རི་མོའི་ས་བཅད།སྔ་མའི་པར་གཞི་དེ ལྕགས་མོ་རྒྱལ།  ནས 2016-02-01 17:55ལ་འགྲུབ།

རི་མོའི་ས་བཅད།

རི་མོའི་ས་བཅད་འཇོག་པའི་ཤེས་བྱ་དང་ལྡེབས་རིས་ཀྱི་ཤེས་བྱ་སྐོར་ནས་མདོ་ཙམ་ངོ་སྤྲོད་བྱའོ།།
1 གཞུང་དངོས།

སྐུ་གཟུགས་འབྲི་བའི་ཐོག་མ་རུ། ། ལྡེབས་དང་རས་གཞི་ལ་སོགས་པའི། ། གྲུ་བཞི་སོག་ཀ་སྤང་བའི་གཞིར། ། ཟུར་བཞི་དག་ནས་གསུམ་གསུམ་ཐིག ། བཏབ་པས་ཚངས་ཐིག་དཀྱིལ་ཚད་རྙེད། ། འཕྲེད་དཀྱིལ་ཐིག་ཀྱང་དེ་བཞིན་ཏེ། ། བྱ་རོག་རྗེས་དང་ལྡན་པར་བྱ། ། དཀྱིལ་འཁོར་ཡིན་ན་བཅུ་དྲུག་ཐིག ། ཆ་ཆེན་དག་ཏུ་བྱས་ནས་ནི། ། ཆ་ཕྲན་མན་ངག་ཐིག་དང་བསྟུན། ། གཙོ་བོ་ཡུལ་གྱི་ས་བཅད་དང་། ། འདོད་ལྷ་འཁོར་གྱི་ས་བཅད་རྣམས། ། ལྷ་གྲངས་མང་ཉུང་ལ་སོགས་པར། ། ཇི་ལྟར་འདོད་པ་ཐིག་གིས་བཅད། ། གཙོ་བོས་ས་ཁུལ་ཡངས་པ་ལ། ། ཁྲི་འགྱོགས་ཁྲི་དང་རིན་ཆེན་ཁྲི། ། པདྨ་ཟླ་བ་ཉི་མའི་གདན། ། རྒྱབ་ཡོལ་རྒྱན་དྲུག་ལ་སོགས་པ། ། གཞུང་ལས་གསུངས་པའི་ཐིག་དང་བསྟུན། ། སྟོབས་བཅུ་ཕ་རོལ་ཕྱིན་དྲུག་སོགས། ། མཚོན་པའི་རྒྱན་གྱི་རི་མོ་རྣམས། ། གང་ལ་གང་འོས་ལེགས་པར་དཔྱོད། ། འཁོར་གྱི་འདོད་ལྷ་ལ་སོགས་པའི། ། ཁྲི་དང་པདྨ་རྒྱན་གོས་རྣམས། ། གང་བྱུང་མ་འབྲི་སྐབས་དང་བསྟུན། ། རིགས་བདག་ལ་སོགས་སྟེང་གི་ལྷ། ། རྒྱང་མཇལ་ཚུལ་དུ་ཅུང་ཞིག་ཆུང་། ། སྲུང་མ་ཡང་འཁོར་ལ་སོགས་པ། ། ས་གཞིར་ཉེ་བའི་ཚུལ་དུ་ཆེ། ། སྟེང་གི་ལྷ་རྣམས་ཆུང་ཙམ་ལ། ། རིམ་གྱིས་མར་ལ་ཆེ་ན་མཛེས། ། ཞིང་ཁམས་བཀོད་པའི་རི་མོ་དང་། ། རྒྱུད་སྡེ་དཀྱིལ་འཁོར་ལ་སོགས་པའི། ། ངེས་པ་ཅན་གྱི་བཀོད་པ་རྣམས། ། རང་རང་གཞུང་དང་མི་འགལ་བར། ། མཁས་པའི་རྗེས་སུ་འབྲང་ཡང་རུང་། ། སྦྱིན་བདག་འདོད་པའི་ལྷ་ཡི་ཚོགས། ། བཟོ་བོས་ལེགས་པར་མ་བརྟགས་ན། ། བདག་པོས་བཀོད་པ་མི་ཤེས་པས། ། བཀོད་པ་སྤྱི་ལ་འདི་ལྟར་ཏེ། ། སྟེང་དུ་བཀའ་བརྒྱུད་བླ་མ་དང་། ། ཡི་དམ་བྱང་ཆུབ་སེམས་དཔའ་རྣམས། ། ཁྲི་ཟུར་ཡན་ལ་རིམ་གྱིས་འགོས། ། ཆོས་སྐྱོང་དང་ནི་ནོར་ལྷ་རྣམས། ། འོག་གི་ཆ་ལ་དགོད་པར་བྱ། །

