ཀཎྜ་ཀ་རི།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-03-30 16:44ལ་འགྲུབ།

ཀཎྜ་ཀ་རི།

ཀཎྜ་ཀ་རི།
རླན་གཤེར་ཆེ་བའི་ནགས་གསེབ་དང་། ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ་བའི་རྩྭ་རིགས་ཤིག་སྟེ། འབྲས་བུ་སྨན་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
悬构木
ཕྱི་ཡིག་གི་མིང་།
Suspension beam
མིང་གཞན།
བྱི་ཀྲི། སྟག་ཚེར། སུ་ཕུ་ཏི་ཀ འདྲེ་ཚེར། བི་དགྔྷི་ཀ ། མཁས་མ། སྤྲྀ་ཤཱི རེག་བྱ་མ། བྱཱ་གྷི། སྟག་ལྡན་ནམ། སྟག་ཚེར་བྱེད་པ། སྲ་ཙོ་ད་ནཱི། རབ་ཏུ་སྐུལ་བྱེད་མ།ཀུ་ལཱི རིགས་ཅན་མ། ཀྵུ་དྲ། ཕྲན་ཚིགས་མ། དུཿསྤཪྴ། རེག་དཀའ་མ། རཥྚི་ཀ། ཡུལ་སྐྱེས་མ། བྲྀ་ཧ་ཏཱི། ག་བྲ། ཙ་ཀར། འདྲེ་ཤིང་། ཆེ་ལྡན་མ།
སྨན་དུ་སྦྱར་བྱ།
སྡོང་བོ་དང་ཡལ་ཕྲན།
སྡེ་ཁོངས།
སེ་བའི་སྡེ། ཀཎྜ་ཀ་རིའི་ཁོངས།
1 སྐྱེ་དབྱིབས།

《འཁྲུངས་དཔེ》ལས།   ཀཎྜ་ཀ་རི་ཞེས་བྱ་བ། སྲིབ་ཀྱི་ནགས་རི་དག་ལས་སྐྱེ། །སྡོང་བོ་སེ་བ་གཞོན་ནུ་འདྲ། །མེ་ཏོག་དཀར་སེར་མདངས་དང་ལྡན། །འབྲས་བུ་དམར་བོ་སྤུངས་ནས་སྐྱེ། །ལོ་སྡོང་ཚེར་མའི་བལ་སྤུ་ཅན། །ཁོག་སྟོང་རོ་ནི་མངར་ལ་བསྐ། །  ཞེས་གསུངས། 《བེེ་སྔོན》ལས། རྐང་ལྗང་གུ་ནང་སོབ་ཚེར་མ་ཅན་ལོ་མ་མ་གལ་གྱི་ལོ་མའི་མདོག་འདྲ་ཞིང་མེ་ཏོག་དཀར་སེར་འབྲས་བུ་དམར་པོ་སྤུངས་ནས་སྐྱེ་བའོ། །  ཞེས་བསྟན་པ་ལྟར་འདི་ནི་ལོ་མང་སྐྱེ་བའི་སྡོང་ཐུང་ངམ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཅུང་སྦོམ་ལ་རིང་ཞིང་ཁ་དོག་ཐལ་སྐྱར་རྩ་ཕྲན་མང་བ་ས་འོག་ཏུ་གྲམ་པ་དང་། སྡོང་པོ་སྨུག་ཅིང་འདྲོང་བ་ཀ་རིལ་དབྱིབས་ཁ་ཤས་མཉམ་དུ་སྐྱེ་ཞིང་ཡལ་ག་མང་བ་གསར་སྐྱེས་རྣམས་ལྗང་བར་ཕྱེ་མ་དཀར་པོས་ཁྱབ་སྟེ་རིམ་བཞིན་སྨུག་པོར་གྱུར་པ་དང་།  ཡལ་སྡོང་ཡོངས་སུ་ཚེར་མ་ལེབ་མོ་རྩེ་རྣོ་མང་བ་ཡོད་ཅིང་ལོ་མ་ལྗང་སྐྱ་རྒྱབ་དཀར་ཞིང་གྱོང་བ་ཡ་གྲངས་སྒྲོ་དབྱིབས་མང་ལོའི་མཐར་ཉག་ག་ཞིབ་པའམ་ཅུང་ཧྲལ་བ་ངེས་གཏན་མེད་ལ་སྤྱིའི་ལོ་མའི་ངར་བ་ནི་རིང་ཞིང་ལོ་ལྷེབ་སྒེར་གྱི་ངར་བ་ཧ་ལམ་མེད་པ་ཁ་སྤྲོད་དུ་སྐྱེ་བ་སྤྱིའི་དབྱིབས་རྒྱ་སལ་མེ་ཏོག་གི་ལོ་མ་འདྲ་བ་སེར་མོས་སུ་སྐྱེ་ཡི་ཡོད།  མེ་ཏོག་དཀར་སེར་རམ་དམར་མདངས་འཚེར་བ་ལོ་མའི་མཚམས་ནས་ཆུན་པོར་འཆར་བའི་འདབ་མ་རེ་རེའི་འོག་ཏུ་འདབ་གདན་སྐར་ལྔའི་ཟུར་དབྱིབས་ཡིན།  འབྲས་བུ་དམར་སེར་འབུར་ཚགས་ཅན་བྱུར་ཚོར་འདྲ་བ་ཤ་རྒྱུ་ཡིན་པའི་ནང་དུ་འབྲུ་གུ་སེར་པོ་མཁྲེགས་ཤིང་དུ་མ་ཡོད།  ག་བྲ་ཞེས་ཡང་ཀཎྜ་ཀ་རི་སྨུག་པོར་བཞེད་ཅིང་སྐྱེ་ལུགས་ཀྱང་ཚེར་མ་མེད་ཅིང་ལོ་སྡོང་ཁ་དོག་ཅུང་ནག་པ་ཙམ་ལས་གཞན་གྱི་དབྱེ་བ་ཆེར་མ་མཐོང་།

