ཞལ་འདག་བཟོ་བའི་ལག་ཤེས།སྔ་མའི་པར་གཞི་དེ ལྕགས་མོ་རྒྱལ།  ནས 2016-02-01 17:56ལ་འགྲུབ།

ཞལ་འདག་བཟོ་བའི་ལག་ཤེས།

ས་ལ་འབྱར་རྩི་མེད་ན་གོག་སླ། ཆུ་ཁྱོག་མེད་ན་རླན་ཕོག་པ་ཙམ་གྱིས་འཇིག བྱེ་མ་འདྲེས་ན་འབྱར་དཀའ་ཞིང་གོག་མགྱོགས། བ་ཚྭ་འདྲེས་ན་རླན་གྱིས་གནོད་ཅིང་ཡུན་རིང་ན་ཞལ་བ་བྱ་ཡུལ་གྱི་གྱང་རྩིག་པ་སོགས་ཀྱང་འཇིག་ཉེན་ཆེ། རྡོ་འདྲེས་ཤིང་ས་བརྡུང་མ་ཐུབ་ན་ཞལ་བ་འཇམ་པོ་མི་འོང་བས་གཟབ་གལ་ཆེ།
1 བཟོ་ཐབས།

སྐུ་བརྙན་བཟོ་བའི་རྒྱུ་སྨན་འདམ་དང་། ལྷ་སྐུ་དང་སཙྪ་པར་བྱེད་ཀྱི་འདག་དང་རྫ་མ་བཟོ་བའི་འདག་བཟོ་ཐབས་ལ། ཞལ་བ་དང་རྩིག་སྦྱར་གྱི་འདག་བཟོ་བར། ཐོག་མར་འདག་བཟོ་བྱེད་ཀྱི་རྒྱུ་སའི་སྤུས་ཀ་བརྟག་དགོས་ཏེ། འདག་ས་ལ་བྱེ་མ་མི་འདྲེས་ཤིང་རྡོ་ཉུང་བ། སའི་རྒྱུ་མཉེན་ལ་འབྱར་རྩི་ཅན། གས་སྐྱོན་ཆུང་ཞིང་ཆུ་ཁྱོག་ཡོད་པ། བ་ཚྭ་མ་འདྲེས་པའི་ས་དེ་འཚག་རྡུང་ལེགས་པར་གྲུབ་པར་ཤོག་འདམ་དང་སོ་མ་རཱ་ཛཱའི་གཙགས་ཕྱེ་སོགས་བསྲེས་ནས་བྱ། ཞལ་བ་འཛིན་བྱེད་མཆོག་ཤོག་འདམ་དང་སོ་མ་རཱ་ཛཱ་གཉིས་ཡིན་པ་ལ། མ་འཛོམས་ན་གྲོ་ནས་ཀྱི་ཕུ་བ་བསྲེ་བའང་ཡོད་ཀྱང་། རི་མོ་འབྲི་གཞི་ལ་ནི་ཅི་ཙམ་དབུར་ཡང་འཇམ་པོ་འོང་དཀའ་བས་མི་འོས་སོ། ། རྩིག་པའི་བར་མཚམས་སྦྱར་བྱེད་རིགས་ཀྱི་འདག་གི་ནང་དུ་འབྲས་ཁུ་བླུགས་ན་དེ་ལ་འབྱར་རྩི་མཆོག་ལྡན་པས་བཟང་ཞིང་། དུས་ཚོད་ཡུན་རིང་དུ་སོང་ན་དེ་བས་ཀྱང་སྲ་བར་འགྱུར་ཞེས་ལག་ཤེས་རྒན་པོས་བཤད། ཐབ་ཀ་ཞལ་བ་བྱེད་པའི་འདག་ནི། ས་སྔོན་སྣུམ་ལ་ནག་ཞད་ཅན་དེ་འཚག་རྡུང་ལེགས་པར་བྱས་པའི་ནང་མར་མེ་སྡོང་བོར་ཆགས་པའི་མེ་ཏོག  ཡང་ན་གྲོ་ག་བསྲེགས་པའི་དུད་དྲེགས་སྣག་ཚ་གང་འབྱོར་སྟངས་ཤ་ངན་གྱི་མཆིན་པ་ཚིལ་དང་བྲལ་བ་དེ་བསྲེས་ནས་བསྣར་བརྫིས་ལེགས་པར་སོང་བ་དེས་ཞལ་བ་བྱས་ན་ཁ་དོག་གནག་སྣུམ་འོད་དང་ལྡན་པ་འབྱུང་ལ། དེ་ལ་དཀར་ཡོལ་གྱིས་རི་མོ་སྣ་ཚོགས་བཀོད་པ་མང་ངོ་། །

2 ལག་ཆ།

ཞལ་བ་བྱེད་པའི་ལག་ཆས་ལ། ས་རྐོ་བྱེད་ཀྱི་འཇོར། ཁུར་བྱེད་ཀྱི་སླེ་བོ། རྡུང་བྱེད་ཀྱི་ཤིང་ཐོ། འཚག་བྱེད་ཀྱི་ལྕགས་དང་ཡང་ན་སྨྱུག་མས་བསླས་པའི་ཚགས། བརྫི་སྣོད་སྐབས་བསྟུན། འདམ་བླུགས་སྣོད་ལྕགས་ཟེའུ། འདག་མི་སྐམ་པའི་འདག་ཁེབས་ཆུ་ཤོག  ལེན་བྱེད་འདག་ལེན་ཏེ་ཤིང་ལེབ་གྲུ་བཞི་ཡུ་བ་ཅན། བྱུག་བྱེད་འདག་བྱེད་དང་། དབུར་བྱེད་ལྕགས་བྱེད་གཉིས་ཀྱི་ངོས་རྡོག་མཐིལ་ལྟ་བུ་ལ་རྒྱབ་ཏུ་སྤར་ཡུ་འཛིན་བདེ་ཅན། ཞལ་བ་ཁམས་སྙོམ་མིན་ལྟ་བྱེད་ཀྱི་ཚད་ཤིང་འདམ་གང་བ་བཅས་སོ། ། ཞལ་བ་བྱེད་པར། ཞལ་བ་བྱ་བའི་གཞི་དེ་རྩུབ་ཅན་ཞིག་དང་རླན་ཅུང་ཟད་ཡོད་ན་འབྱར་སླ་ཞིང་བརྟན་པོ་འོང་བས་གཞི་དེ་ལྟར་གྱི་སྟེང་དུ། ཐོག་མར་ཤིང་གི་འདག་བྱེད་ཀྱིས་ཤེད་ཕྱུང་ནས་བྱུགས་ཏེ་འབྱར་ངེས་བྱ། དེའི་སྟེང་ལྕགས་བྱེད་ཀྱིས་གཤོང་འབུར་བསྙམས། ཚད་ཤིང་གིས་ཁོད་སྙོམ་མིན་བལྟ་ཞིང་བཅོས་མཐར་ལེགས་པར་བརྡར་ནས་འགྲུབ་བོ། །