གནམ་རིག་ལེ་ཏཱ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:13ལ་འགྲུབ།

གནམ་རིག་ལེ་ཏཱ།

གནམ་རིག་ལེ་ཏཱ་ནི་གནམ་རིག་ཚན་ཁག་གིས་དུས་ཐུང་ནང་དྲག་ཆར་དང་། རྒྱ་མཚོའི་རླུང་འཚུབ། འབྲུག་ཆར་སོགས་ཀྱི་གནས་ཡུལ་དང་། ཤུགས་ཚད། མགྱོགས་ཚད། ཁ་ཕྱོགས་སོགས་ལ་འཚོལ་ཞིབ་ཐིག་ལེན་བྱ་རྒྱུར་མེད་དུ་མི་རུང་བའི་མ་ལག་ཅིག་ཡིན། ཐོག་མའི་ལེ་ཏཱ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྔ་ནུབ་ཏུ་གསར་གཏོད་བྱས་པ་ཞིག་ཡིན་ལ། སྐབས་དེར་གཙོ་བོ་དམག་དོན་ཀྱི་ཆེད་དུ་སྤྱོད་ཀྱིན་ཡོད་པས། གནམ་གྲུ་དང་དམག་གྲུ་བཤེར་འཚོལ་བྱེད་ཀྱིན་ཡོད། དེ་ཡང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་མི་རྣམས་ཀྱིས་གཟུགས་མཐོང་གློག་ཤེལ་ཐོག་སྤྲིན་དང་ཆར་བ་མཐོང་བར་མ་ཟད། རྒྱུན་ལྡན་ལྟར་གནམ་གྲུ་དང་དམག་གྲུ་འཚོལ་ཞིབ་རྗེས་འདེད་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་ཀྱང་དེས་གནམ་རིག་མི་སྣའི་བློ་སྒོ་ཕྱེས་པ་དང་། ཁོ་ཚོས་ལེ་ཏཱ་བེད་སྤྱོད་བྱས་ནས་བར་སྣང་སྤྲིན་ཆར་གྱི་འགྱུར་བར་ཞིབ་འཇུག་བྱ་བ་དང་། དྲག་ཆར་རླུང་འཚུབ་ཡོང་རྒྱུར་སྔོན་དཔག་བྱེད་ཀྱི་ཡོད།
1 བྱུང་འཕེལ།

སྤྱི་ལོ1941ལོར་དབྱིན་ཇིའི་ནུབ་ཕྱོགས་མཚོ་འགྲམ་དུ་བཙུགས་པའི་ལི་སྨི་བཅུ་ཡོད་པའི་དམག་སྤྱོད་ལེ་ཏཱ་ཡིས་གནམ་རིག་གི་ཆེད་དུ་འཚོལ་ཞིབ་ཐིག་ལེན་ཐེངས་དང་པོ་བྱས་པ་རེད་ལ། དམག་ཆེན་མཇུག་སྒྲིལ་རྗེས་དམག་སྤྱོད་ལེ་ཏཱ་ཁག་ཅིག་དམག་ཁོངས་ནས་ཕྱིར་འཐེན་བྱས་པ་དང་། ཅུང་ཟད་བཅོས་སྒྲིག་བྱས་ནས་གནམ་རིག་ཚན་ཁག་ཏུ་ནང་འདྲེན་བྱས་པས་ཕན་འབྲས་ཅུང་ཡག་པོ་ཐོབ་ཡོད།

རང་རྒྱལ་གྱིས་ལོ་རབས་དྲུག་ཅུ་བའི་ལོ་འགོར་གནམ་རིག་ལེ་ཏཱ་ནང་འདྲེན་བྱས་པ་དང་། གཙོ་གནད་དེ་གྲོང་ཁྱེར་གཙོ་བོ་དང་མཁའ་ལམ་དུ་བཀོད་སྒྲིག་བྱས་ཡོད་ཅིང་། ད་ལྟ་རྒྱལ་ནང་དུ་གནམ་རིག་ལེ་ཏཱའི་གྲངས་འབོར་ངེས་ཅན་ཡོད་པས་གནམ་གཤིས་སྔོན་བརྡ་ལེགས་བཅོས་དང་། ནུས་པ་ཐོན་པའི་སྒོ་ནས་གནམ་གཤིས་ངན་པར་ཉེན་ཟོན་བྱ་རྒྱུར་དགེ་མཚན་ལྡན་པའི་ཆ་རྐྱེན་མཁོ་སྤྲོད་བྱེད་ཀྱི་ཡོད། ལེ་ཏཱ་ལག་རྩལ་དང་གནམ་རིག་བྱ་བཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་སུ་དཔེ་གསར་གྱི་གནམ་རིག་ལེ་ཏཱ་ཁག་ཅིག་ཀྱང་སྔར་བས་རྒྱ་ཁྱབ་ཀྱི་སྒོ་ནས་བེད་སྤྱོད་ཐུབ་ཡོད། དེའི་ནང་ནས་ཏོ་པུ་ལའེ་ཏཱ་ལ་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ཀྱིན་ཡོད།

ཏོ་པུ་ལའེ་ཏཱ་ནི་སྐུད་མེད་གློག་རླབས་ཀྱི་འགུལ་ཚད་དང་དངོས་གཟུགས་འགུལ་སྐྱོད་ཀྱི་འབྲེལ་བར་གཞིགས་ནས་ཇུས་འགོད་བྱས་པ་ཞིག་ཡིན། “ཏོ་པུ་ལའེ”ཞེས་པའི་མིང་ཚིག་དེ་ནི་ཨོ་སི་ཁྲུ་རི་ཡའི་དངོས་ཁམས་རིག་པ་མཁས་ཅན་གྱིས་མིང་བཏགས་པ་ཞིག་ཡིན། གང་ཡིན་ཟེར་ན་མགྱོགས་ཚད་དང་འགུལ་སྐྱོད་ཀྱི་སྒྲའི་འགུལ་ཚད་ཀྱི་འབྲེལ་བ་དེ་ཁོང་གིས་སྔ་ཤོས་སུ་ཤེས་རྟོགས་བྱུང་ཡོད་ལ། མེ་འཁོར་སྟེང་སྡོད་སྐབས་ཨུའི་ཞེས་རླངས་དུང་གི་སྒྲ་གྲགས་པའི་མེ་འཁོར་མདུན་ཕྱོགས་ནས་རྒྱུག་ཡོང་སྐབས་རླངས་དུང་གི་སྒྲ་རིམ་བཞིན་ཕྲ་རུ་འགྲོ་བ་ཁྱེད་ཀྱིས་ཤེས་ཐུབ། དངོས་ཁམས་རིག་པ་མཁས་ཅན་གྱིས་སྣང་ཚུལ་དེ་རིགས་ལ་གཡོ་ཚད་མཐོ་རུ་འགྲོ་བ་ཞེས་བརྗོད་ཅིང་། མེ་འཁོར་དེ་ཁྱེད་དང་ཁ་བྲལ་ནས་འགྲོ་སྐབས་རླངས་དུང་གི་སྒྲ་རིམ་བཞིན་དམའ་རུ་འགྲོ་གི་ཡོད་པས་དེས་གཡོ་ཚད་དམའ་རུ་ཕྱིན་པ་མཚོན་གྱི་ཡོད། ཡང་འགུལ་སྐྱོད་དེ་འདