མདངས་ཀྱི་ལག་ཤེས།སྔ་མའི་པར་གཞི་དེ ལྕགས་མོ་རྒྱལ།  ནས 2016-02-01 17:56ལ་འགྲུབ།

མདངས་ཀྱི་ལག་ཤེས།

སྤྱིར་མདངས་ལ་སྐམ་མདངས་དང་རློན་མདངས་གཉིས་སུ་དབྱེ་ཞིང་། སྐམ་མདངས་ལ་ནང་གསེས་བཙག་མདངས་དང་། འབར་མདངས། བཤལ་མདངས་གསུམ་དང་། རློན་མདངས་ལ་སྐྱ་མདངས་དང་། ཆུ་མདངས་དང་། རོབ་མདངས་གསུམ་ཏེ་དབྱེ་བ་དྲུག་ཙམ་མཆིས།
1 བཙག་མདངས།

བཙག་མདངས་ཡུངས་དཀར་བརྡལ་བ་འདྲ། ། ཞེས་འབྱུང་བ་ནི། པིར་རྙིང་བ་མགོ་ཐར་ཐོར་དུ་གྱུར་བ་ཞིག་གིས་ཚོན་གྱི་དྭངས་མ་པིར་མགོ་བང་ཙམ་གྱི་ཁབ་ཀྱིས་གཙག་པ་ལྟར་མདངས་པ་ཡིན་པས། འགའ་ཞིག་གིས་འདི་ལ་མདངས་སྟངས་ཀྱི་སྒོ་ནས་གཙག་མདངས་ཞེས་པའི་ཐ་སྙད་ཀྱང་མཛད་ལ། མདངས་པའི་དངོས་པོ་ཡུངས་དཀར་ཐང་ལ་བརྡལ་བ་དང་མཚུངས་པས་བཙག་མདངས་སུ་འབོད་དེ་ཡོངས་གྲགས་ཡིན་པར་བཤད་དོ། ། དེའི་ཁྱད་ཆོས་ནི། ཐབས་འདི་རམ་གྱི་ཁ་ཆུ་དྭངས་མས་གནམ་ས་དབྱེ་ན། གནམ་ས་ཁ་སྦྱོར་བའི་སར་མཐོང་ལ་མི་གསལ་བ་རྒྱང་རིང་ནས་བལྟས་པའི་སྣང་བ་འཆར་ཐུབ་པ་དང་། ཁྱད་པར་རི་སྤུ་བཙུགས་པར། རྒྱང་རིང་གི་རི་ལུང་ཐང་གསུམ་ཀུན། རྩྭ་དང་ཤིང་ཕྲན་སྐྱེས་པ་འབྲི་ཆོག་ལ། དེར་ཚོན་གར་སླ་ལ་བརྟེན་ནས་རྒྱང་རིང་ཐུང་ཡང་མཚོན་ཐུབ་ཅིང་ཉེ་བའི་རི་སུལ་དང་སྤང་ཐོག་གི་རི་སྤུ་བཙུགས་པའི་སྟེང་། ཚོན་དཀར་དམར་གྱིས་མདངས་ཐབས་འདི་ལ་བརྟེན་ནས་མེ་ཏོག་ཉུང་ངུ་བཀོད་ན་དབྱར་གྱི་དཔལ་ཡོན་བཞད་པ་ལྟ་བུ་མཛེས་ཤིང་རང་བྱུང་གིས་སྐྱེས་པ་ལྟ་བུ། རི་མོ་དང་། མདངས་ཐབས་གཞན་གྱིས་མི་བརྫི་བའི་ཁྱད་ཆོས་ཡོད།

