ཚད་མ་ཀུན་བཏུས།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-03-28 09:04ལ་འགྲུབ།

ཚད་མ་ཀུན་བཏུས།

སློབ་དཔོན་ཕྱོགས་གླང་གི་གོང་རོལ་དུ་བྱེ་བྲག་པ་དང་། རིགས་པ་ཅན་པ། གྲངས་ཅན་ལ་སོགས་པའི་གཏན་ཚིག་རིག་པ་རྩལ་དུ་བཏོན་ནས་ཚད་གཞུང་རང་བཙན་པ་བྱུང་ཡོད་ཀྱང་། གང་ཟག་གི་བདག་མེད་དང་བདེན་པ་བཞི་བརྗོད་བྱར་བྱས་པའི་ནང་རིག་པར་གྱུར་པའི་ཚད་མའི་བསྟན་བཅོས་རང་བཙན་པ་ནི་སློབ་དཔོན་ཕྱོགས་གླང་གི་དུས་ནས་བྱུང་བར་མངོན་ཏེ། ཚད་མ་ཀུན་བཏུས་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་འདིའི་ཚད་མའི་བསྟན་བཅོས་ཇི་སྙིད་ཅིག་བཞུགས་པའི་ཁྲོད་ཚད་མའི་གཞུང་ཡོངས་སུ་རྫོགས་ཤིང་། རྒྱ་བོད་མཁས་པའི་གཞི་འཛིན་ས་གཙོ་བོར་གྱུར་པ་ལ་མི་རིགས་མང་པོའི་སྐད་ཐོག་ཏུ་འགྱུར་ཏེ་འཆད་ཉན་ཆེར་རྒྱས་ཡོད་པའི་བསྟན་བཅོས་གྲགས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
集量论
ཕྱི་ཡིག་གི་མིང་།
the collection of valid cognition
མཛད་པ་པོ།
སློབ་དཔོན་ཕྱོགས་གླང་།
1 ལེའུ་དང་གཞུང་ཁོག

ཚད་མ་ཀུན་བཏུས་ལ། 1.མངོན་སུམ་ལེའུ་དང་། 2.རང་དོན་རྗེས་དཔག་ལེའུ་དང་།  3.གཞན་དོན་རྗེས་དཔག་ལེའུ་དང་། 4.དཔེ་དང་དཔེ་ལྟར་སྣང་བརྟག་པའི་ལེའུ་དང་། 5.གཞན་སེལ་བརྟག་པའི་ལེའུ་དང་། 6.ལྟག་ཆོད་བརྟག་པའི་ལེའུ་བཅས་དྲུག་ཡོད་པའི་ནང་ནས་ལེའུ་ལྔ་མ་གཏོགས་གཞན་ལྔར་སྟོད་ཆར་རང་ལུགས་བཞེད་པ་བཀོད་རྗེས་སྨད་ཆར་རྩོད་སྒྲུབ་དང་། རིགས་པ་ཅན་དང་། བྱེ་བྲག་པ་དང་། གྲངས་ཅན་དང་། དཔྱོད་པ་བའི་འདོད་པ་རིམ་པ་བཞིན་བཀག་ཡོད།  ལེའུ་ལྔ་པར་རང་གིས་སྲོལ་ཕྱེ་བའི་སེལ་བའི་རྣམ་གཞག་འཆད་ཀྱི་ཡོད།