སྟེང་དུ་ཆོས་སྐུ་ལོངས་སྐུ་ལ། ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། ། ཁྲི་ཟུར་ཡན་ལ་རིམ་གྱིས་དགོད། ། གནོད་སྦྱིན་ལྷ་མོ་རིགས་རྣམས་ཀུན། ། འོག་གི་ཆ་ལ་དགོད་པར་བྱ། ། མགོན་པོ་བདུན་ཅུ་རྩ་ལྔ་དང་། ། འཇིག་རྟེན་སྐྱོང་བའི་ལྷ་ཚོགས་རྣམས། ། གཡས་དང་གཡོན་དུ་རིམ་བཞིན་དགོད། ། འཇིག་རྟེན་པ་ཡི་སྲུང་མ་དང་། ། ཡང་སྤྲུལ་བྱ་ནག་ཁྱི་ནག་དང་། ། སྟག་སེང་འབྲུག་ཁྱུང་དགྲ་བླ་རྣམས། ། འོག་གི་ཆ་ལ་དགོད་པར་བྱ། །

བླ་བརྒྱུད་ལ་ནི་བརྒྱུད་རིམ་ལས། ། གསུངས་པར་གཞིར་བྱས་མཛེས་པར་དགོད། ། བརྒྱ་སྐུ་སྟོང་སྐུ་ཁྱད་པར་ཅན། ། སྤྱིར་ཞི་བ་སྟེང་ལ་ཁྲོ་བོ་འོག ། ཡེ་ཤེས་སྟེང་ལ་འཇིག་རྟེན་འོག ། ལྷ་ཕོ་སྟེང་ལ་ལྷ་མོ་འོག ། ཡེ་ཤེས་གཙོ་ལ་འཇིག་རྟེན་འཁོར། ། ཕྱི་ཡིས་གཙོ་བོ་བྱས་པ་ན། ། ནང་གི་འཁོར་གྱིས་མ་བསྐོར་རོ། ། ཐམས་ཅད་བརྗོད་ཁ་མི་ནུས་མོད། ། རིགས་མཐུན་བསྡེབས་པ་མན་ངག་ཡིན། །

སྒྲུབ་པ་པོ་ཡིས་ཕྱོགས་ཞེན་གྱིས། ། འཁྲུག་པ་འགའ་ཡང་འདོད་སྲིད་པས། ། གཞུང་དང་འགལ་མེད་བཟོ་བོས་བྱ། ། ཡུལ་སྣང་སྐོང་རྫས་མཆོད་རྫས་སོགས། ། མཛེས་པའི་ཆེད་ཙམ་ཡིན་པས་ན། ། སོ་སོའི་སྐབས་དང་བསྟུན་པ་གཅེས། ། སྤང་རི་བྲག་རི་གངས་ཀྱི་རི། ། མཚོ་དང་རྫིང་བུ་འབབ་པའི་ཆབ། ། སྤྲིན་དང་འཇའ་ཚོན་སྨུག་པ་འཁྲིག ། འབྲས་ལྡན་ཤིང་དང་པདྨ་དང་། ། ནོར་གྱི་ཆར་བ་བབ་པ་དང་། ། ནགས་སུ་རི་དྭགས་གཅན་གཟན་དང། ། འདབ་ཆགས་མཁའ་ལ་ལྡིང་བ་དང་། ། ཆུ་གནས་ཕན་ཚུན་རྩེན་པ་དང་། ། བྲག་ཕུག་ཁང་བཟང་སྤྱིལ་བུ་དང་། ། གཙུག་ལག་ཁང་གི་བཀོད་པ་དང་། ། སྐོང་རྫས་ལ་སོགས་གང་བཀོད་པ། ། རྒྱ་བོད་ཡུལ་གྱི་ཁྱད་པར་དང་། ། ཞི་དང་ཁྲོ་བོའི་འཇིག་རྟེན་གྱི། ། མཆོད་རྫས་བྱེ་བྲག་ལ་སོགས་པ། ། གསེབ་ཀྱི་ཆ་ལ་འཚམས་པར་འདོད། ། ས་བཅད་རིགས་སྡེབ་མི་ཤེས་དང་། ། གཙོ་འཁོར་གོ་ལྡོག་གྱུར་བ་དང་། ། ཡོ་དང་ཆ་མི་ལྡན་པ་དང་། ། ཡུལ་དང་ཆ་ལུགས་འཁྲུགས་པ་དང་། ། མཆོད་རྫས་གནས་མ་ཡིན་པ་རྣམས། ། བཟོ་ཡི་སྐྱོན་ཡིན་སྤང་བར་བྱ། ། ཞེས་པ་ལྟར་རོ། །

