ཀུ་ཤུ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-03-16 09:52ལ་འགྲུབ།

ཀུ་ཤུ།

ཀུ་ཤུ།
སའི་མཐོ་ཚད་ལ་སྨི2100ཡས་མས་ཀྱི་ཤིང་མ་ལྡུམ་གྱི་གསེབ་དང་། ནགས་རོང་སོགས་སུ་སྐྱེས་བ་མང་། འདེབས་འཛུགས་བྱས་ནས་སྐྱེས་པ་ཤིན་ཏུ་མང་བའི་ཁམ་བུའི་རིགས་ཤིག་ཡིན། འབྲས་བུ་སྨན་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苹果
ཕྱི་ཡིག་གི་མིང་།
Malus pumila mill
མིང་གཞན།
ཀ་ར་ཀུ་ཤུ། གོ་བ་ཀུ་ཤུ།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
སེ་བའི་སྡེ།  ཀུ་ཤུའི་ཁོངས།
1 སྐྱེ་དབྱིབས།

《འཁྲུངས་དཔེ》ལས།  ཀུ་ཤུ་ཞེས་བྱ་ཁམ་བུའི་རིགས།  སྡོང་བོ་ལོ་མ་མེ་ཏོག་རྣམས།།  ཁམ་བུ་དག་དང་འདྲ་བ་ལ།།  འབྲས་བུ་ཁམ་བུ་འདྲ་ལ་ཆེ།།  རོ་ནི་མངར་ལ་སྐྱུར་བ་ཡིན།།

2 རིགས་དབྱེ། 

《སྔོ་སྨན་གྱི་འཁྲུངས་དཔེ་བསྡུས་བ་ངོ་མཚར་གསེར་སྙེ》ལས།   ཀ་ར་ཀུ་ཤུ།  གོ་བ་ཀུ་ཤུ། ཞེས་དང་། 《ཤེལ་ཕྲེང》ལས།  འབྲས་བུའི་ནང་རུས་ཁམ་ཚིག་འདྲ་བ་མེད་ལ་བསེ་ཡབ་ལྟར་ཚིགས་ཞིབ་མང་བ་ཡིན།  འབྲས་བུའི་ཤ་མངར་ལ་སྐྱུར་པོ་སོགས་པའོ།།

3 སྐྱེ་གནས།  

བོད་ལྗོངས་ཀྱི་ས་བབས་དམའ་བའི་ས་ཁུལ་མང་ཆེ་བ་དང་།  རྒྱ་གར་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་བྱང་ཁུལ། དེ་བཞིན་རང་རྒྱལ་གྱི་ཡུལ་ཁག་ཕལ་མོ་ཆེ་དང་སའི་མཐོ་ཚད་སྨི2100ཡས་མས་ཀྱི་ཤིང་མ་ལྡུམ་གྱི་གསེབ་དང་། ནགས་རོང་སོགས་སུ་སྐྱེས་བ་མང་ལ། འདེབས་འཛུགས་བྱས་ཏེ་སྐྱེས་པ་ཤིན་ཏུ་མང་ངོ་།།  

4 བཏུ་དུས་དང་ལས་སྣོན།  

འབྲས་བུ་སྤྱི་ཟླ་བརྒྱད་པ་ནས་བཅུ་བའི་བར་རམ།   འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་གཙང་མ་བཀྲུས་ནས་ལེབ་ཙམ་གཏུབས་རྗེས་བསིལ་གྲིབ་ཏུ་སྐམ་ནས་སྨན་དུ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།  

རོ་མངར་ལ་ཅུང་སྐྱུར་བ་དང་། ཞུ་རྗེས་མངར་བ།  ངོ་བོ་བསིལ་ལ་ཡང་བའོ།།

6 རྐྱང་བའི་ཕན་ཡོན། 

རྒྱུ་མ་དང་ལོངགི་ནད་དང་། སྣོད་དུ་ཚ་བ་རྒྱས་བ་སེལ་ཞིང་། གཞན་ཡང་ཟས་ཀྱི་དང་ག་འབྱེད་པ་དང་། ཟུངས་ཁྲག་གསོ་ཞིང་སྐོམ་ཚད་སེལ་བར་བྱེད་དོ།།