《འཁྲུངས་དཔེར》ལས། སྔོན་སྨན་རྒྱལ་བོ་ཕུར་ལེབ་ནི། །ལྷོ་རོང་ཚད་པས་གདུང་བའི་ཡུལ། །ཤིང་སྡོང་ཆེ་ལ་འཁྲིལ་ནས་སྐྱེ། །ལོ་མ་མཐུག་ལ་རིང་བ་ཡིན། །མེ་ཏོག་སེར་སྐྱ་ཆུང་བ་ལ། །གང་བུ་སེར་བོ་འབྱུང་བ་ཡིན། །ཞེས་གསུངས་ཀྱང་ཤིང་སྨན་འདི་ནི་རྒྱ་གར་གྱི་ཡུལ་གང་སར་སྐྱེ་བ་དངོས་སུ་མཐོང་སྐབས་ཤིང་སྡོང་གི་རིགས་ཡིན་པ་ལས་འཁྲིལ་ཤིང་གི་རིགས་སུ་མ་མཐོང་བས་དཔྱད་པར་འཚལ།
《ཤེལ་ཕྲེང》ལས། སྡོང་བོ་དཀར་ལ་སྔོན་མདངས་ཡོད་པ། མེ་ཏོག་དཀར་བོ་གང་བུ་སེར་བའི་ནང་ནས་འཕུར་ལེབ་འབྲས་བུ་སྲ་མཁྲེགས་སྤུ་ཅན། ལེབ་མོ་སྤུ་ཆུང་ཅན་ཡོང་བའོ། །ཞེས་གསུངས་བ་དང་། 《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས། འདི་ལ་རིགས་ཕོ་མོ་གཉིས་སུ་ཕྱེ་བར་ལྡུམ་སྟག་ཕོའམ་ནི་མ་ལི་དང་། ལྡུམ་སྟག་མོའམ་ཀོ་བྱི་ལར་བཞེད། ཞེས་གསུངས་སོ། །
བོད་རྒྱ་ནག་གི་ས་མཚམས་ཁུལ་དང་། བལ་ཡུལ། འབར་མ། རྒྱ་གར་སོགས་ས་ཁུལ་གང་སར་སྐྱེ་ཡང་ཕལ་མོ་ཆེ་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་གྱི་ས་ཆ་བྱེ་ཤས་ཅན་ལ་སྐྱེ་བ་མང་། སྤྱིར་བཏང་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1200ཡས་མས་ཀྱི་ཚ་དྲོད་ཆེ་བའི་ནགས་གསེབ་དང་། བྱེ་ཤས་ཅན་གྱི་གནས་སོགས་སུ་སྐྱེ་བ་མང་། དེ་བཞིན་རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་དང་། ཀོང་ཏུང་སོགས་ཡུལ་གྲུ་ཁག་གཞན་ལ་སྐྱེ་བའོ། །
སྤྱི་ཟླ11པའི་ནང་འབྲུ་གུ་སྨིན་མཚམས་སུ་བཏུས་ཏེ་རུལ་སྐྱོན་མ་ཤོར་བར་སྐམ་གསེད་བྱེད་དགོས། བེད་སྤྱོད་བྱེད་སྐབས་འབྲུ་གུའི་ཕྱིའི་སྤུ་དོར་ཏེ་མཛོ་མའི་འོ་མའི་ནང་བཙོས་ནས་སྨན་ལ་སྤྱོད་པ་དང་། ཁྲལ་རླུང་སྟོད་ཚང་ཚབས་ཆེ་སྐབས་ཀོ་བྱི་སྤུ་ཡོད་གཏོང་བ་མ་ཚད་ད་དུང་སྤུ་བསྣན་དགོས་པ་སོགས་ནད་བབ་ལ་གཞིགས་དགོས།
རོ་ཁ་ལ་ཞུ་རྗེས་ཁ་བ། ནུས་བ་བསིལ་ལ་ལྕི་བ་དུག་ཤས་ཡོད།
ཟུངས་ཁྲག་གསོ་ཞིང་ལུས་སྟོབས་རྒྱས་པར་བྱེད་པ་དང་། ཡི་ག་འབྱེད། བཤང་བ་འབེབས། བད་རླུང་། གྲང་མཁྲིས། ཁྲག་གི་ནད། གཉན་ཚད་རིགས། གཞན་ཡང་ཤ་བཀྲ ཟ་འཕྲུག་ལངས་བ་དང་། གཞང་འབྲུམ། རྨ་ངན། གཅིན་ཁ་སྙི་བ་སོགས་ལ་ཕན།
ཀོ་བྱི་ལ་དུག་འདོན་ཚུལ་བཞིན་བྱས་ཞོ 4 དང་། ཧོང་ལེན་ཞོ 3 ཨ་རུ་ར་ཞོ 4 དཔའ་བོ་དཀར་བོ་ཞོ 3 སེར་བོ་ཞོ3 པི་པི་ལིང་ཞོ 3 ཕོ་བ་རིས་ཞོ 3 སྒ་དམར་ཞོ 3 སྒ་སྨུག་ཞོ 3 མ་རུ་ཙེ་ཞོ 2 བཅས་སྦྱར་ནས་རྩི་བཞིན་བཏགས་པ་ཕྱི་མ་དང་རིལ་བུ་གང་རུང་བཏང་ན་དུག་གི་ནད་རིགས་དང་། གླང་ཐབས་ཀྱི་ནད་རྣམས་གཏིང་ནས་བརླག་པར་བྱེད།