ཆབ་ཆ་གྲོང་རྡལ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-04-12 10:55ལ་འགྲུབ།

ཆབ་ཆ་གྲོང་རྡལ།

ཆབ་ཆ་གྲོང་རྡལ།
སྔོན་གྱི་དུས་སུ། ཆབ་ཆ་ཞེས་པའི་མིང་གི་འཇུག་ཡུལ་ནི། ད་ལྟའི་ཆབ་ཆ་གྲོང་རྡལ་ཆགས་ཡོད་སའི་ས་ཁུལ་འདི་ཙམ་ལ་གོ་བ་མ་ཡིན་ཏེ། གནའ་བོའི་ཆབ་ཆ་ཆུ་བོའི་འབབ་ཡུལ་ཧྲིལ་བོ་སྟེ། དེང་སང་གི་ཆབ་ཆ་གྲམ་པའི་སྟོད་ཕྱོགས་ཀྱི་འགག་མགོ་ནས་བཟུང་སྟེ། སྨད་ཕྱོགས་ཀྱི་རྨ་ཆུ་ཁ་དང་ཁད་ཉེ་བའི་ཁི་མུག་སྡེ་བའི(སྔར་གནས་རྨ་ཆུར་ནུབ་ཟིན)བར་དུ་རིང་ཚད་ལ་ཧ་ལམ་སྤྱི་ལེ50ཡས་མས་ཡོད་པའི་གྲམ་གཞོངས་རིང་པོའམ་གཞོངས་ཁོག་ཧྲིལ་བོ་དེ་ལ་གོ་དགོས་ཏེ། ལོ་རྒྱུས་སྟེང་ལུང་ཁོག་འདི་ལ་ཆབ་ཆ་གཞོངས་ཁོག་ཟེར་ལ། གཞོངས་ཁོག་འདིའི་གྲམ་པའི་རིང་ཐུང་ཡོངས་ལ་ཆབ་ཆ་གྲམ་པ་ཟེར། དེ་བས་ཆབ་ཆ་ཟེར་བ་འདི་ནི། གཞོངས་ཁོག་ཧྲིལ་བོ་འདི་ལ་གོ་དགོས་པའི་སྐབས་ཤིག་ཡོད་ལ། ཆབ་ཆ་གྲོང་རྡལ་གྱི་ཆགས་ཡུལ་ཙམ་ལ་གོ་དགོས་པའི་སྐབས་ཤིག་ཀྱང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恰卜恰镇
ཕྱི་ཡིག་གི་མིང་།
chab cha grong rdal
མིང་གཞན།
ཆབ་ཚ།
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་།
མངའ་ཁོངས།
སྡེ་བ15
སྲིད་གཞུང་གནས་ཡུལ།
གསེར་ཆེན་རྫོང་ཆབ་ཆ་གྲམ་པའི་སྟོད་ཕྱོགས་ཀྱི་འགྲམ་རྒྱུད་དུ་ཆགས་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ 661.3
མི་གྲངས་།
ཁྲི6.3
1 ངོ་སྤྲོད།