2 འབར་མདངས།

འབར་མདངས་ནི། འགའ་ཞིག་གིས་གཤག་མདངས་ཞེས་ཀྱང་ཟེར་ཏེ། བཅད་པིར་ལྟ་བུའི་པིར་ཕྲ་མོས་གོང་ནས་འོག་ཏུ་བསྣོལ་བ་དང་འཛིངས་པ་མེད་པའི་རི་མོ་ཚོན་གྱི་ཁ་ཆུས་མངོན་ལ་མི་མངོན་པར་ཡང་ཡང་དུ་བསྣན་པ་དེ་ཡིན་ལ། རབ་ན་ཐོག་མཐའ་བར་གསུམ་དུ་ཚོན་གྱི་ཁ་ཆུ་དྭངས་མས་མདངས། མ་གྲུབ་ན་བཞག་སོ་དང་ཉེ་བར་ཚོན་གྱི་ཁ་ཆུར་ཚོན་ཕྱེའི་མདོག་འདྲེས་ཙམ་གྱི་ཐེངས་འགའ་མདངས་པ་འགྱོགས་ཐབས་ཡིན། དེའི་ཁྱད་ཆོས་ནི་འབར་མདངས་ཀུ་ཤའི་རྩེ་འདྲ་ཞེས། རྒྱང་རིང་ནས་རྩྭ་ཀུ་ཤའི་ར་བར་བལྟས་པ་བཞིན་མདངས་རིས་དྲང་བོ་མངོན་མི་མངོན་པ་རྩ་བ་ནས་རྩེ་མོའི་ཕྱོགས་སུ་འཇའ་ཡལ་བ་བཞིན་མདངས་མ་མདངས་གཉིས་ཀྱི་མཚམས་མི་འབྱེད་པ་དེ་ཡིན་ཞིང་། དེའི་སྤྱོད་སྒོ་གཙོ་བོར། ཤིང་ལོ་དང་མཚལ་མཐིང་ལི་ལྗང་སྤྲད་པའི་སྣ་ཚོགས་པདྨ་སོགས་སྐྱེས་པའི་རིགས་དང་། མེ་རི་སོགས་འབར་བའི་རིགས་དང་། རྒྱབ་ཡོལ་སོགས་འོད་འཕྲོ་བའི་རིགས་རྣམས་ཏེ། མདོར་ན། སྐྱེ་དངོས་དང་། འབར་བ་དང་། འོད་འཚེར་བའི་རིགས་ལ་ཤིན་ཏུ་མཚར་རོ། ། 

3 བཤལ་མདངས།

བཤལ་མདངས་ནི། བྱ་ཐབས་བཙག་མདངས་དང་ཕྱོགས་ཙམ་མཚུངས་ཀྱང་། ཡུངས་དཀར་བརྡལ་བ་ལྟ་བུའི་བཙག་མི་མངོན་པས། བཤལ་མདངས་འཇའ་ཚོན་ཡལ་བ་འདྲ། ཞེས་དང་། ཡང་སྐྱ་རེངས་ཤར་བ་འདྲ་ཞེས་གང་ཡང་དོན་གཅིག་སྟེ། ཐོག་མཐའ་ཀུན་ཏུ་ཚོན་བུན་ཁོ་ནས་མདངས་པ་ཡིན་ཞིང་། མདངས་ཚུལ་འདི་ནི་སྔོན་མ་གཉིས་ལས་སྤྱོད་སྒོ་ཆེ་བས། སྐུ་ཤ་དང་། མེ་ཏོག་དང་། གོས་ཁུག་དང་། ཆུ་བྲག་སྤྲིན་གསུམ་དང་། ཕྱི་ནང་གསལ་བའི་འཇའ་གུར་དང་། སྤྲིན་དང་མེ་རིའི་གྲིབ་མ་ཐམས་ཅད་བཤལ་མདངས་ཀྱིས་བྱེད་པ་ཡིན་པས། སྔོན་ཚེ་བྱ་སུམ་གྲག་ཏུ་གྲགས་པའི་ཐང་ག་འགངས་ཆེན་རྣམས་ཀྱི་དུས་ཚོད་ཕལ་ཆེ་བའང་མདངས་འདིའི་ཐོག་ཏུ་སྤྱོད་པ་ཡིན་ནོ། ། མདོར་ན་ཚོན་ལེགས་ཀྱི་ཁ་བུན་དྭངས་མས་བཤལ་མདངས་བྱེད་ཡུན་ཅི་ཙམ་རིང་བ་དེ་ཙམ་གྱི་ལེགས་པ་འོང་ངོ་། །