2 འགྱུར་འགྲེལ་དང་ཞུ་དག་སྐོར།

ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ་བོད་འགྱུར་ཙམ་ལས་མ་བཞུགས་ཀྱང་། རིགས་པ་ཅན་པའི་གཞུང་དང་།  གཅེར་བུ་བའམ་རྒྱལ་བ་བའི་གཞུང་དང་།  རྣམ་འགྲེལ་འགྲེལ་བ་སོགས་ལུང་དྲངས་པའི་ལེགས་སྦྱར་གཞུང་ཚན་མང་པོ་རྙེད་དེ་བཞུགས། ལྷག་པར་དུས་རབས་བརྒྱད་པར་བྱོན་པའི་རྒྱལ་དབང་བློའི་ཀུན་བཏུས་འགྲེལ་བཤད་ཀྱི་ལེགས་སྦྱར་ཕྱི་མའང་ཉེ་ཆར་བོད་ནས་ནུབ་གླིང་དུ་གདན་དྲངས་ཏེ་རིང་མིན་པར་སྐྲུན་བྱེད་རྒྱུ་གཏན་འཁེལ་འདུག  ཚད་མ་ཀུན་བཏུས་ནང་དོན་ནི་ཕྱོགས་གླང་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཚད་མ་མདོའི་རྣམ་བཤད་དུ་ལེགས་པར་གཏན་ལ་ཕབ་པའི་ལེགས་བཤད་ལ་བརྟེན་ནས་ཤེས་དགོས།  ཅིག་ཤོས་ཕོ་ར་ཝལ་ནར་གྱིས་ཀུན་བཏུས་དང་ཀུན་བཏུས་འགྲེལ་བཤད་གཉིས་ལ་གཙོ་བོར་ཁུངས་བཅོལ་ཏེ་རྩ་བརླག་ཏུ་ཕྱིན་པའི་སློབ་དཔོན་དབྱིག་གཉེན་གྱི་རྩོད་སྒྲུབ་དང་།  གྲངས་ཅན་ཚིག་ལེའུ་བྱས་པའི་གོང་རོལ་དུ་བརྩམས་པའི་གྲངས་ཅན་གྱི་དྲུག་ཅུའི་རྒྱུད་ཅེས་པར་གསལ་བའི་བློའི་རྣམ་གཞག་སྐབས་བསྐྱར་གསོ་དང་། ཀུན་བཏུས་ལེའུ་དང་གཉིས་ཀྱི་དཔྱོད་པ་བའི་འདོད་པའི་སྐབས་ཀྱི་བོད་འགྱུར་ལ་ཞུ་ཆེན་དང་སྦྲགས་འཇར་མན་སྐད་དུ་བསྒྱུར་འདུག  ཕྱོགས་མཚུངས་ཉི་ཧོང་ཡུལ་དུ་ཡང་གཙུག་ལག་སློབ་དཔོན་ཆེན་མོ་ཁི་ཐ་རྒ་ཝས་ཚད་མ་ཀུན་བཏུས་རྩ་འགྲེལ་ལེའུ་གཉིས་པ་གསུམ་པ་བཞི་བ་ལྔ་བ་བཅས་ཀྱི་སྟོད་ཆ་ཉི་ཧོང་སྐད་དུ་བསྒྱུར་བ་དང་སྦྲགས་དེའི་སྐབས་ཀྱི་བོད་བསྒྱུར་གཉིས་ལ་ཞུ་ཆེན་དང་། ལེའུ་དང་བོ་དང་གཉིས་པའི་སྨད་ཆ་རིགས་པ་ཅན་པའི་འདོད་པ་བཀག་པའི་སྐབས་དང་།  ལེའུ་གསུམ་པའི་སྨད་ཆའི་གཏན་ཚིགས་དང་འབྲེལ་བའི་རིགས་པ་ཅན་པའི་འདོད་པ་བཀག་པའི་སྐབས།  ལེའུ་གསུམ་པའི་སྨད་ཆའི་གཏན་ཚིགས་ལྟར་སྣང་འབྲེལ་བའི་རྩོད་སྒྲུབ་དང་རིགས་པ་ཅན་པའི་འདོད་པ་བཀག་པའི་སྐབས་བཅས་ཉི་ཧོང་སྐད་དུ་བསྒྱུར་ཏེ། ཕྱི་ལོ་1965ལོར་རྒྱ་གར་གྱི་སྔ་དར་ཚད་གཞུང་ཉམས་ཞིབ་ཅེས་པའི་མིང་ཐོག་ནས་པར་སྐྲུན་གནང་འདུག  ཕྱོགས་མཚུངས་གཙུག་ལག་སློབ་དཔོན་ཆེན་མོ་ཧ་ཐོས་རིས་ཚད་མ་ཀུན་བཏུས་རྩ་འགྲེལ་ལེའུ་དང་བོར་གཤམ་མཆད་ཞིབ་ཏུ་བཀོད་པའི་དབྱིན་བསྒྱུར་དང་དེའི་སྐབས་ཀྱི་བོད་འགྱུར་ལ་ཞུ་ཆེན་གནང་འདུག་དེ་རྗེས་ཁོང་གིས་ལེགས་སྦྱར་གྱི་ཀུན་བཏུས་གཞུང་ཚན་དང་སྦྲགས་ལེའུ་ལྔ་བའི་བོད་འགྱུར་གཉིས་ཀྱི་ཀུན་བཏུས་རྩ་འགྲེལ་དང་ལེའུ་ལྔ་བའི་བོད་འགྱུར་ཀུན་བཏུས་འགྲེལ་ལ་ཞུ་ཆེན་གནང་འདུག  མཁས་པ་ཇམ་བཱུ་ཝི་ཇ་ཡ་ཇཱི་ཡིས་ཀུན་བཏུས་གཞུང་ཚན་མང་པོ་ལེགས་སྦྱར་དུ་བསྐྱར་གསོ་གནང་འདུག  མཁས་པ་ཧ་ཡེ་སེ་ཡིས་ཀུན་བཏུས་ལེའུ་གཉིས་པའི་སྟོད་ཆ།  དེ་རྗེས་ཀུན་བཏུས་ལེའུ་གཉིས་པའི་སྟོད་ཆ་དང་ལེའུ་ལྔ་བའི་དུམ་བུ་བཅས་དབྱིན་བསྒྱུར་གནང་ཡོད་དོ།།