ཨར་ཀ་ཞེས་པའི་ས་མཁྲེགས་སམ་ས་མ་རྡོ་དེ་རིགས་ཕན་ཚུན་དམ་པོའི་ངང་འབྱར་བསྡད་པའི་དབྱིབས་སྒོར་སྒོར་ཅན་ཡིན་ཞིང་། དེ་བརྐོས་ནས་རེ་རེ་བཞིན་སྟར་གའི་ཆེ་ཆུང་ཙམ་དུ་བཅག་རྗེས་ཨར་ཀ་ས་ཞིབ་དང་ལྷན་དུ་འདུ་ཁང་ངམ་སྡོད་ཁང་གི་ས་གཅལ་ལམ་ཁང་ཐོག་གི་ཡུལ་གཅལ་ཐོག་རིམ་པ་གཅིག་བཏིང་ཞིང་། ཆུ་གཏོར་ནས་རྡུང་རྒྱག་ལེགས་པོ་བྱས་པའི་ས་ངོས་དང་ཁང་ཐོག་གི་ས་གཅལ་དེ་རིགས་བརྡར་བཟོའི་རྡོ་གཅལ་ལྟར་ངོས་འཇམ་ཞིང་ཁོད་སྙོམ་ལ། མིག་ལ་མཛེས་ཤིང་སྲ་བརྟན་ཡིན་པ་དང་། དེར་པྲ་ཚིལ་ལམ་སྣུམ་བྱུགས་རྗེས་དེ་བས་དཀར་ཆ་དོད་ལ་གསལ་ཞིང་གཙང་བར་མ་ཟད། དེང་རབས་ཀྱི་ཨར་འདམ་ས་གཅལ་ནང་བཞིན་དེའི་ནང་ཆུ་མི་སིམ་ཞིང་ཁང་བ་མི་ཟགས་པའི་ཁྱད་ཆོས་ལྡན་ཕྱིར། ལྷ་སའི་པོ་ཏ་ལ་དང་། གཙུག་ལག་ཁང་ཁག གཞིས་ཀ་རྩེའི་པཎ་ཆེན་རིན་པོ་ཆེའི་དབྱར་ཁའི་གཟིམ་ཁང་བདེ་ཆེན་ཕོ་བྲང་དང་། ཁམས་ཕྱོགས་ཀྱི་འབའ་ཆོས་སྡེ་དགོན་པ་སོགས་དགོན་སྡེ་མང་བོའི་ས་གཅལ་ཨར་ཀ་ཡིན།
ས་གཅལ་ཐོག་ཨར་ཀ་རིམ་པ་གཅིག་བཏང་རྗེས་ལེགས་པོ་རྡུང་དགོས་པས་མི་ཚོས་དེ་ལ་ཨར་ཀ་རྡུང་ཞེས་ཟེར། དགོན་པའི་འདུ་ཁང་སོགས་ལས་ཁྱོན་རྒྱ་ཆེ་བའི་ཨར་ཀ་རྡུང་དུས་མི་གྲངས་མང་ཞིང་ཨར་ཀ་རྡུང་མཁན་རྣམས་གྲལ་བསྟར་རིམ་པ་བསྒྲིགས་ཤིང་། མི་རེའི་ལག་ཏུ་འཛེང་རྡོ་སྒོར་སྒོར་ལེབ་མོ་ཞིག་གི་དཀྱིལ་དུ་ཨི་ཁུང་ཕུག་ནས་ཤིང་གི་ཡུ་བ་རིང་བོ་སྤྲད་ཡོད་པ་ཞིག་འཇུས་ཏེ། ཨར་རྡུང་གླུ་དཔོན་གྱི་གླུ་ཚིག་བསྐྱར་ཟློས་བྱེད་བཞིན་གོམ་སྟབས་འགྲིག་པའི་སྒོ་ནས་རྡོག་སྒྲ་དང་བཅས་གླུ་ལེན་བཞིན་ཨར་ཀ་བརྡུངས་ཏེ། ཤུགས་དང་ལྡན་ལ་སྙན་འཇེབས་ཆེན་པོའི་ཨར་ཀ་རྡུང་བའི་གླུ་སྒྲས་སྦྲེལ་མཐུད་ཉིན་ཤས་རིང་ལུང་བའི་ནམ་མཁར་ཁྱབ་ཀྱིན་ཡོད་པ་རེད།