ཚད་མ་རྣམ་ངེས་ནི་ཚིགས་བཅད་དང་རང་འགྲེལ་བཅས་ཚིགས་བཅད་ཚིགས་ལྷུག་སྤེལ་མའི་བདག་ཉིད་ཅན་གྱི་གཞུང་ཞིག་ཡིན། ལེའུ་དང་བོ་མངོན་སུམ་ལེའུ་དང་། གཉིས་པ་རང་དོན་རྗེས་དཔག་ལེའུ་དང་། གསུམ་པ་གཞན་དོན་རྗེས་དཔག་ལེའུ་བཅས་ལེའུ་གསུམ་ཡོད།
རྣམ་འགྲེལ་ནི་ཀུན་བཏུས་འགྲེལ་བ་ཡིན་པར་ཙམ་དུ་མ་ཟད་འཕྲོས་དོན་བཅས་མཐའ་ཆོད་པར་ཞིབ་རྒྱས་འཆད་པ་གང་ཞིག་ལ་རྣམ་ངེས་སུ་རང་ལུགས་བཞེད་པ་གཙོ་བོར་འཆད་པའི་གཞུང་རང་བཙན་པ་ཞིག་ཡིན་པའི་ཐོག སྐད་ཅིག་མའི་སྒྲུབ་བྱེད་གསར་བ་བསྟན་པ་སོགས་ཀྱི་འཕེལ་རྒྱས་ཀྱང་ཡོད། གཞུང་འདི་ཁྱད་ཆོས་རྒྱལ་ཚབ་རྗེའི་རྣམ་ངེས་དར་ཊཱིཀ་སྟོད་ཆ་ལས། ཚད་མ་རྣམ་པར་ངེས་པ་ལས་ནི། སློབ་དཔོན་ཕྱོགས་ཀྱི་གླང་བོ་ལ་རྟོག་གེ་མི་ཤེས་སོ་ཞེས་རྒོལ་བ་དག་གི་སྡུག་བསྔལ་གྱི་རྒྱུ་བཟློག་པའི་དོན་དུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་དེ་དག་གི་ལོག་རྟོག་བསལ་བའི་ཆེད་དང་། ཚད་མ་ལ་གཞལ་བྱའི་དེ་ཁོ་ན་ཉིད་ཚད་མ་ཀུན་ལས་བཏུས་ཀྱི་གཞུང་གི་ཆ་དང་ཡང་སྤྱར་ཞིང་སྔ་མ་ལས་ཅུང་ཟད་བསྡུས་པ་ཙམ་གྱིས་རིགས་པའི་དེ་ཁོ་ན་ཉིད་རྟོགས་པར་འདོད་པ་དག་རྗེས་སུ་གཟུང་བའི་ཆེད་དུ་མཛད་དོ།། ཆ་ཀུན་ནས་ཡོངས་སུ་རྫོགས་པ་སྔ་མ་ལས་མི་རྒྱས་མོད། རྟོག་གེའི་ཚིག་དོན་བརྒྱད་ཚང་བར་སྟོན་ཅིང་། གཞན་དོན་ནི་སྔ་མ་ལས་ཀྱང་ཆེས་ཆེར་རྒྱས་སོ།། ཞེས་གསལ་བ་ལྟར་གཞན་དོན་ལེའུ་རྣམ་འགྲེལ་ལས་ཀྱང་རྣམ་ངེས་རྒྱས་པར་གསུངས་འདུག
ལེགས་སྦྱར་ཀྱི་ཕྱི་མོ་ཆ་ཚང་བར་སྐྲུན་མ་ཐུབ་ཀྱང་གཞུང་གཞན་དུ་དྲངས་པ་གསར་རྙེད་ཚང་མ་བསྡོམས་ན་ལེའུ་དང་གཉིས་ཚིགས་བཅད་ཕལ་ཆེར་པར་སྐྲུན་གནང་ཐུབ་འདུག