4 རློན་མདངས།

རློན་མདངས་ནི། འཇའ་ཚོན་གྱི་དམར་སེར་གཉིས་ལྟ་བུ་ཞིག་མདངས་པར་མཚོན་ན། དང་པོར་ལི་ཁྲི་དང་བ་བླ་གཉིས་འཇའི་ཕྱི་ནང་གཉིས་སུ་ཆ་སྙོམས་པར་བྱུགས། དེ་གཉིས་མ་སྐམ་ཙམ་དུ་ལི་ཁྲི་དང་བ་བླ་སྡེབ་པའི་ལིའི་བུའམ་དམར་སེར་དེས་ལི་བ་གཉིས་ཀྱི་མཚམས་ནས་དྲང་བོར་བྱུགས། དེ་ནས་ཕྱོགས་གཉིས་ཀྱི་མཚམས་མི་མངོན་པར་པིར་གྱིས་ཡང་ཡང་བྱུགས་པས། སྐམ་པ་དང་ཚོན་གསུམ་གྱི་མཚམས་དབྱེར་མེད་དུ་འདྲེས་ནས་རང་བཞིན་གྱིས་མཛེས་པ་འོང་བ་དང་། ཚོན་རྫོགས་ཀྱི་ཐང་ཀའི་གནམ་ས་གཉིས་ཀྱི་གར་སླ་ཡང་རློན་མདངས་ཀྱི་ཐབས་ལ་བརྟེན་ཏེ་མཚམས་མི་མངོན་པར་ཕྱོགས་གཅིག་ནས་རིམ་པར་བྱེད་པ་ཡིན་པས། འདི་ལ་ཚོན་སྣུམ་ཞིང་མགྱོགས་པ་དང་བྱ་སླ་བའི་ཁྱད་ཆོས་ཡོད་དོ། །

5 ཆུ་མདངས།

ཆུ་མདངས་ནི། ཚོན་པིར་གཙང་མ་གཉིས་བླངས་ནས། གཅིག་པོས་མདངས་བྱེད་གང་ཡིན་པའི་ཚོན་བླངས། གཞན་གཅིག་པོས་ཆུ་གྲང་དྭངས་མ་ཉུང་ཙམ་བླངས་ནས། ཚོན་པིར་གྱིས་མདངས་བྱའི་རྩ་བ་ནོན་པའི་ཚོན་བྱུགས་མ་ཐག་ཆུ་དྭངས་ཀྱི་པིར་དེས་ཆུ་ཚོན་སླ་བར་བགྱིས་ཏེ་མདངས་མཚམས་མེད་པར་བྱ་བ་དེ་ཡིན་ལ། ལུགས་འདི་རྒྱ་ནག་ཏུ་དར་ཆེ་ཞིང་། དེའི་ལུགས་ལྟར་ན། ཐོག་མར་ཚོན་མེད་པའི་སྐྱ་རིས་སྟེང་དུ་ཐབས་འདི་ལ་བརྟེན་ནས་མདངས་གར་ཐག་ཆོད་པར་བྱ། དེའི་སྟེང་དུ་ཚོན་སླ་མོ་རིམ་པ་བཞི་ནས་ལྔའི་བར་དུ་བྱུགས་པའི་མཐར་བཅད་རིས་ཀྱིས་བཅད། འོག་གི་མདངས་གར་ཞིང་སྟེང་གི་བྱུགས་ཚོན་སླ་བའི་རྐྱེན་གྱིས་མདངས་བྱུག་ཚོན་གྱི་སྟེང་དུ་གསལ་བོར་མངོན་པར་འགྱུར། མདངས་ཐབས་འདི་ཤོག་བུར་ཆུ་ཚོན་བྱེད་པ་ལྟ་བུ་ལ་འཚམས་ཀྱང་ལྡེབས་རིས་དང་ཐང་ག་སོགས་ལ་ནི་ལག་ལེན་ལ་ཤིན་ཏུ་བྱང་བ་ཞིག་མ་ཡིན་ན་རྫོད་ཉེན་ཆེ་བས་མི་བཟང་ངོ་། །

