གནའ་དཔེའི་ལྡེབ་གྲངས།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2016-04-15 08:58ལ་འགྲུབ།

གནའ་དཔེའི་ལྡེབ་གྲངས།

གནའ་དཔེའི་ལྡེབ་གྲངས།
དེ་ཡང་གསུང་རབ་ཀྱི་ལྡེབ་གྲངས་ཞེས་པ་ནི་བོད་སྐད་དཔེ་རྙིང་གི་ཤོག་ལྡེབ་རྒྱབ་མདུན་གཉིས་མཉམ་དུ་སྡེབ་ནས་ཤོག་ངོས་གཅིག་ཏུ་བརྩིས་པ་དེ་ལ་གསུང་རབ་ཀྱི་ལྡེབ་གྲངས་ཞེས་བརྗོད་པ་ཡིན།
1 ​བྱུང་བ།

དེ་ཡང་གསུང་རབ་ཀྱི་ལྡེབ་གྲངས་ཞེས་པ་ནི་བོད་སྐད་དཔེ་རྙིང་གི་ཤོག་ལྡེབ་རྒྱབ་མདུན་གཉིས་མཉམ་དུ་སྡེབ་ནས་ཤོག་ངོས་གཅིག་ཏུ་བརྩིས་པ་དེ་ལ་གསུང་རབ་ཀྱི་ལྡེབ་གྲངས་ཞེས་བརྗོད་ཀྱི་ཡོད། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འབྲི་བའི་སྲོལ་དེ་ནི་དུས་ནམ་ཞིག་ལ་དར་བ་ཡིན་ནམ་ཞེ་ན། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འགོད་པའི་སྲོལ་དེ་མ་བྱུང་བའི་ཡང་སྔོན་དུ་གསུང་རབ་ཀྱི་ལྡེབ་གྲངས་ཀྱི་བྱེད་ནུས་དེ་ཡང་གསུང་རབ་བྲིས་མའི་སྟེང་དུ་གསལ་བའི་སྒོར་ཐིག་གི་མིག་ཕུའི་ནང་དུ་བརྒྱུས་པའི་རྒྱུན་བུ་དེས་བཟུང་ཡོད། སྤྱི་ལོའི་དུས་རབས8པའི་ནང་དུ་ཆོས་རྒྱལ་གྱི་བླ་འབུམ་ལྕགས་ཐུར་མ་ཞེས་བྱུང་བར་བསམ་གཞིགས་གཅིག་བྱས་པ་ཡིན་ན། བླ་འབུམ་དེ་ཉིན་མཚན་རྒྱུན་མཐུད་དེ་ལྗགས་ཀློག་ཞུ་སྐབས་སྒོར་ཐིག་གི་མིག་ཕུ་དེར་བརྒྱུས་པའི་རྒྱུན་བུ་དེ་ཅུང་ཟད་ཅིག་ལས་རྙོགས་སུ་མཐོང་ནས་གླེགས་བམ་གྱི་གོ་རིམ་དེ་སྔོན་རྒྱུན་བུ་བརྒྱུས་ས་དེར་ལྕགས་ཐུར་རེ་བརྒྱུས་པ་ལས་གསུང་རབ་ཀྱི་སྒོར་ཐིག་གི་བྱེད་ནུས་ལྡེབ་གྲངས་ཕན་ཚུན་མི་འཁྲུགས་པ་དེ་ཕ་གཞིས་བུས་འཛིན་པ་ལྟར་ལྕགས་ཐུར་གྱིས་བཟུང་བར་སེམས། དེ་རྗེས་རིམ་པས་བཞིན་གནའ་དཔེ་ལྗགས་ཀློག་དང་དོ་དམ་གྱི་དགོས་མཁོར་གཞིགས་ཏེ་གསུང་རབ་ཀྱི་ལྡེབ་གྲངས་དང་ལྕགས་ཐུར་གཉིས་བསྡུར་ན། སྒོར་ཐིག་གི་མིག་ཕུར་བརྒྱུས་པའི་ལྕགས་ཐུར་དེ་ཡང་སྟབས་མི་བདེ་པ་དང་ལྷག་དོན་དུ་གསུང་རབ་ཀྱི་ལྡེབ་གྲངས་གོང་འོག་མི་འཁྲུགས་པའི་བྱེད་ནུས་ཐད་ནས་བརྗོད་ན་སྟབས་བདེ་དང་ཕན་ནུས་ཞན་སྟབས། དེས་ན་རིམ་པས་བཞིན་གསུང་རབ་རང་ཉིད་ཀྱི་སྤྱན་ཁྱེར་རྒྱའི་གཡོན་ངོས་སུ་ལྡེབ་གྲངས་འགོད་པའི་སྲོལ་དེ་དར་སྲོལ་བྱུང་ལ་ལགས། རྗེས་སུ་གསུང་རབ་ཀྱི་དཔེ་གཟུགས་ཀྱི་འཕེལ་འགྲོས་དང་བསྟུན་ཏེ་དུས་རབས་མི་འདྲ་བའི་ཁྱད་ཆོས་ལྡན་པའི་ལྡེབ་གྲངས་འགོད་སྲོལ་དེའང་བྱུང་བར་མངོན། ཆེས་ཐོག་མའི་གསུང་རབ་དཔེ་གཟུགས་ཤོག་དྲིལ་དང་ལྟེབ་མགོ་མ་སོགས་ལ་ལྡེབ་གྲངས་བཀོད་མེད་པ་ད་ལྟ་མཇལ་ཡུལ་དུ་ཡོད་པ་མངའ་རིས་མཐོ་ལྡིང་དགོན་གྱི་གུ་གེའི་རྒྱལ་རབས་དང་ལྷོ་ཁའི་དགའ་ཐང་འབུམ་པ་ཆེའི་བོན་གྱི་གནག་རབས་སོགས་ཡིན། དུས་རབས8-9པའི་ནང་གི་གནའ་དཔེ་ནང་གི་གནའ་དཔེ་འགའ་ཞིག་གི་ལྡེབ་གྲངས་སུ་གསུང་རབ་དེའི་གཡས་ཀྱི་སྤྱན་ཁྱེར་རྒྱའི་ནང་དུ་ལྡེབ་གྲངས་ཀྱི་ཨང་ཀིའི་ཚབ་ཏུ་བོད་ཡིག་གི་ཀ་མད་བཀོད་པ་སྟེ། ཏུན་ཧོང་ནས་ཐོན་པའི་སྒྲ་སྦྱོར་བམ་གཉིས་དང་དུས་རབས11པར་འབྲི་བཞེངས་བགྱིས་པའི་མར་པ་ལོ་ཙཱའི་འགྱུར་འབྲུག་དགོན་པར་བཞུགས་པ་སོགས་ཡིན། དེ་མིན་བཙན་པོའི་བླ་འབུམ་དང་དུས་རབས12པར་འབྲི་བཞེངས་བྱས་པའི་མཉེས་ཐང་སྒྲོལ་མ་ལྷ་ཁང་གི་ཤེར་ཕྱིན་འབུམ་ཤོག་མོ་ཆེ་དེ་དག་གི་ལྡེབ་གྲངས་དྲུག་ཅུ་ནས་རེ་དགུ་བར་གྱི་ལྡེབ་གྲངས་ལ་ཡོ་གཅིག་དང་རོ་དགུ་ཞེས་བཀོད་འདུག  འོན་ཀེ་རུའི་མངས་བདག་མགོན་ནེའི་མདོ་མངས་སྨོན་དང་མངའ་རིས་གུང་ཐང་དཔར་མ་སོགས་ཀྱི་ལྡེབ་གྲངས་ཀྱི་བརྒྱ་གནས་དེ་དམིགས་བསལ་རྟགས་སྣ་ཚོགས་བཀོད་འདུག་པ་གཤམ་གྱི་རེའུ་མིག་ལྟར།