ཆབ་ཆ་གྲོང་རྡལ་ནི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་ཡོད་ས་ཡིན་ཞིང་། ཆབ་ཆ་གྲམ་པའི་སྟོད་ཕྱོགས་ཀྱི་འགྲམ་རྒྱུད་དུ་ཆགས་ཡོད་པས་མིང་ཡང་དེ་སྐད་དུ་བཏགས། གྲོང་རྡལ་འདི་ནི་གསེར་ཆེན་རྫོང་གི་དབུས་རྒྱུད་ནས་ཅུང་ཙམ་ཤར་ཕྱོགས་སུ་གཞོལ་བའི་མཚམས་ཏེ། སའི་གོ་ལའི་བྱང་གི་འཕྲེད་ཚད36°05'ནས36°32'ཀྱི་མཚམས་དང་།  ཤར་གྱི་གཞུང་ཚད100°24'ནས100°42'ཀྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཚལ་རྔ་འགག་གྲོང་རྡལ་དང་། ལྷོ་ཕྱོགས་ནི་ཐེ་གེ་ཡུལ་ཚོ། ནུབ་ཕྱོགས་ནི་ས་གྲུ་བཞི་ཡུལ་ཚོ། ནུབ་བྱང་ནི་ཨིར་སྟི་ཡུལ་ཚོ། བྱང་ཤར་ནི་རིག་སྨོན་གྲོང་རྡལ། བྱང་ཕྱོགས་ནི་ཅང་སི་ཡུལ་ཚོ་བཅས་ལ་འབྲེལ་ཡོད། སྤྱི་ལོ1958ལོར་གྲོང་རྡལ་འདིའི་མངའ་ཁོངས་ཀྱི་སྡེ་བ་དུ་མ་བསྲེས་ནས་འདི་ལ་གྲོང་རྡལ་གྱི་མིང་བཏགས། སྤྱི་ལོ1959ལོར་འདིའི་མིང་ནི་ལུང་གཡང་ཀུང་ཧྲེ་རུ་བསྒྱུར།  སྤྱི་ལོ1965ལོར་ཡང་བསྐྱར་འདིའི་མིང་གྲོང་རྡལ་དུ་བསྒྱུར། སྤྱི་ལོ1968ལོར་ཆབ་ཆ་གྲོང་རྡལ་དང་ཆབ་ཆ་ཡུལ་ཚོ་གཉིས་ཀ་སོ་སོར་བཀར། སྤྱི་ལོ1973ལོར་གྲོང་རྡལ་རིམ་པའི་སྲིད་དབང་དངོས་སུ་བཙུགས། སྤྱི་ལོ2001གི་ལོར་ཆབ་ཆ་གྲོང་རྡལ་གྱི་ཁོངས་སུ་སྔར་གྱི་ཆབ་ཆ་ཡུལ་ཚོ་བསྲེས་ནས་གཉིས་ཀའི་སྤྱི་མིང་ལ་ཆབ་ཆ་གྲོང་རྡལ་དུ་བཏགས། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི2800དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ661.3། མི་གྲངས་ཁྲི་ཚོ6.3བཅས་ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་མཐའ་དམར་ཞོལ་མ་དང་། མཐའ་དམར་གོང་མ། ཚ་ཧན་སུའུ། ཞི་ཐའེ། སྒོ་མེ་ཞིང་ཁ་ཤར་སྡེ། སྒོ་མེ་ཞིང་ཁ་ནུབ་སྡེ། རྐ་གསར། རྒྱལ་ར། སོར་རྒྱག  མེ་ཏོག་ལུང་བ་ཞོལ་མ། མེ་ཏོག་ལུང་བ་གོང་མ། སྐྱ་རེངས། ཟོར་རྒྱལ། དུམ་པ། གཟི་ལུང་ཐང་བཅས་སྡེ་བ15ཡོད།

