ཤིང་རྐོས་ཀྱི་ལག་ཆ་ལ། ཤིང་བཟོའི་ལག་ཆ་ཆ་ཚང་བ་དགོས་པ་ཕུད། རྡུང་བྱེད་དང་། རྐོ་བྱེད་དང་། འདྲ་བྱེད་དང་། གཤོང་བྱེད་དང་། འབིག་བྱེད་དང་། རྡར་བྱེད་སོགས་ཡིན་ཏེ།
རྐོས་པ་ནི། སྐུ་གཟུགས་དང་རྒྱན་རིས་པ་ཏྲ། གཟུགས་བརྙན་སྣ་ཚོགས། མཆོད་རྫས་རིགས་ཀྱི་བཀོད་པ་ལ་མཁས་པ་ཞིག་ཡོད་ན་རབ། དེ་མིན་རུང་པ་ཏྲ་རྒྱན་རིས་ཀྱི་འགྲོས་ཙམ་དང་། འབུར་སྐུའི་འགྲོས། རྐོས་ཀྱི་ཤེས་བྱ་ལ་མི་རྨོངས་ཤིང་། རྐོས་ཀྱི་ལག་ལེན་ལ་བྱང་བ་ཞིག་ངེས་པར་དགོས་སོ། །
བརྐོ་གཞིའི་ཤིང་ནི། ཙན་དན་དམར་པོ། ཙན་དན་དཀར་པོ། ཨ་ག་རུ། བྱང་ཆུབ་ཀྱི་ཤིང་། སྤོས་ཤེལ་ཞེས་ཐང་ཆུའི་རིགས་ས་འོག་ཏུ་ཡུན་དུ་གནས་པ་ལས་བྱུང་བ་སོགས། བོད་ལ་སྐྱེ་ཤིང་དངོས་མེད་ཀྱང་མི་རིགས་དང་ཡུལ་གྲུ་གཞན་ལས་དྲངས་པའི་ཤིང་རྩ་ཆེ་ལ་རྒྱལ་བའི་སྐུ་དང་སྐུ་གཟུགས་དང་ཙན་དན་གྱི་གླེགས་ཤིང་དང་། ཤིང་གི་རོལ་ཆས་ཙན་དན་གྱི་ཌཱ་མ་རུ་སོགས་དང་། སྤྱོད་ཆས་སྤོས་ཤེལ་གྱི་སྣ་རུ་སོགས་སོ། །
བོད་རང་ལ་ཡོད་པའི་ཤིང་ལ་བརྐོས་པ་རྒྱ་ཆེ་བ་ནི། ཁང་བའི་ནང་བཅོས་ཤིང་བརྩེགས་པ་དང་། སྒོ་དང་སྐར་ཁུང་གི་རྒྱན་རིས་སྣ་ཚོགས་དང་། དེའི་ཆ་ལག་ཏུ་གྱུར་བའི་མཆོད་སྒྲོམ་དང་མདུན་ཅོག བཞུགས་ཁྲི། གཟིམ་ཁྲི། ཕྱེ་མར་འབོག སྤོས་སྒམ་སོགས་ཏེ། བརྐོ་གཞི་གཙོ་བོ། ལྕང་མ་དང་། མོ་འལ། གསོམ་དཀར། ཤུག་པ། སྟག་པ་སོགས་ལ་གཟུགས་བརྙན་བརྐོས་པ་རེ་འགའ་ཙམ་དེ། བརྐོ་གཞི་གཙོ་བོ་ནི་ལྕང་མ་དང་མོ་འལ་གཉིས་ཡིན་ལ། རྒྱུ་མཚན་ནི་ཤིང་དེ་གཉིས་རྒྱུ་སྙི་ཞིང་འབོལ་ལ། གས་སྐྱོན་མི་འབྱུང་བར་བཤད་ལ། ཤིང་གཅོད་དུས་ཤིང་སྡོང་ཆུང་དྲགས་ན་སྙི་ཞིང་སྣ་ཐུང་ལ། ཞེང་ཕྲ་བའི་སྐྱོན་དང་། ཤིང་འཛེར་ཤིང་འཁོར་བཅས་ཀྱི་སྐྱོན་ཡོད་པས། ཤིང་སྡོང་རྒྱས་ལ་བབས་ཤིང་། སྡོང་བོ་དྲང་ལ་ཤིང་སྡོང་གི་དཀྱིལ་དང་སྨད་དུ་འཛེར་མ་ཉུང་བ་དེ་བདམས་ལ་བཅད་དེ། སྲབ་མཐུག་རན་པར་དྲས་པའི་ཐོག