གཞུང་གི་མཚན་བྱང་།ལྡེབ་གྲངས་འགོད་སྲོལ།ལྡེབ་གྲངས་གསལ་བཤད།དཔར་གཞི།

སྒྲ་སྦྱོར་བམ་གཉིས།ཀཀ་མད་གི་གོ་རིམ་དེས་ལྡེབ་གྲངས་མཚོན་ཡོད།ཏུན་ཧོང་ཡིག་རྙིང་།

བཙན་པོའི་བླ་འབུམ།གསུམ་བརྒྱ་རོ་བརྒྱད།པོད་ག་པར་ལྡེབ་གྲངས368ཡོད་པའི་དོན།བྲིས་མ།

ཤེར་ཕྱིན་ཀྱི་ཕ་རོལ་དུ་ཕྱིན་པ།ཁ*དོན་གཉིས་བྱོན།ཁ་ནི་པོད་རྟགས་དང་རྟགས་འདིས་བརྒྱ་གནས་གཅིག་མཚོན། ཁྱོན472ཡོད།བྲིས་མ།

མངའ་རིས་འཁོར་ཆགས་དགོན་གྱི་ཤེར་ཕྱིན།གⅹⅹⅹརོ་དྲུགག་ཡིག་གིས་ཁོད་གྲངས་དང་རྟགས་འདིསⅹབརྒྱ་གནས་གཅིག་མཚོན།   རོ་དྲུག་ཞེས་པ་ནི་རེ་དྲུག་སྟེ་པོད་ག་པར་ཁྱོན་ལྡེབ་གྲངས་368ཡོད།བྲིས་མ།

མི་ལའི་རྣམ་ཐར་མཛོད་ནག་མ།∫∫∫སུམ་ཅུ་བྱོན།རྟགས∫འདིས་བརྒྱ་གྲངས་གཅིག་མཚོན། པོད་འདོར་ཁྱོན་ལྡེབ་གྲངས330ཡོད་པ་མཚོན།བྲིས་མ།