2 མིང་ཐོགས་ཚུལ།

སྔོན་གྱི་དུས་སུ། ཆབ་ཆ་ཞེས་པའི་མིང་གི་འཇུག་ཡུལ་ནི། ད་ལྟའི་ཆབ་ཆ་གྲོང་རྡལ་ཆགས་ཡོད་སའི་ས་ཁུལ་འདི་ཙམ་ལ་གོ་བ་མ་ཡིན་ཏེ། གནའ་བོའི་ཆབ་ཆ་ཆུ་བོའི་འབབ་ཡུལ་ཧྲིལ་བོ་སྟེ། དེང་སང་གི་ཆབ་ཆ་གྲམ་པའི་སྟོད་ཕྱོགས་ཀྱི་འགག་མགོ་ནས་བཟུང་སྟེ། སྨད་ཕྱོགས་ཀྱི་རྨ་ཆུ་ཁ་དང་ཁད་ཉེ་བའི་ཁི་མུག་སྡེ་བའི(སྔར་གནས་རྨ་ཆུར་ནུབ་ཟིན)བར་དུ་རིང་ཚད་ལ་ཧ་ལམ་སྤྱི་ལེ50ཡས་མས་ཡོད་པའི་གྲམ་གཞོངས་རིང་པོའམ་གཞོངས་ཁོག་ཧྲིལ་བོ་དེ་ལ་གོ་དགོས་ཏེ། ལོ་རྒྱུས་སྟེང་ལུང་ཁོག་འདི་ལ་ཆབ་ཆ་གཞོངས་ཁོག་ཟེར་ལ།  གཞོངས་ཁོག་འདིའི་གྲམ་པའི་རིང་ཐུང་ཡོངས་ལ་ཆབ་ཆ་གྲམ་པ་ཟེར། དེ་བས་ཆབ་ཆ་ཟེར་བ་འདི་ནི། གཞོངས་ཁོག་ཧྲིལ་བོ་འདི་ལ་གོ་དགོས་པའི་སྐབས་ཤིག་ཡོད་ལ། ཆབ་ཆ་གྲོང་རྡལ་གྱི་ཆགས་ཡུལ་ཙམ་ལ་གོ་དགོས་པའི་སྐབས་ཤིག་ཀྱང་ཡོད།

ཆབ་ཆ་ཞེས་པའི་མིང་གི་ཐོགས་ཚུལ་ལ་འདི་ལྟར་གྲགས་ཏེ། ཆབ་ཅེས་པ་ནི་ཆུ་དང་། ཆ་ཞེས་པ་ནི་ཟུང་ངམ་གཉིས་ཏེ། གཙང་ཆབ་ཆ་གཅིག་གམ་ཆུ་རྒྱུན་གཉིས་ཀྱི་དོན་ཡིན་པར་བཤད། དེ་ཡང་ཡུལ་འདི་གར་གཙང་ཆབ་ཆ་གཅིག་གམ་ཆབ་ཆ་ཞེས་པའི་མིང་གི་གདགས་གཞི་ངོས་འཛིན་ཚུལ་ལ་བཤད་རྒྱུན་མི་འདྲ་བ་གཉིས་ཡོད་དེ།

དང་པོ་ལྟར་ན། ཆབ་ཆ་ཆུའི་འབྱུང་ཁུངས་ནི་ཆུ་རྒྱུན་གཉིས་ལ་ཐུག་ཡོད་པར་བཤད་དེ། གཅིག་ནི་བྲག་ཀླུ་མོའི་སྟོད་ཕྱོགས་ཀྱི་ཤ་ལ་རི་རྒན་ནས་ཐོན་རྗེས་དཀར་ལྡང་ལུང་བ་བརྒྱུད་ནས་བཞུར་ཡོང་བའི་ཆུ་རྒྱུན་ཞིག་ཡིན་ཞིང་། དེ་ལ་ཆུ་དཀར་ཆུ་ཟེར། གཞན་ཞིག་ནི་གཏེར་རྫ་ཁྱ་ལོག་ནས་ཧ་རྒན་ལུང་བ་བརྒྱུད་ནས་བཞུར་ཡོང་བའི་ཆུ་རྒྱུན་ཞིག་ཡིན། དེ་ལ་ཆུ་ནག་ཆུ་ཟེར། ཆུ་རྒྱུན་དཀར་ནག་དེ་གཉིས་ཀ་བྲག་ཀླུ་མོའི་མདུན་ངོས་སུ་གཞི་གཅིག་ཏུ་འདྲེས་པ་ལ་ཆབ་ཆ་ཞེས་འབོད་སྲོལ་བྱུང་ཟེར།

གཉིས་པ་ལྟར་ན། གནའ་དུས་བློན་པོ་གསེར་ཆེན་རི་བོའི་ལྷོ་ངོས་ནས་ཐོན་པའི་ཆུ་ཞིག་སྟེ། དེང་སང་གི་མེ་ཏོག་ལུང་བ་གོང་ཞོལ་གཉི་གའི་ནུབ་ངོས་བརྒྱུད་ནས་ལྷོ་ཕྱོགས་སུ་བཞུར་བའི་གསེར་ཆེན་གྱི་ཆུ་ཞེས་པ་དང་། རྒྱལ་ར་སྡེ་བའི་བྱང་སྟོད་ཀྱི་བྲག་ཀླུ་མོའི་གཡས་གཡོན་ནས་བཞུར་ཡོང་བའི་འགག་གི་ཆུ་སྟེ། ཆུ་རྒྱུན་དེ་གཉིས་ཀ་ད་ལྟའི་སོར་རྒྱག་སྡེ་བའི་ཤར་ལྷོའི་ཕྱོགས་ཀྱི་ཁྱ(ཁྲ)ཚང་སྡེ་བའི་འདབས་ནས་གཅིག་ཏུ་འདྲེས་པ་དེ་ལ་གཙང་ཆབ་ཆ་གཅིག་སྟེ་ཆབ་ཆ་ཞེས་པའི་མིང་དེ་ཐོགས་པ་ཡིན་ཟེར།

གཞན་ཡང《མདོ་སྨད་ཆོས་འབྱུང》དུ་ཆབ་ཆ་ལ་ཆབ་ཚ་ཞེས་བྲིས་ཡོད་ཅིང་། དེ་ནི་ཆབ་ཆའི་མིང་གཞན་ཞིག་ཡིན། ཆབ་ནི་ཆུ་དང་། ཚ་ནི་གྲང་བའི་ལྡོག་ཟླ་སྟེ། ཚ་བའི་དོན་ཡིན། སྔོན་དུས་ཆུ་བོ་འདིའི་འགྲམ་རྒྱུད་དུ་ཆུ་ཚན་མང་བས་མིང་ཡང་དེ་སྐད་དུ་ཐོགས། ངག་རྒྱུན་ལ། དེང་སང་གི་རྒྱལ་ར་སྡེ་བའི་ཡན་ཆད་ཀྱི་འགག་མགོ་ནས་བཟུང་རྨ་ཆུའི་ཁ་བར་གྱི་ཆབ་ཆ་གྲམ་པའི་གཞོངས་ཁོག་ཧྲིལ་བོ་འདིར་སྔོན་ཆད་རྟས་མི་ཆོད་པའི་ཆུ་ཆེན་ཞིག་ཡོད་པར་གྲགས་ཤིང་། ཆབ་ཆ་ཆུའི་བཞུར་རྒྱུད་དུ་ཆུ་ཚན་ཏེ། ཚ་བའི་རང་བཞིན་ཅན་གྱི་ཆུ་ཕྲན་དང་ཆུ་མིག་མང་བའི་རྒྱུ་མཚན་གྱིས། ཆབ་ཚ་ཞེས་པ་ནི་དེ་དུས་ཆབ་ཆ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྒྱུན་དང་ཆུ་ཚན་དག་མ་བསྐམས་པའི་བར་དུ་བཏགས་པ་ཞིག་ཡིན་ཚུལ་རྗེས་སུ་དཔོག་ནུས། ད་ལྟའི་ཆབ་ཆ་གྲོང་རྡལ་གྱི་དབྱི་སི་ལན་ཕྱག་ཁང་གི་ཉེ་ལོགས་དེར། སྤྱི་ལོ1958ལོའི་སྐབས་སུ་ད་དུང་དགུན་དུས་ཚ་རླངས་ཐུ་ལུ་ལུ་བྱེད་པའི་ཆུ་ཚན་ཞིག་ཡོད་ཅེས་རྒན་རབས་དག་གིས་བཤད་དོ། ། ཆབ་ཆ་གྲམ་པའི་བར་རྒྱུད་ཀྱི་མཐའ་དམར་གོང་ཞོལ་ནས་བཟུང་རྨ་ཆུ་ཁའི་བར་གྱི་ཉིན་སྲིབ་གཉིས་ཀའི་འགྲམ་རྒྱུད་དུ་ཨ་ཡག་ཝ་ཆུ་ཁོལ་དང་། ཁེ་ཙེ་ཆུ་ཁོལ། ཆུ་མགོ་དྲོན་པོ(རྨ་ཆུར་ནུབ་ཟིན)། ཁི་མུག་ཆུ་ཁོལ(རྨ་ཆུར་ནུབ་ཟིན)སོགས་ཆུ་ཁོལ་མང་དུ་ཡོད་པས། དགུན་དུས་ཆབ་ཆ་གྲམ་པའི་བར་རྒྱུད་ནི་ལྷག་པར་ཆུ་རླངས་ཐུ་ལི་ལི་བྱེད་ཀྱིན་ཡོད་ས་ཞིག་ཡིན། 《གུང་ཧོ་རྫོང་གི་ཡུལ་རབས》ཞེས་པ་ལས་ཀྱང་། རྫོང་འདིའི་ཁོངས་རོལ་གྱི་ཆུ་ཚན་ནི་ཆབ་ཆ་ཆུའི་སྨད་རྒྱུད་དུ་འདུས་ཡོད་དེ། དེ་དག་ལས་ཆུའི་ཚ་ཚད23℃ཡན་ན་ཡོད་པ12ཡོད་ཅིང་། ཆེས་མཐོ་བའི་ཚ་ཚད་ནི43℃ཡིན། ཆུ་ཚན་དེ་དག་ལས་ཁག་ཅིག་ལུས་ཕུང་འཁྲུད་བྱེད་དུ་འཁོལ་བ་དང་ཞིང་ལ་འདྲེན་པ་ཙམ་ལས་ཅི་ནུས་སུ་སྤྱོད་ཐུབ་ཀྱི་མེད་ཅེས་བཀོད་ཡོད། 

