རྩོད་པའི་རིགས་པ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-03-30 22:04ལ་འགྲུབ།

རྩོད་པའི་རིགས་པ།

དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་དབང་པོ་རྟུལ་འབྲིང་རྣོན་པོའི་དབང་དུ་བྱས་ནས་ཚད་མ་སྡེ་བདུན་མཛད་པ་དེའི་ཡ་གྱལ་དང་བྱེ་བྲག་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་གྲགས་པ་དེའི་གྲས་ཤིག་སྟེ། རྣམ་འགྲེལ་ལེའུ་བཞི་པ་ལས་འཕྲོས་པ་སྔ་རྒོལ་ཕྱི་རྒོལ་རྩོད་པ་དང་རྒྱལ་ཕམ་ཚར་གཅོད་ཀྱི་གནས་སྟོན་པ་རྩོད་པ་རིགས་པ་ཞེས་བྱ་བ་དེའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
诤理论
མཛད་པ་པོ།
ཆོས་ཀྱི་གྲགས་པ།
1 ཁྱད་ཆོས་གཙོ་བོ།

གཞུང་འདིའི་ཁྱད་ཆོས་ནི་རྒྱལ་ཚབ་རྗེའི་རྣམ་ངེས་དར་ཊཱིཀ་སྟོད་ཆ་ལས།   རྩོད་པའི་རིགས་པ་ནི།   གཞན་གྱི་དོན་སྒྲུབ་པའི་ཚེ།  ཟང་ཟིང་གི་སྦྱིན་པ་སོགས་ཀྱི་རེ་ཤིག་པའི་བདེ་བ་ལ་སྦྱོར་ཡང་གཏན་དུ་བ་མིན་ལ།  གཏན་གྱི་བདེ་བ་བསྒྲུབ་པ་ནི། གཞི་དང་ལམ་དང་འབྲས་བུ་རྣམས་ལ་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་དང་།  མཐའ་གཉིས་སུ་དྭོགས་པའི་ཐེ་ཚོམ་ཚད་མའི་མཐའ་ཅན་གྱི་སུན་འབྱིན་དང་སྒྲུབ་ངག་གིས་བསལ་ནས་ཡང་དག་པའི་ལམ་ལ་སྦྱར་བ་ཁོ་ནས་འགྲུབ་པའི་རྩོད་པའི་ཚུལ་ཤེས་པའི་ཡན་ལག་ཏུ་མཛད་དོ།།   ཞེས་གསུངས་པ་ལྟར་དང་།  ཡང་སྙིང་གཞུང་འདི་གཙོར་ཆེར་རིགས་པ་ཅན་པའི་རྩོད་སྤོང་ཆེད་བརྩམས་པ་ཞིག་ཡིན།   སློབ་དཔོན་ཆོས་གྲགས་ཀྱི་གཞུང་གི་ནང་ནས་གཞུང་འདིར་སྐད་ཅིག་མའི་སྒྲུབ་བྱེད་ཀྱི་རིག་པའི་འཕེལ་རིམ་རྩེ་མོར་བསླེབས་པར་བརྟེན་གོང་ཞུས་བཞིའི་རྗེས་སུ་བརྩམས་པར་འདོད་པ་ལྟར་འཐད། 

2 འགྱུར་འགྲེལ་དང་ཞུ་དག

བོད་འགྱུར་དང་ལེགས་སྦྱར་ཕྱི་མོ་གཉིས་ཀ་བཞུགས་པར་མ་ཟད་འགྲེལ་བ་ཡང་།  དུལ་བ་ལྷའི་རྩོད་པའི་རིགས་པའི་འགྲེལ་བ་དང་།  མཁན་ཆེན་ཞི་བ་འཚོའི་རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་འབྱེད་བཅས་གཉིས་བཞུགས།  རྩོད་པའི་རིགས་པའི་ལེགས་སྦྱར་ཕྱི་མོ་དང་།   ཞི་བ་འཚོའི་རྩོད་པའི་རིགས་པའི་འགྲེལ་བའི་ལེགས་སྦྱར་ཕྱི་མོ་ནི་བྲིས་མ་རྙེད་མཁན་གྱི་པཎྡི་ཏ་སྒྲ་གཅན་གྱིས་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།  དེ་རྗེས་ཤ་སྟྲིས་སྒྲ་གཅན་གྱི་ཞུ་ཆེན་ལ་གཞི་བཅོལ་ཏེ་རྩོད་པའི་རིགས་པའི་ལེགས་སྦྱར་ཕྱི་མོ་དང་།  ཞི་བ་འཚོའི་རྩོད་པའི་རིགས་པའི་འགྲེལ་བའི་ལེགས་སྦྱར་ཕྱི་མོར་ཞུ་ཆེན་དང་སྦྲགས་པར་སྐྲུན་གནང་འདུག་ཀྱང་།  བློ་ཕམ་ཞིག་ལ་མཁས་པ་དེ་དག་ཞུས་ཆེན་གནང་སྐབས་ཟུར་ལྟའི་དཔྱད་གཞིར་མེད་མི་རུང་བའི་བོད་འགྱུར་དང་མ་བསྡུར་པར་བརྟེན་ནོར་བ་དང་ཞུ་དག་ངེས་འདྲོངས་མ་ཐུབ་པ་མང་དག་ཅིག་ཡོད་པ་རྣམས་མཁས་པ་གཉིས་ཀྱིས་དག་བཅོས་གནང་འདུག