རིག་ཚན་སོ་སོའི་ནང་དོན་དང་སྤྱིའི་མ་ལག་ལས་བྲིས་པའི་སློབ་ཁྲིད་མཛུབ་སྟོན་གྱི་ཡིག་ཆ་ཡིན། དེ་ལས་སློབ་ཁྲིད་ཀྱི་དམིགས་ཡུལ་དང་ལས་འགན་གཏན་འཁེལ་བྱས་ཡོད་ལ། སློབ་ཁྲིད་ཀྱི་འགྲོས་ཚད་དང་བྱེད་ཐབས་ལ་རྩ་བའི་རེ་བ་བཏོན་ཡོད། རྩ་འཛིན་ནི་ བསླབ་དེབ་དང་སློབ་ཁྲིད་ཀྱི་བྱ་བའི་ཁྲོད་ཀྱི་གཞི་འཛིན་ས་གཙོ་བོ་ཡིན་ལ། སློབ་མའི་གྲུབ་འབྲས་དང་དགེ་རྒན་གྱི་སློབ་ཁྲིད་ཚད་གཞི་འཇལ་བྱེད་གཙོ་བོའང་ཡིན།
བསླབ་ཚན་གང་དེའི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་བསམ་བློའི་མཛུབ་སྟོན། བདམས་དགོས་པའི་རྒྱུ་རྐྱེན་དང་གཞི་འཛིན་ས། སློབ་ཁྲིད་ཀྱི་དཀའ་གནད་དང་སློབ་ཁྲིད་བྱེད་ཐབས་ཀྱི་བསམ་འཆར། སློབ་ཁྲིད་ཁྲོད་ཀྱི་རྙོག་དྲ་ཆེ་བ་དག་ལ་དབྱེ་ཞིབ་དང་གྲོས་གཞི་བཏོན་ཡོད།
རྩ་འཛིན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། བསླབ་གཞིའི་གཙོ་ཐིག་དང་ཤེས་བྱའི་སྒྲིག་གཞི། ལག་བསྟར་གྱི་གོ་རིམ་སོགས་ཞིབ་མོར་བརྗོད་ཡོད།
དཔྱད་གཞིའི་རྒྱུ་ཆ་གང་མང་བཀོད་ཡོད།
གདན་ས་ཆེན་པོ་ཁག་ལ་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སློབ་ཁྲིད་གནང་སྐབས་ཀྱི་གོ་རིམ་དང་རྒྱས་བསྡུས་ཀྱི་རྩ་འཛིན་ནི་ཐོག་མར་རིགས་པའི་གཞུང་ལུགས་དང་མཚན་ཉིད་རིག་པའི་འགྲོ་ལུགས་ཤེས་པའི་ཆེད་དུ་བསྡུས་གྲྭ་དང་། དེ་རྗེས་བློ་རིགས་ཏེ་དབང་པོ་ལྔ་དང་། དབང་ཤེས་ལྔ་སོགས་མངོན་སུམ་དང་། གཏན་ཚིགས་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་ངོས་འཛིན་བྱེད་པའི་རྗེས་དཔག་གི་ཤེས་རིག་བཅས་སྐྱེ་ཚུལ་དང་། མངོན་སུམ་དང་རྗེས་དཔག་བར་གྱི་འབྲེལ་བ། འཁྲུལ་ཤེས་ཏེ་ནོར་འཁྲུལ་ཅན་གྱི་ཤེས་པ་དང་། ལོག་ཤེས་ཏེ་བསམ་བློ་ཡང་མ་དག་པའི་རིགས། དད་པ་བརྩོན་འགྲུས་སོགས་སེམས་པ་བཟང་བའི་རིགས། འདོད་ཆགས་དང་ཞེ་སྡང་སོགས་བསམ་པ་ངན་པའི་རིགས། འགྱོད་པ་དང་གཉིད་སོགས་གཞན་འགྱུར་གྱི་རིགས། གཞན་ཡང་དེ་དག་དང་འབྲེལ་ཡོད་བསམ་བློ་རིགས་མི་འདྲ་བ་སོ་སོའི་ཁྱད་ཆོས་དང་འབྲེལ་བ་བཅས་ཤེས་པའི་ཆེད་དུ་བློ་རིགས། གཏན་ཚིགས་རིགས་པ་ཡང་དག་པ་གསུམ་དང་། ཡང་མ་དག་པ་བཞི་བཅས་སོ་སོའི་ཁྱད་ཆོས་དང་། འབྲེལ་བ། ནང་གསེས་ཀྱི་དབྱེ་བ། གཏན་ཚིགས་རིག་པ་ཁག་དང་བསམ་བློ་རིགས་མི་འདྲ་བ་ཁག་བར་འབྲེལ་བ་གང་ཡོད་པ་བཅས་ཤེས་པའི་ཆེད་དུ་རྟགས་རིགས་ཏེ་གཏན་ཚིགས་རིག་པ། དེ་ཡི་རྨང་གཞིའི་ཐོག་རྒྱ་གར་དུ་ཡོད་པའི་གནའ་རབས་ཀྱི་ཆོས་ལུགས་ཏེ་མུ་སྟེགས་པའི་ལྟ་བ་རིགས་བཅུ་གཅིག་སོ་སོའི་ལྟ་ཚུལ་དང་ནང་པ་སངས་རྒྱས་པའི་ལྟ་བ་ཁག་གི་བར་གྱི་ཁྱད་པར་དང་འགལ་བ་འཐབ་རྩོད་བཅས་ཀྱི་གནས་ཚུལ་ཤེས་པའི་ཆེད་དུ་ཚད་མ་རིག་པ་སྟེ་ཚད་མ་རྣམ་འགྲེལ། དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན། དེ་རྗེས་ནང་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ། དེ་རྗེས་ཐེག་པ་ཆུང་ངུའི་སྤྱོད་པ་དང་ལྟ་བ་ཤེས་པའི་ཆེད་དུ་མངོན་པ་མཛོད། དེ་རྗེས་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་སྤྱོད་པ་ཤེས་པའི་ཆེད་དུ་འདུལ་བ་བཅས་གོ་རིམ་བཞིན་དུ་སློབ་དགོས་པ་ཞིག་ཡིན།