འཇའ་ཚོན།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:11ལ་འགྲུབ།

འཇའ་ཚོན།

འཇའ་ཚོན།
དབྱར་དུས་སུ་འབྲུག་ཆར་བབས་རྗེས་ཏག་ཏག་ལ་ཉི་མ་ཤར་བ་ཡིན་ན། མཁའ་དབྱིངས་སུ་སྒོར་ཕྱེད་གཟུགས་ཀྱི་འཇའ་ཚོན་འཆར་བ་ཡིན་ལ། དེ་ལ་ཁ་དོག་བདུན་དང་ལྡན་པ་ཞིག་ཡིན།
1 གྲུབ་ཚུལ།

ང་ཚོས་ཤེས་གསལ་ལྟར་ཉི་འོད་ལ་བལྟས་ཚེ་དེའི་ཁ་དོག་ནི་དཀར་པ་ཡིན་མོད། དོན་དངོས་སུ་དེ་ནི་དམར་པོ་དང་སེར་པོ། སྔོན་པོ། ལྗང་གུ། ལི་མདོག  རྒྱ་བོ། མཐིང་མདོག་སོགས་ཁ་དོག་མི་འདྲ་བ་སྣ་ཚོགས་ཀྱི་འོད་མཉམ་འདྲེས་བྱས་པ་ལས་གྲུབ་པ་ཞིག་ཡིན་ལ། ཁ་དོག་མི་འདྲ་བའི་འོད་ཀྱི་ཀྱོག་འཕྲོའི་ཚད་གཞི་ཡང་མི་འདྲ་བས། ཁ་དོག་དམར་པོ་ཡི་འོད་ཀྱི་ཀྱོག་འཕྲོའི་ཚད་གཞི་ཆུང་ཤོས་ཡིན་པ་དང་། ཁ་དོག་སྨུག་པོའི་འོད་ཀྱི་ཀྱོག་འཕྲོས་ཚད་གཞི་ནི་ཆེ་ཤོས་ཡིན། དེར་བརྟེན་ང་ཚོས་ཉི་མར་རྒྱབ་གཏད་དེ་ལངས་ནས་སྡོད་པའི་སྐབས་སུ། ཉི་མའི་འོད་ཟེར་ཕྱོགས་ངེས་ཅན་ཞིག་ནས་བར་སྣང་གི་ཆུ་ཟིལ་ལ་འཕྲོས་པ་ཡིན་ཞིང་། དེ་ལྟར་ཀྱོག་འཕྲོའི་འོད་གྱེས་པའི་སྣང་ཚུལ་ཐོན་པ་ཡིན།

ཆར་བ་འབབ་སྐབས་དང་ཆར་བ་བབས་པའི་རྗེས་སུ། མཁའ་རླུང་ནང་གི་ཉི་འོད་ལ་ཀྱོག་འཕྲོ་ཐུབ་པའི་ཆུ་ཟིལ་ཆུང་ཆུང་གྲངས་མེད་ཀྱིས་ཁེངས་ཡོད་ཅིང་། ཉི་འོད་ཆུ་ཟིལ་བརྒྱུད་སྐབས་ཀྱོག་འཕྲོ་ཐུབ་པ་ཡིན་ལ། ཉི་འོད་ཀྱི་ཁ་དོག་ནི་དམར་པོ་དང་སེར་པོ། སྔོན་པོ། ལྗང་གུ། ལི་མདོག  རྒྱ་བོ། མཐིང་མདོག་སོགས་ཁ་དོག་མི་འདྲ་བ་སྣ་ཚོགས་སུ་དབྱེ་བ་དང་། དེས་ནི་ང་ཚོས་མཐོང་ལམ་དུ་མངོན་པའི་འཇའ་ཚོན་གྲུབ་པ་ཡིན།

