《ཤེལ་ཕྲེང》ལས། ཤིང་ཆེ་ཆུང་དབྱིབས་སོགས་སེ་འབྲུའི་ཤིང་འདྲ་བ། ལོ་མ་ནར་མོ་ལྕང་ལོ་འདྲ་བ། འབྲས་བུ་དམར་པོ་སེ་བའི་འབྲས་བུ་ཙམ་མངར་བ་ཀླུང་ཤོད་གར་ཡང་སྐྱེ་ལ་ཡོངས་གྲགས་ཤེས་སླའོ། །
《ཤེལ་ཕྲེང》ལས། ཤིང་ཆེ་ཆུང་དབྱིབས་སོགས་སེ་འབྲུའི་ཤིང་འདྲ་བ། ཞེས་དང་། 《སྔོ་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་སྙེ》ལས། སྐྲག་པ་ཤིང་ཕོ། སྐྲག་པ་ཤིང་མོ། ཞེས་གསུངས།
བོད་ལྗོངས་ཀྱི་ཉིང་ཁྲི་དང་། ཆབ་མདོ། སྤོ་ཡུལ། སྐྱིད་གྲོང་སོགས་ཡུལ་མང་བའི་ཞིང་གྲོང་གི་ཉེ་འགྲམ་དང་གྲོང་གི་གསེང་ལ་སྐྱེས། ཧི་མ་ལ་ཡའི་ནུབ་བྱང་རི་རྒྱུད་ལ་སྐྱེ་བ་དང་། འདེབས་འཛུགས་བྱས་ཏེ་སྐྱེ་བ་མང་།
སྨན་དུ་འབྲས་བུ་དགོས་པས་སྤྱི་ཟླ་བཅུ་བར་བཏུས་ཏེ་ཁཎྜ་བཟོས་ནས་བཟའ་ཞིང་། དེ་མིན་མ་རུལ་པ་སྐམ་ནས་སྤྱོད་ཀྱང་ཆོག
རོ་སྐྱུར་ལ་མངར་བ། ཞུ་རྗེས་སྐྱུར་བ། ངོ་བོ་དྲོད།
ལུས་སྟོབས་སྐྱེད་པ། ཁྲག་ཤེད་རྒྱས་པ་གཅོག་ཅིང་མཆིན་ནད་འཇོམས། འཁྲུ་བ་གཅོད། དེ་མིན་མིག་ནད་དང་ཟླ་མཚན་གྱི་ནད་སོགས་ལ་ཕན།