སྔགས་འཆང་ངག་དབང་ཀུན་དགའི་གསུང་འབུམ། ཀⅹⅹརེ་བདུན་བྱོན།ཀ་ཡིག་གིས་གསུང་རབ་ཀྱི་པོད་གྲངས་མཚོན།  ⅹརྟགས་འདིས་བརྒྱ་གྲངས་གཅིག་མཚོན།   བྱོན་ཞེས་ནི་པོད་ཀ་པ་རྫོགས་ཟིན་པའི་དོན། ཀ་པོད་འདིར་ལྡེབ་གྲངས267ཡོད།བྲིས་མ།    

ཀོང་སྤྲུལ་ཡོན་ཏན་རྒྱ་མཚའོ་གསུང་འབུམ།གⅹⅹⅹⅹལྔ། ང་། ⅹⅹབརྒྱད།  ག་ཡིག་གིས་པོད་གྲངས་དང་ཁྱོན་ལྡེབ་གྲངས405ཡོད་པ་མཚོན། ང་ཡིག་དེས་པོད་ག་པའི་ཆོས་ཚན་བཞི་པ་མཚོན་ལྡེབ་གྲངས208ཡོད།གཙམ་སྒམ་པོ་ཆེའི་དཔར།

མངའ་བདག་མགོན་ནེའི་མདོ་མངས།ཁ-§-§-§-དྲུགཁ་ཡིག་གིས་པོད་གྲངས་དང་རྟགས་འདིས§བརྒྱ་གནས་གཅིག་མཚོན།   དེས་ན་ཁ་པོད་ལ་ལྡེབ་གྲངས་གོང་འོག་སོ་སོར་བརྩིས་པའི289ཡོད།བྲིས་མ།

ས་པཎ་གྱི་ཚད་མ་རིགས་གཏེར།ཀ་བརྒྱ་དང་གྱ་དགུ།上二百八十九རིགས་གཏེར་ཀ་པོད་ལ་ལྡེབ་གྲངས189ཡོད།   རྒྱ་ཡིག་ལྡེབ་གྲངས་གོང་འོག་སོ་སོར་བརྩིས་པའི289ཡོད།ཡོན་དཔར་མ།

སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་བཞུགས་སོ།ཧ། དོན་གཉིས། 元上七十二、元下七十三ཧ་ཡིག་ནི་པོད་གྲངས། ལྡེབ་གྲངས72ཡོད། རྒྱ་ཡིག་གི་ཡོན་ནི་པོད་གྲངས་དང་གོང་འོག་རྒྱ་ཡིག་གི་ཤོག་གྲངས་སྟེ།元上七十二ཡོན་གྱི་དཔར་མ།