2 ཁྱད་ཆོས།

འཇའ་དང་འདྲ་བའི་མཚེ་མ་དེར་འཇའ་གུར་ཟེར་ཞིང་། འཇའི་ཁ་དོག་གི་རིམ་པ་ནི་ཕྱིའི་ཁ་དོག་དམར་པོ་དང་ནང་གི་ཁ་དོག་སྨུག་པོ་ཡིན་མོད། འོན་ཀྱང་འཇའ་གུར་གྱི་ཁ་དོག་གི་རིམ་པ་ནི་ཕྱིའི་ཁ་དོག་སྨུག་པོ་དང་ནང་གི་ཁ་དོག་དམར་པོ་ཡིན། དེ་ཡང་འཇའི་ཁ་དོ་ཕལ་ཆེ་བ་ནི་མཁའ་རླུང་ནང་གི་ཟིལ་ཐིགས་ཀྱི་ཆེ་ཆུང་ལ་རག་ལས་པ་དང་། མཁའ་རླུང་ནང་གི་ཟིལ་ཐིགས་ཅི་ཙམ་ཆེ་བ་ཡོད་ན། འཇའི་ཁ་དོག་ནི་དེ་ཙམ་གྱིས་མཛེས་པ་ཡོད་པ་ཡིན་ལ། ཟིལ་ཐིགས་ཅི་ཙམ་ཆུང་བ་ཡིན་ན། འཇའི་ཁ་དོག་ཀྱང་དེ་ཙམ་གྱིས་དཀར་པོར་ཆགས་པ་ཡིན། ཡང་སྐབས་འགར་ད་དུང་མཁའ་དབྱིངས་སུ་འཇའ་གསུམ་མམ་ལྔ་ཙམ་མཉམ་དུ་ཤར་བའི་མཛེས་ལྗོངས་མཐོང་རྒྱུ་ཡོད།

3 བརྟག་དཔྱད།

འཇའ་ནི་དབྱར་དུས་སུ་འབྲུག་ཆར་བབས་པའམ་ཐོག་ཆར་བབས་རྗེས་འབྱུང་བའི་རང་བྱུང་གི་སྣང་ཚུལ་རིགས་ཤིག་ཡིན་ལ། དེ་ནི་འབྲུག་ཆར་རམ་ཐོག་ཆར་འབབ་པའི་སའི་གཞི་ཁྱོན་ཅུང་ཆུང་བས། ཕྱོགས་གཅིག་ཏུ་ཆར་བབས་ཀྱང་ཕྱོགས་གཞན་ཞིག་ཏུ་ཉི་མ་ཤར་བ་ཡིན་སྟབས། ཆར་བ་བབས་རྗེས་ཀྱི་མཁའ་དབྱིངས་སུ་ཆུ་ཟིལ་ཆུང་ཆུང་མང་བོ་ཡོད་པ་དེ་དག་ཉི་འོད་དང་འཕྲད་པ་ན། ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པའི་འཇའ་ཚོན་ཤར་བ་ཡིན། ཡིན་ཡང་དགུན་དུས་སུ་མཁའ་རླུང་སྐམ་ཤས་ཆེ་ལ། ཆར་ཆུ་འབབ་ཚད་ཉུང་ཞིང་མང་ཆེ་བ་ཁ་བ་འབབ་པ་ཡིན་པས། ཁ་བ་ལ་འཇའ་ཚོན་འཆར་བ་མིན།

ང་ཚོས་འཇའ་ཤར་ཡུལ་ལ་གཞིགས་ནས་ཆར་བ་འབབ་མིན་ལ་བརྟག་ཆོག་པ་སྟེ། འཇའ་ཤར་ཕྱོགས་སུ་ཤར་བ་ཡིན་ན། ཤར་ཕྱོགས་ཀྱི་རླུང་ཁམས་ཆེན་པོའི་ནང་ཆར་བ་ཡོད་པ་མངོན་ལ། སའི་གོ་ལས་ནུབ་ནས་ཤར་ལ་རང་སྐོར་རྒྱག་པ་ཡིན་མོད། ཤར་ཕྱོགས་ཀྱི་གནམ་གཤིས་ངན་པ་དེས་ང་ཚོར་ཤུགས་རྐྱེན་ཐེབས་མི་སྲིད་ཅིང་། གལ་ཏེ་འཇའ་ནུབ་ཕྱོགས་སུ་ཤར་བ་ཡིན་ན། ང་ཚོ་སྡོད་སའི་ས་ཆ་ལ་ཆར་བ་འབབ་ཁོ་ཐག་ཡིན།