པོ་ལཱ་ཐུའུ(སྤྱི་ལོ་སྔོན་གྱི427-སྤྱི་ལོ་སྔོན་གྱི347)ནི་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ་ཡ་ལི་ཧྲི་ཏུའོ་ཏི་ཡི་དགེ་རྒན་ཡིན། མཚན་ཉིད་རིག་པའི་གཞུང་ཆེན་མོ《ཕུགས་བསམ་གྱི་རྒྱལ་ཁབ》ཀྱི་རྩོམ་པ་པོ་ཡང་ཡིན། ཁོང་གི་རིག་རྩལ་གཞུང་ལུགས་ཀྱི་བསམ་བློ་དང་མཛེས་དཔྱོད་ལྟ་ཚུལ་གྱིས་ཡོ་རོབ་གླིང་གི་རིག་རྩལ་ཁམས་ལ་ཤན་ཤུགས་གཏིང་ཟབ་མོ་ཐེབས་ཤིང་། ནུབ་གླིང་གི་བསམ་བློའི་གཞུང་ལུགས་མི་འདྲ་བ་སོ་སོའི་འབྱུང་ཁུངས་སུ་གྱུར་པའི་རྐྱེན་གྱིས་ཁོ་ལ་ནུབ་གླིང་གི་བསམ་བློའི་མཁན་པོ་ཞེས་འབོད།
པོ་ལཱ་ཐུའུ་ནི་ཡ་ཏེན་གྱི་འབྱོར་ལྡན་ཞིག་གི་ཁྱིམ་རྒྱུད་དུ་སྐྱེས་ལ། ཆུང་དུས་ནས་ལུས་སྟོབས་རྒྱས་ཤིང་ཐོད་ཞེང་དང་ཕྲག་ཞེང་ཆེ་ལ་ཁ་ལྕེ་བདེ་བས་དགེ་རྒན་གྱིས་ཁོང་གི་མིང་ལ་པོ་ལཱ་ཐུའུ་ཞེས་བཏགས། པོ་ལཱ་ཐུའུ་ནི་ཀེ་རི་སེའི་སྐད་ཀྱི་ནང་དོན་ལ་ཞེང་ཆེ་བའི་དོན་ཡིན་ཞིང་། རྗེས་སུ་མིང་དེ་ཁོང་གི་དངོས་མིང་དུ་གྱུར།
པོ་ལཱ་ཐུའུ་ལོ་ཉི་ཤུར་སོན་དུས་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་སུའུ་ཀོ་ལ་ཏིར་དགེ་རྒན་དུ་བསྟེན། རྗེས་སུ་ཁོང་ཕྱི་ཡུལ་དུ་གནས་སྐོར་དང་ཞིབ་འཇུག་ལ་འགྲིམས་ནས་མཁས་པ་དང་མི་གྲགས་ཅན་མང་པོར་འབྲེལ་འདྲིས་བྱས་པས་རང་གི་ཤེས་རྒྱ་དང་མཐོང་རྒྱ་ཆེ་ཆེར་བསྐྱེད་ལ། རང་ཉིད་ཀྱི་བསམ་བློའི་མ་ལག་གི་མགོ་ཡང་དུས་དེ་ནས་ཚུགས།
ལོ་བཞི་བཅུར་སོན་དུས་ཁོང་གནས་སྐོར་ནས་ཕྱིར་ཡ་ཏེན་ལ་ལོག་སྟེ་ཨ་ཁ་ཏི་སྨི་སློབ་གླིང་བཙུགས། དེ་ནི་ནུབ་ཡུལ་གྱི་མཐོ་རིམ་སློབ་གླིང་སྔ་ཤོས་ཡིན། པོ་ལཱ་ཐུའུ་ཡིས་སློབ་གླིང་དེར་མཚན་ཉིད་རིག་པ་འཁྲིད་པ་ལས་གཞན་རྩིས་རིག་དང་གནམ་དཔྱད་རིག་པ། སྐྱེ་དངོས་རིག་པ་སོགས་རང་བྱུང་ཚན་རིག་གི་ཤེས་བྱ་དག་ཁྲིད་པས་ཕྱོགས་སོ་སོའི་སློབ་མ་མང་པོ་འདུས། པོ་ལཱ་ཐུའུ་ཡིས་དབྱིབས་རྩིས་རིག་པ་གལ་ཆེན་དུ་བཟུང་། ཁོང་གིས་མིའི་བསམ་གཞིགས་གཏོང་བ་ཚགས་དམ་ཞིང་ཆོས་ཉིད་ཅན་དུ་བསྒྱུར་ནས་བསམ་གཞིགས་དང་བརྟག་དཔྱད་མཐའ་འཁྱོལ་བ་ཞིག་བྱེད་པར་དབྱིབས་རྩིས་རིག་པ་དང་ཁ་འབྲལ་ཐབས་མེད་པར་འདོད། དེའི་ཕྱིར། ཁོང་གིས་ཆེད་དུ་ཨ་ཁ་ཏི་སློབ་གླིང་གི་སྒོ་བྱང་སྟེང་དབྱིབས་རྩིས་རིག་པ་མི་ཤེས་མཁན་རྣམས་ནང་དུ་མ་ཡོང་ཞེས་བྲིས།
པོ་ལཱ་ཐུའུ་ཡི་ཚེ་མཇུག་གི་འཚོ་བ་ཧ་ཅང་སྐྱིད་དེ། ཁོང་ལ་སློབ་མ་མང་དུ་བྱུང་ཞིང་། སློབ་མ་ཚོས་ཁོང་ལ་དགའ་མོས་བྱེད་པར་མ་ཟད་ཡུལ་སོ་སོ་ནས་ཡོང་བའི་མགྲོན་པོ་རྣམས་ཀྱིས་ཀྱང་ཁོང་ལ་དད་གུས་ཚད་མེད་བྱས། ཐེངས་ཤིག་ལ། ཁོང་གི་སློབ་མ་ཞིག་གཉེན་སྒྲིག་བྱེད་དུས་པོ་ལཱ་ཐུའུ་ལ་མགྲོན་ཤོག་འབྱོར། ལོ་ན་བརྒྱད་ཅུར་སོན་པའི་པོ་ལཱ་ཐུའུ་གཉེན་སྟོན་ལ་སོང་ནས་ཚང་མ་དང་མཉམ་དུ་ཟས་ཆང་ལ་རོལ། ཅུང་ཟད་འགོར་རྗེས་ཁོང་གིས་ཁང་བའི་གྲུ་ཟུར་ཞིག་ཏུ་ངལ་གསོས། རྗེས་སུ་ཚང་མས་ཁོང་གཉིད་ལས་སློངས་དུས་ད་གཟོད་ཁོང་ཉིད་སྐུ་གཤེགས་ཟིན་པ་ཤེས། ཁོང་འདུག་སྟེགས་སྟེང་བདེ་བར་སྡོད་ཚུལ་ནི་མཚན་ཉིད་རིག་པའི་དྲི་བ་སྣ་ཚོགས་ལ་སྔར་བཞིན་བསམ་གཞིགས་བྱེད་པ་དང་ཀུན་ནས་འདྲའོ།།