འོན་ཏེ་རང་ཉིད་ཀྱིས་ད་བར་མཇལ་ཐུབ་པའི་གནའ་དཔེའི་ལྡེབ་གྲངས་སུ་ཐད་ཀར་བོད་ཨང་བཀོད་པའི་གནའ་དཔེ་ནི་གཅིག་ཙམ་ལས་མཇལ་མ་མྱོང་། གནའ་དཔེ་དེ་ནི་དུས་རབས15པའི་ནང་དུ་སི་ཏུ་ཆོས་རིན་གྱི་དགོངས་རྫོགས་སུ་དཔར་དུ་བཞེངས་པའི་རྔོག་ལོའི་འགྱུར་ཤེལ་དཀར་གྱི་དཔར་མ་དེ་ཡིན། དཔར་མ་དེའི་ལྡེབ་གྲངས་ཀྱི་ཉིན་ངོར་བོད་ཡིག་ཡིག་ཆེན་གྱི་ལྡེབ་གྲངས་བཀོད་པ་དང་སྲིབ་ངོས་སུ་བོད་ཨང་བཀོད་འདུག  དེ་ནི་ད་བར་མཇལ་ཐུབ་པའི་ལྡེབ་གྲངས་དམིགས་བསལ་ཅན་གྱི་དཔར་མ་ཞིག་ཡིན། དེར་བརྟེན་བོད་ཡིག་གནའ་དཔེའི་ལྡེབ་གྲངས་སུ་ཐད་ཀར་བོད་ཨང་བཀོད་པའི་སྲོལ་དེ་དར་ཁྱབ་ཆེན་པོ་བྱང་མི་འདུག  དེ་ལྟར་མ་བྱུང་བའི་རྒྱུ་མཚན་ཡང་བོད་ཀྱི་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་མཆོག་གིས་བོད་ཨང་བདུན་འདི7དང་དགུ་ལ9འདི་འདྲ་བྲིས་ཡོད་སྟབས་བདུན་དང་དགུ། དགུ་དང་གཉིས་བཅས་ཕན་ཚུན་འདྲ་ནོར་ཡོང་སླ་བས་ཡིག་གཟུགས་ལ་གཟབ་ནན་གྱིས་ལྟ་དགོས་ཞེས་གསུངས་པས་ཡིན་ནམ་སྙམ། འོན་ཏེ་བོད་དུ་བོད་ཨང་ནི་སྤྱི་ལོའི་དུས་རབས8ནས་ཡོད་པ་ཞིག་ཡིན་པ་ནི་བོད་རིགས་ཀྱི་གནའ་རབས་ཨང་ཀི་ཞེས་པར་སྤྱི་ལོ1984ལོའི་ཟླ5པར་ཡུམ་བུ་བླ་མཁར་དུ་བཞུགས་པའི་གནའ་དཔེ་བྲིས་མ་འགའ་ཞིག་མཇལ་བྱུང་། དེ་དག་གི་ཁྲོད་ནས་བོད་ཨང་བཅུ་གནས་ཆ་ཚང་བ་ཞིག་རྙེད་སོན་བྱུང་ཞིང་དེར་བརྟག་དཔྱད་བྱས་པ་བརྒྱུད། བོད་ཨང་དེ་ནི་སྤྱི་ལོའི་དུས་རབས8-10པའི་དུས་དཀྱིལ་དུ་བོད་ཀྱི་སྤྱི་ཚོགས་ནང་དུ་རྒྱ་ཁྱབ་ཀྱི་བེད་སྤྱོད་བྱེད་པའི་བོད་ཨང་ཞིག་ཡིན། དེ་ལ་མཐོ་བོད་བོད་ཨང་ཞེས་དང་ད་དུང་སྤྱི་ལོ1984ལོའི་ལོ་མཇུག་ཏུ་ཀེ་ར་ལྷ་ཁང་དུ་གནའ་དཔེ་ལེགས་སྒྲིག་བྱ་སྐབས། དུས་རབས་དཀྱིལ་མའི་དཀར་ཆག་བྲིས་མ་བགྲེས་ཟད་དུ་སོང་བ་ཞིག་གི་ནང་ནས་ཡང་བོད་ཨང་བཅུ་གནས་ཆ་ཚང་བ་ཞིག་རྙེད་བྱུང་ཞིང་། དེ་དག་ལ་བརྟག་དཔྱད་བྱས་པ་བརྒྱུད། བོད་ཨང་དེ་ནི་དུས་རབས་དཀྱིལ་མའི་བོད་ཨང་ཞིག་རེད་འདུག། ཅེས་བརྗོད་པ་ལས་བོད་རིགས་ལ་བོད་ཨང་དེ་སྤྱི་ལོའི་དུས་8པའི་སྐབས་ནས་ཡོད་པ་དེ་ཤེས། བོད་ཨང་གི་འབྱུང་ཁུངས་ཐད་ལ་བོད་ཨང་ནི་མིའི་གཟུགས་པོའི་ཆ་ཤས་ཀྱི་གཟུགས་དབྱིབས་ལ་དཔེ་ལེན་ཏེ་བཟོས་པ་ཞིག་ཡིན་ཞེས་གནམ་རིག་སྐར་རྩིས་ཀྱི་ལོ་རྒྱུས་མདོར་བསྡུས་ཞེས་པར་གསུངས་འདུག  དེའི་སྐོར་ལ་སྐུ་ཞབས་ལྷག་པ་ཕུན་ཚོགས་ཀྱིས་དཔྱད་པ་མཐིལ་ཕྱིན་བྱས་ཏེ་གསུངས་དོན། སྔོན་གྱི་བཤད་སྲོལ་དེ་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་རྩ་བའི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཞིག་རེད། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་མང་པོ་ཞིག་གི་འབྲས་བུ་ནི་གདོད་མའི་མི་རིགས་ཀྱིས་ཆེས་རྒྱུས་མངའ་ཡོད་པའི་ས་ལས་འགོ་ཚུགས་པ་ཞིག་རེད། དེས་རང་ཉིད་རྒྱུས་མངའ་དང་ཤེས་རྟོགས་བྱེད་པ་ནི་གདོད་མའི་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་དེ་ཡིན་ཞེས་པ་སོགས་ལས་བོད་རིགས་ཀྱི་ཨང་ཀིའི་འབྱུང་ཁུངས་ནི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་པ་ཤེས། དེའི་སྐོར་རྒྱས་པར་གཟིགས་འདོད་ན་བོད་རིགས་ཨང་ཀིའི་ལོ་རྒྱུས་ཀྱི་གནས་བབ་དང་རིག་གཞུང་གི་རིན་ཐང་ཞེས་པར་གཟིགས་པར་མཚལ། མདོར་ན་བོད་རིགས་ལ་ཨང་ཀི་དུས་རབས8པའི་སྐབས་ནས་བྱུང་ཡོད་ཀྱང་བོད་ཡིག་གནའ་དཔེའི་ལྡེབ་གྲངས་སུ་ཐད་ཀར་བཀོད་པའི་སྲོལ་དེ་དར་ཁྱབ་ཆེན་པོ་མ་བྱུང་དེ་ཤེས་སོ།།