ས་རློན་དང་ལྕི་བ་རློན་པ་བྱུག ཟུར་རྡོ་ཡིས་མནན་ནས་ག་ལེར་གྲིབ་སྐམ་བྱེད་དུ་གཞུག ལག་ལེན་ཤིན་ཏུ་ཞིབ་མོ་ལ་ནི་ཤིང་ལེབ་སྐམ་པོ་དེ་ཡང་བསྐྱར་ཆུར་བཙོ། ཡང་ན་ཆུར་ཡུན་དུ་སྦངས། ཤིང་རྐོས་ལ་ཚོན་བཀྱེ་ཡུལ་མ་ཡིན་པ་ལ་སྣུམ་བྱུག་བྱེད་པ་སྟེ། སྣུམ་གྱི་རྒྱུ་རབ་སྟར་གའི་སྣུམ་སོགས་རྒྱུ་ཤིང་ལས་བྱུང་བའི་སྣུམ་གྱི་རིགས་བྱུགས་ནས་ཡུན་ཙམ་བཞག་པའི་སྟེང་བརྐོས་ན་ཤིང་གི་བཀྲ་ཐོན་ཞིང་མདངས་ལེགས་ཚུལ་དང་། ཡང་ན་ཤིང་རྐོས་ལེགས་པར་འགྲུབ་པའི་སྟེང་སྣུམ་བྱུགས་བྱེད་པའང་ཡོད་པར་བཤད།
རྐོ་དུས། ཐོག་མར་བརྐོ་གཞི་གང་ཡིན་པའི་ཤིང་ལེབ་དེ་འབུར་ལེན་གྱིས་འཇམ་པོ་བརྡར་བའི་ཐོག གང་འདོད་པའི་རི་མོ་ཤོག་བུ་སྲབ་མོར་བྲིས་པ་དེ་སྦྱར་ནས་རྐོ་ལ། བརྐོ་སྟངས་འབུར་མ་དང་། གཤོང་མ། འབུར་གཤོང་འདྲེས་མ། འབུར་གཤོང་ཚགས་དཀྲོལ་སོགས་ཡོད་ལ། མཆོད་སྒྲོམ་སོགས་ཕལ་ཆེ་བ་ནི་གཤོང་འབུར་ཚགས་མ་ཡིན་པས། ཐོག་མར་རི་མོའི་ཁུག་ཐམས་ཅད་གསོར་གྱིས་འབིག་ཅིང་། ལྕགས་སྐུད་ཁག་ལེན་གྱིས་འདྲ། དེ་ནས་གཟོང་ཆེ་བའི་རིགས་ཀྱིས་རི་མོ་ཆེ་བའི་རིགས་བརྐོ་བར་བྱ། དེ་ནས་གཞོག་གྲིས་རི་མོ་ཕྲ་བའི་རིགས་བརྐོ་ཞིང་འཇམ་རྡར་ཡང་ཡང་བྱས་པས་གྲུབ་ལ། ངག་རྒྱུན་དུ། རྐོས་རྐོས་རབ་རྐོས་ལ་ཕྱི་ནང་གསུམ། ། རི་དྭགས་བྲག་ལ་རྒྱུ་བ་འདྲ། ། ཟེར་བ་ཡིན་པས། གཤོང་འབུར་གྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། ཡང་རྐོས་ངན་རྐོས་ལ་གཤོང་འབུར་མེད། ། འདག་ངན་ཞལ་བ་བྱས་པ་འདྲ། ། ཞེས་གཤོང་ས་ཕབ་མ་ཐུབ་ན་འབུར་ས་འབུར་ཐབས་མེད་ལ། དེའི་ཐབས་རྐོས་བཟོ་ཡི་ལག་ལེན་དངོས་ལས་ཤེས་དགོས་ཤིང་། བྱང་ཚད་ཡུན་དུ་སྦྱངས་ཤིང་ལག་ལེན་གྱི་རྒྱུ་ལས་འབྱུང་མོད། སྤྱིར་ཤིང་ལོ་པ་ཏྲ་གཡུ་འབྲུག་འཁྱིལ་བའི་སྟེང་ནོར་བུ་འབར་བ་དང་བཅས་པའི་སྐུ་སྒྲོམ་ཞིག་འབུར་གཤོང་ཚགས་དཀྲོལ་དུ་བརྐོ་བ་རུ་མཚོན་ན། ཐོག་མར་རི་མོ་མཉེན་ལ་མཛེས་ཤིང་། པ་ཏྲ་གན་འཁྱིལ་ཕྲ་ལ་མཉེན་ལྕུག་བར་མཚམས་སུ་མེ་ཏོག་དང་མ་སྨིན་པའི་པདྨ་སོགས་ཀྱིས་མཛེས་པ། འབྲུག་ལུས་མཉེན་ཞིང་འཁྱུག་ཅིང་གཡོ་བ། བོད་ལུགས་སུ་རྐང་ལག་བཞིས་ནོར་བུ་འཛིན་པ། འབྲུག་མགོ་ཡི་རྭ་དང་། རལ་བ། སྨིན་མ། མཆེ་བ་བཅས་བརྗིད་ལ་ངར་སྐད་ལྡིར་བའི་ཉམས་ཅན་གཉིས་འོག་ནས་གོང་དུ་འཁྱུག་བཞིན་པའི་རྣམ་པ་ཅན། སྟེང་གི་དབུས་སུ་ཡིད་བཞིན་ནོར་བུ་མེ་འབར་བ་རི་མོའི་ཉམས་དང་ལྡན་པའི་བར་རྩའམ། བརྐོ་གཞིའི་རི་མོ་བྲིས་པའི་སྟེང་ནས་ཐོག་མར་ཁུག་ཐམས་ཅད་ལེན། དེ་ནས་ཤིང་ལོ་པ་ཏྲ་ཟབ་ཏུ་ཕབ་ནས་ཕལ་ཆེར་འབྲུག་གི་རྒྱབ་ལྗོངས་ལྟ་བུ་ལ། མེ་ཏོག་དང་ཤིང་ལོའི་འགོ་འབུར་ཙམ་དང་མཚམས་མཚམས་སུ་ཤིང་ལོ་པ་ཏྲའི་ཡུ་བས་འབྲུག་གི་སྟེང་ནས་བཀྲིས་པ་ནི་རྐོས་ཀྱི་དཀའ་གནད་ཡིན་ལ། རྐོས་རབ་ཀྱི་ནི་ཤིང་ལོ་པ་ཏྲས་འབྲུག་གི་སྟེང་ནས་བཀྲི་བར་མ་ཟད། འབྲུག་དང་ཤིང་ལོ་པ་ཏྲ་བར་ཁོག་གསེང་ཚགས་དཀྲོལ་བྱེད་པའང་མཐོང་། ཤིང་ལོའི་རྒྱབ་ལྗོངས་ལྟ་བུ་འབྲུག་གི་ལུས་པོ་འབུར་དུ་ཐོན་པ་བརྐོ། སྟེང་གི་ནོར་བུ་མེ་འབར་དང་འབྲུག་གི་མགོ་བརྐོ་གཞིའི་ཤིང་ལེབ་སྟེང་རི་མོ་ཕྱི་དབྱིབས་ཙམ་བྲིས་ནས་ལེགས་པོར་བཞག་པའི་ཐོག ཤིང་གཞན་པ་ཞིག་ལ་འབྲུག་མགོ་དང་ནོར་བུ་མེ་འབར་ལོགས་སུ་བརྐོས་ནས་སྔར་མུས་སུ་སྦྱར་བ་ནི་ཤིན་ཏུ་མཛེས་ལ། འབུར་ཁྱད་ཅན་འབྱུང་སྟེ། གོང་སྨོས་ལྟར་རྐོས་རབ་ལ་ཕྱི་ནང་གསུམ་ཞེས་པ་དེ་དངོས་སུ་གྲུབ་པ་ཡིན་ལ། ཤིང་ལོ་པ་ཏྲ་ཟབས་སུ་འཕངས་པས་རི་མོའི་རྒྱབ་ལྗོངས་ལྟ་བུ་ནང་མ་དང་། འབྲུག་མགོ་དང་ནོར་བུ་མེ་འབར་རྐོས་པ་ཕྱི་ནས་སྟེང་དུ་ལྷན་པས་ཕྱི་ནང་རིམ་པ་གསུམ་འབྱུང་ལ། བོད་ཤིང་རྐོས་ཀྱི་ཁྱད་ཆོས་ཀྱང་ཐོན་པ་ཡིན།