2 ཞར་བྱུང་།

སྤྱིར་བོད་ཀྱི་གཙུག་ལག་ཁང་དང་དོན་པ་ཐམས་ཅད་ལ་ལྡེབས་རིས་མེད་པ་མི་སྲིད་ཅིང་། དེ་ལས་ལོ་རྒྱུས་ལ་སྔ་ཞིང་རྣམ་པ་རྒྱ་ཆེ་བ་ནི། བསམ་ཡས་སྤྲུལ་བའི་གཙུག་ལག་ཁང་གི་འཁོར་ས་གོང་འོག་བར་གསུམ་གྱི་ལྡེབས་རིས་ཁག་ཡིན་ཞིང་། ཕྱིས་སུ་གུ་གེ་མཐོ་གླིང་དང་། གཙང་བཀྲ་ཤིས་ལྷུན་པོ། རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དང་། ཕོ་བྲང་པོ་ཏ་ལའི་ལྡེབས་བྲིས་སོགས་བྱུང་བས་ད་ལྟ་མཐོང་དུ་ཡོད་པ་རྣམས་ཡིན།

བོད་ལུགས་ཀྱི་ལྡེབས་རིས་ནི། བོད་ཡུལ་ཙམ་དུ་མ་ཟད། མི་རིགས་དུ་མའི་སར་བཞེངས་པས་ཏུན་ཧོང་བྱེ་མ་སྒང་གི་ཕུག་པའི་ལྡེབས་རིས་དང་། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་སོགས་བོད་ལུགས་དགོན་པ་ཁག་གི་ལྡེབས་རིས་དང་། སོག་མེེ་ཏྲི་དགོན་དང་དགའ་ལྡན་ཐེག་ཆེན་གླིང་སོགས་ཀྱི་ལྡེབས་རིས་དང་། དེ་བཞིན་དུ་འཇང་དང་། མོན་དང་། སྟོད་ཧོར་སོགས་མི་རིགས་དང་རྒྱལ་ཁབ་མང་བོར་བོད་ལུགས་ཀྱི་ལྡེབས་རིས་བྲིས་ཡོད་པ་ཐམས་ཅད་ནི་བརྗོད་པའི་མཐའ་དང་བྲལ་བའོ། །

ལྡེབས་རིས་ཀྱི་ནང་དོན་གཙོ་བོ་ནི། སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་། གུ་རུའི་རྟོགས་བརྗོད། བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། འཕགས་བོད་སྐྱེས་ཆེན་རྣམས་ཀྱི་རྣམ་ཐར་སོགས་གཙོ་བོར་བྱས་ཐོག  གྲུབ་མཐའ་རང་རང་གི་ཡི་དམ་ཆོས་སྐྱོང་སོགས་བྲིས་པ་ཡང་མང་ངོ་། །

བོད་ལུགས་ཀྱི་ལྡེབས་རིས་བྲི་གཞི་ལ་གཉིས་ཏེ། གཅིག་ནི་ལྡེབས་ཞལ་དང་དཀར་ཞལ་ལེགས་པར་བྱས་པའི་གྱང་གི་ངོས་སུ་བྲིས་པ་དེ་དང་། ཅིག་ཤོས་ནི་ལྡེབས་རིས་བྲི་གཞི་ཆ་མཉམ་དུ་བགོས་པའི་ཚད་ཀྱི་རས་གཞིར་བྲིས་ནས་གང་གི་ངོས་སུ་བཀལ་བ་དེ་ཡིན་ཕྱིར་སྔ་མ་ལ་གྱང་གི་ངོས་སུ་ཐད་ཀར་བྲིས་པས་ལྡེབས་རིས་དང་། ཕྱི་མ་དེ་ཚན་པ་བགོས་ནས་རས་གཞིའི་ངོས་སུ་བྲིས་པས་ཚན་ཐང་ཞེས་འབོད་དོ། །

བཟོ་ཐབས་ནི་གོང་གི་རས་གཞི་བཟོ་ཐབས་དང་། ཁང་བའི་ལྡེབས་ཞལ་ལས་བཤད་ཟིན་པ་ལྟར་ཡིན་ལ། འབྲི་བྱེད་ཀྱི་རྒྱུ་དང་། བཟོ་ཐབས་ཐམས་ཅད་ཀྱང་ཐང་གའི་ལག་ཤེས་ལས་བཤད་ཟིན་པ་ལྟར་རོ། །


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། བཟོ་རྩལ། རི་མོའི་ས་བཅད།