6 རོབ་མདངས།

རོབ་མདངས་ནི། ལྷ་ཁང་ཆེན་མོ་དང་ཁང་བའི་ཕྱི་ངོས་སོགས་ཤིང་ཚོན་གྱི་རི་མོ་རགས་པའི་རིགས་ལ་བཀྲག་རྩིས་ཚོན་བཀྱེ་བའི་སྐབས་སྤྱོད་པའི་མདངས་ཐབས་ཤིག་ཡིན། སྤྱིར་ཤིང་ཚོན་ལའང་རགས་ཞིབ་དང་ལུགས་དུ་མ་ཞིག་ཡོད་དེ། ཚོན་བཀྲ་ཞིང་མཛེས་པ་དཀར་བཅད་སུམ་མདངས་དང་། གཞི་མཚལ་དང་ལི་ཁྲིའི་སྟེང་དུ་གསེར་ཚབ་ཁོ་ནས་རི་མོ་ཉམས་དང་ལྡན་པ་བྲིས་པ་སྣུམ་ཞིང་བརྗིད་པ་དང་། གཞི་སེར་མཐིང་དམར་ལྗང་སྤྲས་པའི་སྟེང་དུ་གཟུགས་བརྙན་དང་པ་ཏྲ་སྣ་ཚོགས་བཀོད་པ་དང་། སྐྱོ་འབུར་བྱས་པ་དང་། རྐོ་དཀྲོལ་རྒྱག་པ་དང་། རྒྱ་ནག་གི་ལུགས་དང་མཐུན་པ་གཞི་སྤང་མཐིང་སྟེང་། པ་ཏྲ་བྲིས་པའི་བར་མཚམས་སུ་སྔོན་བྱུང་གཏམ་རྒྱུད་ཀྱི་རི་མོ་སྣ་ཚོགས་བཀོད་པ་དང་། བོད་ཀྱི་དགོན་པ་དང་གཙུག་ལག་ཁང་ལ་མཛེས་པའི་གཞི་དམར་སེར་གཉིས་ཀྱི་སྟེང་དུ་པ་ཏྲར་བཀྲ་ཤིས་རྫས་ཀྱི་མཚན་མ་རིགས་བཀོད་པ་སོགས་མང་དུ་འབྱུང་བར། དེ་དང་འཚམས་པའི་མདངས་ཐབས་ཀྱང་ཡོད་པ་ལས་མདངས་ཚུལ་འདི་ནི། བཀྲག་རྩིའི་ཤིང་ཚོན་རགས་པའི་རིགས་ཁོ་ནར་སྤྱོད་པའི་མདངས་རྒྱག་སྟངས་ཤིག་གོ ། །

འདིའི་ལག་ལེན་ལ། བཀྲག་རྩི་འདེད་ཐུབ་ངེས་ཀྱི་པིར་རྙིང་དང་ཡང་ན་པིར་དཀྱུས་མ་ཤུགས་ལྡན་མང་ཙམ་བསགས། རི་མོ་ལ་ཇི་ལྟར་མཁོ་བའི་བཀྲག་རྩི་ཚོན་མདོག་གར་སྐྱ་དུ་མ་སྡེབ་སྦྱོར་བྱས་ཏེ། པིར་འགའ་ཞིག་བཟུང་བའི་པིར་རེས་ཚོན་སྣ་རེ་བླངས་ནས་སྐྱ་རིས་སྟེང་དུ་གང་འཚམས་པའི་ཚོན་ཕན་ཚུན་མ་འདྲེས་པར་སོ་སོས་ལེགས་པར་བྱུག དེ་ནས་པིར་གཙང་མའམ་ཡང་ན་རང་མདོག་བར་ཚོན་ཅན་གྱིས་ཚོན་གཉིས་ཀྱི་མཚམས་ནས་བྱུགས་ཏེ། བར་མཚམས་ཆེར་མི་མངོན་པར་བྱ་བ་དེ་ཡིན་པས། མདངས་སྟངས་རློན་མདངས་དང་ཆུ་མདངས་གཉིས་ཀྱི་ཐབས་གཅིག་ཏུ་འདྲེས་པ་ལྟ་བུ་སྟེ། ཤིང་ཚོན་ཆེ་བའི་རིགས་ལ་ཡིན་པས། གོང་སྨོས་ཀྱི་མདངས་ཐབས་ལྔ་བོ་དང་འདྲ་བའི་ཞིབ་ཚགས་མི་དགོས་པའི་མདངས་རགས་ཙམ་ཡིན་ཕྱིར་རོབ་མདངས་ཞེས་བརྗོད། འདིའི་ཁྱད་ཆོས་གཙོ་བོ་ནི། ཚོན་དང་། མདངས་དང་། བཀྲག་རྩི་ཐམས་ཅད་ཐེངས་གཅིག་གིས་འགྲུབ་པ་མགྱོགས་པ་དང་། བཀྲག་རྩི་སྐམ་དཀའ་བས་ཚོན་གྱི་བར་མཚམས་འདྲེས་སླ་བ། རློན་པ་སྐྱར་མདངས་བྱས་ཀྱང་དཀར་གཞི་རྡོལ་བའི་སྐྱོན་མི་འབྱུང་བས་མདངས་ཚུལ་གཞན་ལས་བྱ་སླ་བ་སོགས་ཀྱི་ལེགས་ཆ་ཡོད་ལ། རྒྱང་ལྟ་བྱ་ཡུལ་གྱི་རི་མོ་ཆེ་རགས་རིགས་མ་གཏོགས། བཀྲག་རྩིས་རི་མོ་ཞིབ་ཕྲ་ཐོན་དཀའ་བ་དང་། བཀྲག་རྩིར་བཅུག་ཟིན་པའི་པིར་འཁྲུ་བར་དཀའ་བས། པིར་རྙིང་དང་ཡང་ན་དཀྱུས་མ་ཙམ་ལས་པིར་ལེགས་སྤྱོད་མི་རིགས་པ། བཀྲག་རྩིའི་རྒྱུ་སྣུམ་རྩི་ཅན་ཡིན་སྟབས། མཉེན་ཞིང་འཇམ་པའི་སྤུ་རིགས་ལས་བསྒྲུབས་པའི་པིར་གྱིས་ཚོན་འདེད་དཀའ་བ། པིར་མགོའི་ཚོན་ཕན་ཚུན་འདྲེས་ན་རྫོད་ཉེན་ཆེ་བ་སོགས་ཀྱི་སྐྱོན་ཡང་ཡོད་པས་ཐོག་མ་ཉིད་ནས་ཡིད་འཇོག་བྱེད་པ་གལ་ཆེའོ། །