2 ཁྱད་ཆོས།

གོང་གི་རེའུ་མིག་ཏུ་བཀོད་པའི་ལྡེབ་གྲངས་དེ་དག་ལ་ང་ཚོས་བསམ་གཞིགས་ཤིག་བྱས་ན། ལྡེབ་གྲངས་འགོད་སྲོལ་མི་འདྲ་བ་དེ་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བྱུང་བ་ཞིག་ལགས། དུས་རབས8པའི་སྐབས་ཀྱི་དཔེ་རྙིང་བྲིས་མ་འགའ་ཞིག་གི་ལྡེབ་གྲངས་སུ་བོད་ཡིག་ཡིན་ཆེན་གྱིས་མཚོན་པར་མ་བྱས་པར་དཔེ་རྙིང་དེ་དག་གི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ལྡེབ་གྲངས་ཀྱི་གྲངས་ཚད་དེ་བོད་ཡིག་གི་ཀ་མད་ཀྱིས་ཚད་ཟིན་པ་སྟེ་ཏུན་ཧོང་ནས་ཐོན་པའི་དཔེ་རྙིངpeli.tib0845སྒྲ་སྦྱོར་བམ་གཉིས་ལྟ་བུ་ཡིན་སྟབས། ང་ཚོས་གནའ་དཔེའི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ཀ་མད་བྲིས་ཡོད་པ་ཚང་མ་གནའ་དཔེ་དེའི་ཆོས་ཚན་དང་པོད་གྲངས་མཚོན་བྱེད་ཀྱི་དོན་དེ་མ་ཡིན་པའམ་ཞོར་དུ་རྟོགས། དུས་རབས8-12པའི་ནང་དུ་འབྲི་བཞེངས་བྱས་པའི་དཔེ་རྙིང་དག་གི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ག་སུམ་བརྒྱ་རོ་བརྒྱད། ང་སུམ་བརྒྱ་རོ་དྲུག  ར་རོ་གཅིག་སོགས་བྲིས་ཡོང་གི་འདུག  དེས་ན་ར་རོ་གཅིག་ཅེས་པ་ནི་སེམས་ཅན་ར་ལུག་སོགས་ཀྱི་རོ་གཅིག་ཅེས་པའི་དོན་མ་ཡིན་པར། ར་ཡིག་གིས་པོད་གྲངས་མཚོན་པ་དང་རོ་གཅིག་གིས་པོད་དེར་ལྡེབ་གྲངས་རེ་གཅིག་ཡོད་པའི་དོན་ཡིན། དེའི་ཐད་གོ་བ་སྔོན་ལྟར་བཏབ་ཡང་སྲིད། གང་ཡིན་ཟེར་ན། དེ་སྔོན་ཏུན་ཧོང་ནས་ཐོན་པའི་དཔེ་རྙོགས་མང་པོ་ཞིག་ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་དུ་ཉར་བའི་ཆོས་གཞུང་དཔེ་རྙོགས་སྟེང་དུDb.t0611བཙན་ལེགས་ཀྱི་རོ་ཤོག་ཤོག་ངན་ཏེ་ཕྱུང་ངོ་། ཞེས་པའི་ནང་གི་རོ་ཤོག་ནི་ལྡེབ་གྲངས་ཕན་མེད་དེ་དག་ལྡེབ་གྲངས་མང་པོའི་དཀྱིལ་ནས་ཕྱིར་ཕྱུང་བའི་དོན་ཡིན། བྲིས་དག་པའི་དཔེ་རྙིང་བཙན་པོའི་བླ་འབུམ་དུ་གསེར་རོ་ཞེས་བྲིས་པའི་རོ་ཡིག་དེ་ནི་ཡིག་གཟུགས་ལེགས་པོ་བྲིས་པའི་དཔེ་རྙིང་གི་དོན་ཡིན་ནམ་སྙམ། དེས་ན་བཙན་པོའི་སྐབས་སུ་རི་ཡིག་དེ་བེད་སྤྱོད་མང་པོ་ཞིག་གནང་གི་ཡོད་པའང་ཤུགས་ལ་རྟོགས། དེ་མིན་དུས་རབས11མན་ནས་འགོ་བརྩམས་ཏེ་གསུང་པོད་ཀྱི་ལྡེབ་གྲངས་སུ། དམིགས་བསལ་གྱི་མཚོན་རྟགསⅹ∫∣∮+འདི་འདྲ་བེད་སྤྱོད་གནང་བའི་སྲོལ་བྱུང་འདུག