3 རུ་སྡེ།

ད་ལྟ་ཆབ་ཆ་གྲམ་པའི་འགྲམ་གཉིས་སུ་སྟོད་ཀྱི་འགག་གོང་མ་སྡེ་བ་ནས་བཟུང་རིམ་བཞིན་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད་པའི་སྡེ་བ་དང་གྲོང་རྡལ་གཅིག་ལ། རྒྱལ་ར་དང་། སྐྱིད་དོང་། སོར་རྒྱག  ཁྱ(ཁྲ)ཚང་། ཀ་བརྒྱ། སྒོ་མེ་ཞིང་ཁ། ཆབ་ཆ་གྲོང་རྡལ། ཚ་ཧན་སུའུ།  ས་ཕྱུག  མཐའ་དམར་གོང་ཞོལ། དར་ལྕོག  ཤེའུ་སྐེ་གོང་ཞོལ། ཁེ་ཙེ།  ཨ་ཡག་ཝ།  ཚ་ཧན་ཐུ་ཝོས་གོང་ཞོལ་བཅས་ཡོད་ལ། ཚ་ཧན་ཐུ་ཝོས་ཞོལ་མའི་མན་ཆད་དེ།  སྔོན་དུས་ཆབ་ཆ་གྲམ་པའི་འགྲམ་ངོགས་གཉིས་སུ་ཆགས་ཡོད་པའི་ཧ་ཧ་ཐུ་ཝོས་དང་། འཁྱིལ་ཁུག  སོག་པོ་ར།  རྐ་ནག་ལྡང་། ཆུ་མགོ་དྲོན་པོ་ན་གཞོངས། མཚོ་ཐོག་ལུང་། ཁུ་མུག་སྡེ་བ་བཅས་ཀྱི་སྔར་གནས་ནི་ཚལ་རྔ་འགག་ཆུ་མཛོད་བསྐྱིལ་རྗེས་རྨ་ཆུར་ནུབ་ཟིན།