མདོར་ན། མདངས་རྒྱག་པ་ལ་ཐོག་མ་ཉིད་ནས་ཚོན་གར་བོས་མདངས་པ་དང་། རླན་ཞད་ཆེ་བ་དང་། མདངས་གཞི་མ་སྐམ་པར་ཡང་སྐྱར་མདངས་པ་སོགས་ནི་མདངས་ལེགས་པོ་མི་འོང་བའི་རྒྱུ་ཡིན་པས་རིང་དུ་སྤང་དགོས་སོ། ། དེ་ནས་མདངས་བཟང་མདངས་དེ་གྲུབ་པ་འདྲ། ། སྐྱ་རེངས་མཁའ་ལ་ཤར་བ་འདྲ། ། ཞེས་ཏེ། མདངས་ཚོན་དྭངས་ལ་མདངས་མིན་གྱི་མཚམས་མི་མངོན་པ། སྐྱ་རེངས་ཤར་བའི་འོད་དང་། མེ་ཏོག་ཆུ་སྐྱེས་ཀྱི་མདངས་ལྟ་བུ་རང་བཞིན་གྱིས་མཛེས་པ་ནི། མདངས་ལེགས་པའི་མཚན་ཉིད་དུ་བཤད་ལ། མདངས་ངན་མདངས་དེ་ངུ་བ་འདྲ། ། ངུས་པའི་རྗེས་སུ་ཕྱིས་པ་འདྲ། ། ཞེས་ཐོག་མ་ནས་མདངས་ཚོན་གར་བའམ། ཚོན་སྣ་གཉིས་ཡན་གྱིས་མདངས་པའམ། ཡང་ན་མདངས་བྱའི་ཚོན་གཞི་དང་མདངས་བྱེད་ཀྱི་ཚོན་མ་འགྲིག་པའམ། མདངས་པིར་མི་གཙང་བ་སོགས་ཀྱིས་མདངས་ངོས་མི་གཙང་བ་དང་། སྐམ་ཐག་མ་ཆོད་གོང་ནས་བསྐྱར་མདངས་བྱས་པའི་སྐྱོན་གྱིས་འོག་གི་དཀར་གཞི་རྡོལ་བ་སོགས་ངུས་ནས་ཕྱིས་པ་ལྟ་བུ་འབྱུང་བ་ནི་མདངས་ངན་པའི་རྟགས་སུ་བཤད་དོ། །