང་ཡང་སྣང་དགོས་བྱུང་ཡང་སུན་སྣང་མེད་པའི་ཐོག་ནས་སློབ་མས་ལེགས་པར་མ་ཤེས་ཀྱི་བར་དུ་ངང་རྒྱུད་རིང་པོས་སློབ་ཁྲིད་གནང་ཐུབ་པ་ལ་ཟེར།
དུས་སུ་འདོམས་པ་ནི་སློབ་དཔོན་དང་དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་གསོ་དང་སྐྱོན་བརྗོད། བསྟོད་བསྔགས་བཅས་གང་གནང་ཡང་དུས་ཐོག་ཏུ་གནང་བ་ལས་དུས་ལ་མ་བབས་པའམ། དུས་ལས་ཡོལ་ན་མི་གནང་བ་དེ་ལ་ཟེར།