2 སྐྱེས་གནས།

བོད་ལྗོངས་ཀྱི་ཉིང་ཁྲི་དང་། སྨན་གླིང་། སྤོ་ཡུལ། རྫ་ཡུལ། སྐྱིད་གྲོང་སོགས་དང་། འབྲུག་ཡུལ། འབྲས་ལྗོངས། རྒྱ་གར། ཧི་མ་ལ་ཡའི་རི་བརྒྱུད་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2900ཡས་མས་ཀྱི་གདགས་སྲུབ་ངེས་མེད་ཀྱི་ནགས་གསེབ་དང་། རི་ལྡེབས། ཤིང་གསེབ། ལམ་ཟུར་སོགས་སུ་སྐྱེ་བ་མང་། གཞན་ཡང་ཡུ་རོབ་སོགས་ལའང་སྐྱེ་བའོ། །

3 བཏུ་དུས་དང་ལས་སྣོན།

སྟོན་དཔྱིད་གང་རུང་དུ་སྡོང་བོ་དང་ཡལ་ག་གཉིས་བཏུས་ཏེ་ཕྱིའི་པགས་པ་ནང་སྙིང་གི་ལྷ་བ་སོབ་སོབ་ཡོད་པ་མེད་པར་བཟོས་ནས་སྤྱོད་དགོས། ལྷག་པར་དུ་གློ་རྣག་དང་བཅུད་ལེན་ལ་འབྲུ་གུ་ཤིན་ཏུ་ཟབ་པས་སྤྱི་ཟླ་བརྒྱད་པའི་ནང་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་ཁཎྜ་བཟོས་ནས་སྤྱོད་རྒྱུ།

4 རོ་ནུས་ཞུ་རྗེས།    

རོ་མངར་ལ་བསྐ་བ།   ཞུ་རྗེས་མངར་བ།  ངོ་བོ་སྙོམ་པ 《སྨན་བྱིངས》   ཀཎྜ་ཀ་རི་མངར་ལཁ་ཅུང་ཟད་ཚ།  འབྲས་བུ་མངར་སྐྱུར་ཞུ་རྗེས་དག་དང་མཚུངས།   ཞེས་དང་།  《བདུད་རྩི་རྫིང་བུར》རོ་མངར་ཞིང་ཚ་བ།  ཞུ་རྗེས་མངར་སྐྱུར་རླུང་ཚད་སེལ།  མཇམ་བསིལ་དྲོ་བའི་ནུས་པ་ལྡན།   ཞེས་དང་། 《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  འབྲས་བུ་རོ་ཤིན་ཏུ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་སྣུམ་པ། ཡལ་སྡོང་རོ་མངར་ལ་ཁ་ཞིང་ཚ་ང་། ཞུ་རྗེས་མངར་བ། ནུས་བ་ལྕི་ཞིང་བསིལ་ལ་སྣུམ་པའོ། །

5 རྐྱང་བའི་ཕན་ཡོན། 

རླུང་ཚད་ལྡན་པའི་ནད་དང་།  རིམས་ཚད་དང་རིམས་ཚད་མ་སྨིན་པ། གློ་བའི་ནད་རིགས། འཁྲུགས་ཚད།  ཆམ་ཚད་སོགས་ཕན།  འབྲས་བུ་གློ་ནད་སེལ་ཞིང་བཅུད་ལེན་པར་བྱེད།

6 སྨན་སྦྱོར།  

སིབ་བའི་ཐང་སྦྱོར་ཟབ་མོ་སློབ་དཔོན་པདྨའི་གདམས་པ་ནི། ཀཎྜ་ཀ་རི་མ་ནུ་གཉིས། གཙོ་བོ་ཡིན་པས་བུངས་ཆེར་བསྐྱེད། བཙོད་དང་འབྲི་མོག་རྒྱ་སྐྱེགསདང་།  སྟག་ཤ་ལྕགས་ཏིག་ཐུན་ཕྲན་རེ། ག་དུར་ཅུ་གང་སྤང་རྒྱན་དཀར། རུ་རྟ་རྣམས་ནི་ཁྲམ་ཁྲུམ་བརྡུང་། གསུམ་གཉིས་གདུས་གྲང་ཁོང་དུ་བཏང་། མྱུར་དུ་འཇོམས་པར་ཐེ་ཚོམ་མེད།


དཔྱད་གཞིའི་ཡིག་ཆ།