ནེ་ཝེ་ཡ་ཛེམ་ལ་ཡ་གླིང་ཕྲན་ནུབ་རྒྱུད་དང་ཤར་རྒྱུད་ཀྱི་གྲང་ངར་ཆེ་བའི་མཚོ་ངོགས་དང་། འཁྱག་གླིང་གི་ལྷོ་རྒྱུད་ཀྱི་མཚོ་ངོགས་སུ་དགུན་ཁའི་གྲང་ཚད་ནི་ཀླད་ཀོར་མན་གྱི་ཧྲེ་ཧྲིའི་དྲོད་ཚད་བཞི་བཅུ་ནས་ལྔ་བཅུའི་བར་ཡིན་ལ། ས་ཆ་ལ་ལའི་དྲོད་གྲང་ནི་ཀླད་ཀོར་མན་གྱི་ཧྲེ་ཧྲིའི་དྲོད་ཚད་དྲུག་ཅུ་ནས་བདུན་ཅུ་ལས་ཀྱང་དམའ་བས། རང་བྱུང་གི་འཁྱག་མཛོད་ཆེན་མོ་ཞིག་དང་འདྲ་ཞིང་། འཁྱག་མཛོད་དེར་གྲང་རླུང་གསོག་ཚད་མང་དུ་ཕྱིན་པའི་དུས་སུ་ཤུགས་ཆེ་བའི་རླངས་རྒྱུན་གྱིས་སྣེ་དྲངས་ཏེ། ཆུ་ལོག་ཆེན་མོས་རགས་གཏོར་བ་བཞིན་ཁ་ཤོར་ནས་ལྷོ་ཕྱོགས་སུ་ལང་ལོང་དུ་རྒྱུག་པ་དེ་ལ་གྲང་རྒྱུན་ཞེས་བྱ།
གྲང་རྒྱུན་གྱིས་ལམ་བུ་གསུམ་བརྒྱུད་ནས་རང་རྒྱལ་གྱི་མངའ་ཁོངས་སུ་རླབས་ཤུགས་ཆེན་པོའི་ངང་ནས་ཞུགས་པ་ཡིན་ལ། དང་པོ་ནི་ནེ་ཝ་ཛེམ་ལ་ཡ་གླིང་ཕྲན་ཉེ་འཁོར་གྱི་མཚོ་ངོགས་ནས་ལངས་ཤིང་། སི་སྦེ་རི་ཡ་ནུབ་ཕྱོགས་བརྒྱུད་དེ་རང་རྒྱལ་གྱི་ཞིན་ཅང་གི་བྱང་ཕྱོགས་སམ་མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་ཞུགས་པ་དང་། ཤར་ལྷོའི་མཚམས་སུ་ཁ་གཏད་དེ་རྨ་ཆུའི་ཁུག་པ་ས་ཁུལ་དག་གཤགས་ཏེ་ཧྭ་པེ་བདེ་ཐང་དུ་ཐོན་ནས། ཐད་ཀར་འབྲི་ཆུའི་དབུས་སྨད་ས་ཁུལ་དུ་སླེབས་པ་ཡིན། ཡང་སྐབས་དེར་ནན་ལིན་རི་བོ་བརྒལ་ནས་ལྷོ་རྒྱུད་མཚོ་འགྲམ་ཁུལ་དུའང་ཤུགས་རྐྱེན་བྱུང་ཐོག དེ་ལ་གཞུང་གཤགས་གྲང་རྒྱུན་ཡང་ཟེར་བ་ཡིན། གཉིས་པ་ནི་བྱང་རྒྱུན་ནས་ཡོང་བའི་གྲང་རྒྱུན་ཏེ་བྱང་དར་མཚོའི་སྟེང་ནས་ལངས་ཤིང་། ཨུ་རུ་སུའི་ཤར་ཕྱོགས་དང་རྒྱང་ཐག་རིང་བའི་ས་ཁུལ་དང་མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྒྱུད་ནས་ཐད་ཀར་ལྷོ་རུ་བབས་ཕྱིར། ཤར་རྒྱུད་གྲང་རྒྱུན་ཞེས་བྱ་བ་ཡིན། གསུམ་པ་ནི་ཡོ་རོབ་བྱང་རྒྱུད་ཀྱི་བྱང་དར་མཚོའི་སྟེང་ནས་ལངས་ཤིང་ཡོ་རོབ་སྐམ་ས་ཆེན་པོ་བརྒལ་ནས་ས་དབུས་རྒྱ་མཚོའི་ཉེ་འཁོར་བརྒྱུད་ལྷོ་རུ་བབས་རྗེས། ཤར་ཕྱོགས་སུ་ཁ་འཁོར་ནས་རང་རྒྱལ་གྱི་ནུབ་ཕྱོགས་ནས་འཛུལ་ཡོང་ཕྱིར་ནུབ་རྒྱུད་གྲང་རྒྱུན་ཞེས་བྱ་བ་ཡིན།