ཕོ་ར་ཨུ་ཝལ་ནར་གྱི་སློབ་མ་བྷེ་ཏྲར་གྱིས་ལེགས་སྦྱར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་ངེས་ལེའུ་དང་བོ་མངོན་སུམ་ལེའུའི་བོད་འགྱུར་ཕྱི་མ་ལ་ཞུ་ཆེན་དང་རྫར་མན་དང་། དེ་རྗེས་ལོ་གཉིས་ནས་སི་ཏཻན་ཀེལླ་ནར་གྱིས་རིགས་པ་ཅན་པའི་རྟོག་གེ་བ་བྷཱ་སར་ཝ་ཇྙའི་རིགས་པའི་རྒྱུན་ཞེས་པའི་གཞུང་དུ་དྲངས་པའི་རྣམ་ངེས་ལེའུ་དང་པོའི་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་། གཞན་ཡང་སི་ཏཻན་ཀེལླ་ནར་གྱིས་ལེགས་སྦྱར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་བེས་ལེའུ་གཉིས་པ་རྗེས་དཔག་ལེའུའི་བོད་འགྱུར་ཕྱི་མོ་ལ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་། དེ་ཆོས་མཆོག་གི་རྣམ་ངེས་འགྲེལ་བཤད་ནང་གི་རྣམ་ངེས་ལེའུ་གཉིས་པའི་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་། མཁས་པ་ཐ་ནིས་ལེའུ་གསུམ་པའི་རྣམ་ངེས་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་། མཁས་པ་མུ་ནི་ཇམ་བཱུ་ཝི་ཇ་ཡ་ཡིས་རྒྱལ་བ་བའི་རྟོག་གེའི་གཞུང་རྫས་ཀྱི་རྒྱན་དུ་དྲངས་པའི་རྣམ་ངེས་ལེའུ་གསུམ་པ་དང་ཆོས་མཆོག་གི་འཐད་ལྡན་གྱི་ལེགས་སྦྱར་གཞུང་ཚན་རྣམས་དེ་དག་གི་སྐབས་ཀྱི་བོད་འགྱུར་དང་སྦྲགས་ཏེ་གསལ་དང་། མཁས་པ་ལིན་དི་ནར་གྱི་ལ་བ་པའི་སྣང་བའི་འཕྲེང་པ་ཟུར་ལྟའི་དཔྱད་གཞིར་བྱས་ཏེ་རྣམ་ངེས་ལེའུ་དང་བོ་དང་གཉིས་པའི་ལེགས་སྦྱར་གཞུང་ཚན་དབྱེར་ཞིབ་སྦྲགས་ལེའུ་དང་བོར་ཛིག་རྐང་ཚིག་བྱང་དང་ལེའུ་གཉིས་པའི་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་དང་། མཁས་པ་ཡ་ཨི་ཐས་མཛད་པོ་མི་གསལ་བའི་རྟོག་གེའི་གསང་བ་ཆེན་པོ་ཞེས་པའི་གཞུང་དུ་དྲངས་པའི་རྣམ་ངེས་དང་ཆོས་མཆོག་མཐའ་ལྡན་ལེགས་སྦྱར་གཞུང་ཚན་གསལ་བསྒྲགས་གནང་། མཁས་པ་དེ་དག་གིས་སྐུ་ངལ་མཛད་རྗེས་ལ་བརྟེན་ནས་ད་བར་རྣམ་ངེས་ལེའུ་དང་བོར་ལེགས་སྦྱར་མ་རྙེད་པ་ནི་ལར་ནས་པར་དུ་མ་འཁོད་པ་ཙམ་ལས་རྣམ་ངེས་ལེགས་སྦྱར་ཕྱི་མོ་ཆ་ཚང་ནུབ་གླིང་མཁས་པ་ཞིས་གིས་རིང་མིན་པར་སྐྲུན་གནང་གི་གསུངས་བྱུང་ངོ་། །