འདི་དག་གིས་བརྒྱ་གྲངས་ཀྱི་དོད་བྱས་འདུག  པོད་ལ་ལར་ལྡེབ་གྲངས་བརྒྱ་ལས་བརྒལ་བ་ཡིན་ན་ཡོད་ཡིག་དེ་བཀོལ་སྤྱོད་མ་གནང་བར་གྲངས་གནས་བརྒྱ་དེའི་དོད་དུⅹ∫∣∮+རྟགས་འདི་དག་བྲིས་ཡོད། དཔེར་ན་ཉིས་བརྒྱ་ཡིན་ན་རྟགས་འདི་དག་ཉིས་ཟློས་སུ་བྲིས་པ་ནི××འདི་ལྟ་བུ་ཡིན། འདི་དག་ནི་བོད་ཀྱི་གསུང་རབ་བྲིས་མ་དག་གི་ལྡེབ་གྲངས་ཀྱི་དམིགས་བསལ་ཁྱད་ཆོས་སུ་འཁུམས་སོ། འོ་ན་དམིགས་བསལ་རྟགས་འདི་རིགས་ཀྱིས་ལྡེབ་གྲངས་མཚོན་པར་བྱས་དེར་བརྟགས་ན། ནུབ་ཕྱོགས་ཀྱི་གནའ་དཔེ་བྲིས་མར་ཞིབ་འཇུག་གནང་མཁན་དག་གིས་བཞེད་པ་ལྟར་ན། གོང་དུ་བཀོད་པའི་དམིགས་བསལ་རྟགས་དེ་དག་གིས་གནའ་དཔེའི་ལྡེབ་གྲངས་མཚོན་པར་བྱས་པའི་གནས་ཚུལ་དེ་འདྲ་ཀྲུང་ཡཱ《中亚》ཡི་གནའ་དཔེ་བྲིས་མའི་ཁྲོད་དུའང་མཇལ་རྒྱུ་ཡོད་པ་ཞིག་ཡིན།  དེའི་ཐོག་མའི་འབྱུང་ཁུངས་ནི་རྒྱ་གར་གྱི་ཡི་གེའི་གོ་རིམ་ལས་བྱུང་བ་ཞིག་རེད།  རྒྱ་གར་དུ་དུས་རབས6པར་བྱོན་པའི་སྙན་གྲགས་ཅན་གྱི་རྩིས་རིག་མཁས་ཅན་གནམ་དཔྱད་སྐར་རྩིས་མཁས་ཅན་ཨ་བྷ་ཏཱArtabhataཡིས་རྩིས་རིག་སྟབས་བདེའི་ཆེད་དུ། ཡི་གེ་མི་འདྲ་བ་ཁག་དཀྱུས་གཅིག་ཏུ་སྡེབ་ནས་དམིགས་བསམ་གྱིས་སྡེབ་གསར་པ་ཞིག་གསར་གཏོད་བྱས་པ་རེད། རྗེས་སུ་དུས་རབས11པརམ་གནའ་དཔེ་བྲིས་མ་དང་རྡོ་རིང་སོགས་སུ་བེད་སྤྱོད་བྱས་པ་དེར་དམིགས་བསལ་གྱི་གསང་བའི་ལྡེབ་གྲངས་འགོད་ལུགས་ཞེས་རྒྱ་གར་ལྷོ་ནུབ་ཁུལ་དུ་གྲགས།  དེ་ནི་གཏེར་ཡིག་གི་རིམ་མཚོན་པའི་གསུང་བའི་གྲངས་འགོད་ཐབས་ཤིག་ཡིན། དེའི་དམིགས་ཡུལ་ནི་ཕྱིའི་མི་རྣམས་ཀྱིས་གསང་བ་བརྟོལ་དཀའ་བའི་གནས་དང་ནང་ཁུལ་གྱི་རིགས་གཅིག་སྨྲ་བ་རྣམས་ཀྱིས་གནས་དེ་རྟོགས་ཐུབ་པའི་ཆེད་དུ་ཡིན། རྒྱ་གར་དུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་ར་སྤྲོད་བྱུང་བའི་རྣམ་པ་མི་