གླེགས་ཤིང་སོགས་ལ་ནི་འབུར་གཤོང་ཕྱེད་འབུར་ཙམ་ལས་ཚགས་དཀྲོལ་གྱི་རི་མོ་མི་འོང་ལ། འོང་ཡང་ཆག་སྐྱོང་འབྱུང་བས་མི་ལེགས་པས། ཕྱེད་འབུར་གྱི་རྐོས་ཉམས་དང་ལྡན་པ་འབུར་བཟོའི་རིག་པ་ལ་མཁས་པས་རི་མོ་སྟེང་འོག་གི་གོ་རིམ་མི་འཁྲུག་པ་རྡོ་རྐོས་ལས་བཤད་པ་ལྟར་གལ་ཆེ། གླེགས་ཤིང་གི་རྐོས་ཀྱི་ཁྱད་ཆོས་ནི། བརྐོ་གཞི་ཙན་དན་སོགས་སྲ་ཤིང་རྩ་ཆེན་གྱི་རིགས་ཏེ་རི་མོ་ཞིབ་ལ་མཉེན་ཞིང་འཇམ་བརྡར་དང་། གཞི་རྐོས་ཡུན་དུ་བྱས་པས་སྐུ་གཟུགས་རིགས་ཀྱི་སྐུ་ཤ་ལ་གྲིམ་དང་། ན་བཟའ་ལ་ལྷུབ་དང་། རི་བྲག་ལ་སྲ་མཁྲེགས་ཀྱི་ཉམས་དང་། རྐོས་རིས་ལ་འཇམ་ཤ་དོད་པ། རི་མོ་སྤྱི་ལ་མཛེས་ཆ་ཉམས་འགྱུར་ཅན་ཞིག་དགོས་པར་བཤད་དོ། །
འདི་ཕལ་ཆེར་ཁང་ཁྱིམ་གྱི་ཆ་ལག་དང་ཤིང་བཟོའི་ལག་ཤེས་ཀྱི་ཁོངས་སུ་གཏོགས་པས་ལེ་ཚན་འདིར་བཀོད་ཅིང་། པར་ཤིང་རིགས་ཀྱི་ཤེས་བྱ་གཞན་དུ་སོང་ངོ་། །
སོ་ཕག་གི་རྐོས་ནི། རྒྱུ་སོ་ཕག་ལ་བརྐོས་པའི་ལྡེབ་དང་སྒོ་སོགས་ཀྱི་རྒྱན་ཞིག་སྟེ། དེ་ལ་ཚོན་བཀྱེ་བ་དང་། ཚོན་མེད་པའི་རང་མདོག་བྱས་པ་གཉིས་ཡོད་ལ། རྐོས་དཀྲུག་གི་རྒྱན་གཞན་ལས་ཁྱད་པར་ཅན་ཞིག་ཡིན།
ཤིང་དཀྲུག་ནི། རྒྱུ་རྫབ་དང་། ལ་ཁྲ། སྟག་པ་ཤིང་། སྟག་མ། ཤིང་ལྦ་སོགས་ཏེ། བཟོ་སྟངས་དཀྲུག་རྒྱག་མཁན་གྱིས་ལག་པ་གཉིས་ཀྱིས་གཞར་གཟོང་བཟུང་། ལས་སྟེགས་རྐང་བཞི་ལ་རྡོག་གནོན་གྱིས་དཀྲུག་བྱའི་ཤིང་སྤྲད་པའི་འཁོར་ལོ་བསྐོར་ནས་དབྱིབས་དང་རི་མོ་གང་འདོད་བཟོ་བའི་ལག་རྩལ་ཞིག་སྟེ། བཟོས་པའི་དངོས་པོ་ལ་པ་རུ་དང་། སྡེར་མ། ཕོ་རུ། སྒོག་ཕོར། རྩམ་སྒམ། མདོང་མོ། སྒྲིལ་ཏོག་སོགས་རིགས་མང་བོ་ཡོད།
དེང་རབས་ཀྱི་རྒྱུ་ཆ་རྣོ་ཤེལ་དང་། ཤིང་ཕྱེ་སོགས་ལས་ལུགས་སུ་བླུགས་ནས་ཤིང་རྐོས་ཀྱི་ཚབ་བྱེད་པ་ནི། ལས་ཀ་མགྱོགས་ཤིང་འགྲོ་སོང་ཆུང་བ་ཞིག་ཡིན་པས་སྤྱོད་སྒོ་རྒྱ་ཆེ་རུ་ཕྱིན་བཞིན་ཡོད།