འདྲ་བའི་མ་ལག་དེ་དག་གི་ཁྲོད་ནས་ཅིར་ཅི་ཐཱ(吉尔吉特)གནའ་དཔེ་བྲིས་མའི་ཁྲོད་ཀྱི་ལྡེབ་གྲངས་འགོད་སྟངས་དེ་དཔལ་ས་སྐྱ་དགོན་དུ་བཞུགས་པའི་དུས་རབས10-11པའི་གནའ་དཔེ་བྲིས་མ་དེ་དག་གི་ལྡེབ་གྲངས་འགོད་སྟངས་དང་གའུ་ཁ་རང་འགྲིག་ལྟ་བུར་འདུག་ཅེས་པས་བོད་ཀྱི་གནའ་དཔེ་བྲིས་མའི་དམིགས་བསལ་ལྡེབ་གྲངས་འགོད་སྟངས་བྱུང་བ་ཅི་ཞིག་ཡིན་པ་ཞོར་དུ་རྟོགས། བོད་ཀྱི་ལྡེབ་གྲངས་ནི་ཤོག་ལྷེ་གཅིག་གི་རྒྱབ་མདུན་ནམ་ཉིན་སྲིབ་གཉིས་གཅིག་ཏུ་དྲིལ་བ་ལ་ལྡེབ་གྲངས་གཅིག་བརྩིས་ཀྱི་ཡོད།  དཔེར་ན་གསུང་རབ་སྨྲ་བའི་དབང་བོ་བཅོམ་ལྡན་རིགས་པའི་རལ་གྲིའི་གསུང་འབུམ་ལྟ་བུ་ཞིག་ལ་ཆ་མཚོན་ནས་འཆད་ན། གསུང་འབུམ་གྱི་གོ་རིམ་ནི་ཀ་མད་ཀྱིས་ཚོད་འཛིན་གནང་ཡོད་པ་སྟེ། དཔེར་ན་ཁོང་ལ་གསུང་པོད་བཅུ་གསུམ་ཡོད་ན། ཀ་མད་ཀྱི་གོ་རིམ་བརྩིས་ན་ཀ་ནས་ད་དབར་ཡིན། དེ་རྗེས་ཀ་པའི་ནང་དུ་ཆོས་ཚན་དྲུག་ཡོད་ན་ཀ་པོད་ནང་དུ་ཡང་ཀ་ནས་ཆ་བར་བྲིས་ཡོད། ལྡེབ་གྲངས་དེ་དག་གི་ཐད་དུ་བྲིས་པའི་ཁྱོན་ཡོངས་ཀྱི་ཀ་དེས་པོད་ཀ་པའི་ཆོས་ཚན་དང་དེ་ནས་གཞན་ཀ་དེས་ཀ་པོད་ཀྱི་ཆོས་ཚན་མཚོན་གྱི་ཡོད། འོ་ན་ལྡེབ་གྲངས་དེ་ལྟར་བཀོད་ན་ཕན་ཡོན་ཅི་ཡོད་ངམ་ཞེས་ན། ང་རང་གིའ་བལྟ་ཚུལ་ལྟར་ན། ཀ་མད་ཀྱི་གོ་རིམ་བཀོལ་བ་ལས་ང་ཚོས་མཛད་པ་པོ་དེའི་གསུང་པོད་ཁྱོན་མང་ཉུང་ ཅི་ཞིག་ཡོད་མེད་ཐད་ཀར་གསུང་པོད་དེའི་སྤྱན་ཁྱེར་གྱི་རྒྱ་ལས་ཤེས་ཐུབ་ལ་ལྷག་དོན་དུ་ཀ་པོད་དེའི་ནང་དུ་པ་ནས་ཉ་བར་གྱི་ཆོས་ཚན་ཇི་སྙེད་ཅིག་བསྡུས་ཡོད་པ་ཡང་རྟོགས། ཆོས་ཚན་ཁ་པ་དེ་རྫོགས་ཟིན་པ་ཐད་ཀར་རྟོགས་ཤིང་དེའི་འོག་ཏུⅩⅩⅩཉེར་དྲུག་ཅེས་བྲིས་ཡོད་ན། གསུང་པོད་ཀ་པའི་ཁྱོན་ཡོངས་ཀྱི་ལྡེབ་གྲངས་གསུམ་བརྒྱ་ཉེར་དྲུག་ལ་བྱོན་པ་དེ་ཤེས་ཐུབ་པ་སོགས་ནི། གནའ་དཔེ་བྲིས་མ་དེ་དག་གི་ལྡེབ་གྲངས་ལས་ང་ཚོ་གནའ་དཔེ་རིག་པའི་ཕྱག་ལས་གནང་མཁན་རྣམས་ལ་སྦྱིན་པའི་ཆ་འཕྲིན་གལ་ཆེན་ཞིག་ཡིན། དེ་ནི་གནའ་དཔེ་རྙོག་འཛིང་དུ་སོང་བ་དག་ལེགས་སྒྲིག་བྱ་སྐབས་ཤིན་ཏུ་ནས་མཁོ་བ་ཞིག་ལགས་སོ།།

བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བོད་ཀྱི་མཁས་པ་ཚོའི་གསུང་རྩོམ་མང་ཆེ་བར་ཤོག་གྲངས་ལ་བོད་ཡིག་གི་ཡིག་ཆེན་འབྲི་བ་མང་ཞིང་། གནའ་རབས་ཀྱི་དཔེ་ཆ་འགའ་ཞིག་གི་ཤོག་གྲངས་ཨང་ཀི་འབྲི་བ་དང་། དེ་ཡང་གཅིག་ནས་དགུ་བཅུ་གོ་དགུའི་བར་ཡོངས་གྲགས་ལྟར་དང་། ཨང་ཀི་བདན་ནི7འདི་འདྲ་དང་ཨང་ཀི་དགུ་ལ9འདི་བྲིས་ཡོད་སྟབས་བདུན་དང་དགུ་གཉིས་བཅས་ཕན་ཚུན་འདྲ་ནོར་ཡོང་སླ་བས་ཡིག་གཟུགས་ལ་གཟབ་ནན་གྱི་ལྟ་དགོས། ཨང་ཀི་བརྒྱ་ཐམ་པ་ལ100ཉིས་བརྒྱ་ཐམ་པ་ལ1100 སུམ་བརྒྱ་ལ11100སོགས་ཆིག་སྟོང་བར་གྱི་གྲངས་ཀ་རྣམས་ལ་གུར་རྟགས་གོང་ལྟར་ཁ་སྣོན་བྱས་ཏེ་ཆིག་སྟོང་ཡན་ཆད་ཙམ་གྱི་ཨང་ཀི་རྒྱུན་སྤྱོད་ཨང་ཀི་དང་འདྲ་བར་འབྲི་སྲོལ་ཡང་འདུག་ཅེས་གསུངས་པས་ཀྱང་ར་སྤྲོད་བྱེད་ཐུབ། དེ་མིན་པའི་ད་དུང་བོད་ཀྱི་གསུང་རབ་དཔར་མ་འགའ་ཞིག་གི་སྟེང་དུ་རྒྱུན་སྲོལ་ལྟར་གཡས་ངོས་ཀྱི་སྤྱན་ཁྱེར་དུ་བོད་ཡིག་གི་ཡིག་ཆེན་གྱི་ཨང་ཀི་དང་གཡོན་ངོས་སུ་རྒྱ་ཡིག་གི་ཡིག་ཆེན་གྱི་ཨང་ཀི་བྲིས་པ་ཡོན་གྱི་དཔར་མ་ས་པཎ་གྱི་ཚད་མ་རིགས་གཏེར་དང་། འཇང་ས་ཐམ་གྱི་བཀའ་འགྱུར། ཡུང་ལོའི་བཀའ་འགྱུར་སོགས་ཀྱི་ལྡེབ་གྲངས་ཀྱང་རྒྱ་བོད་ཟུང་དུ་བཀོལ་བའི་ཁྱད་ཆོས་དེ་རང་ལྡན་འདུག  དེས་ན་གསུང་རབ་ཀྱི་ལྡེབ་གྲངས་རྒྱ་བོད་ཟུང་དུ་བཀོལ་བ་དེས་ང་ཚོར་གསུང་རབ་དེ་རིགས་ཚང་མ་རྒྱ་ནག་གི་དཔར་མ་ཡིན་པའི་ཆ་འཕྲིན་སྟེར་གྱི་ཡོད། གང་ཡིན་ཟེར་ན། དེ་ནི་སྔོན་མ་རྒྱ་ནག་ཏི་དཔར་མ་བརྐོའི་ལག་རྩལ་དེ་ཕུལ་དུ་བྱུང་བ་ཞིག་བྱུང་ཡོད་སྟབས་དཔར་པ་དེ་དག་གིས་མི་རིགས་གཞན་གྱི་ཡི་གེ་དཔར་ལ་བརྐོ་བར་བྱ་བའི་གསུང་རབ་དེའི་གོ་རིམ་ཡང་རྒྱ་ཡིག་གི་ལྡེབ་གྲངས་ཁོ་ནས་བརྟེན་ནས་བརྐོ་འབྲི་བྱ་དགོས་པའི་རྒྱུ་མཚན་གྱིས་ཡིན། དཔེར་ན་ཡོན་གྱི་དཔར་མའི་དཔར་བྱང་དུ། བོད་ཀྱི་ཡི་གེ་པ་ཡིས་ཡི་གེར་བཀོད།། རྒྱ་ནག་བཟོ་པའི་ཚོགས་ཀྱིས་དཔར་དུ་བརྐོས། ། པར་ལས་བརྒྱ་ཕྲག་དུ་མར་རབ་བཞེངས་ཏེ།། ཞེས་པས་གོང་གི་གནས་ཚུལ་དེ་མགོ་བཏགས་འབུད་ཐུབ། དེར་བརྟེན་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གིས་ཐ་ན་གསུང་རབ་ཀྱི་ལྡེབ་གྲངས་ཀྱ་ཁྱད་ཆོས་སོགས་ལ་སྣང་ཆུང་མ་བྱས་པར་གཙིགས་སུ་བཟུང་ནས། དེ་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་དེའི་ཁྱད་ཆོས་ལག་ཐོག་ཏུ་ཡོད་ན་དེས་གསུང་རབ་ཀྱི་དཔར་གཞི་གཏན་ལ་དབབ་པར་གསུང་རབ་ཀྱི་མཇུག་བྱང་ལ་བལྟ་ཀློག་མི་དགོས་པར་ཐད་ཀར་དཔར་གཞི་གཏན་འབེབས་ཐུབ་པའི་ནུས་པ་ཡོད་དོ།།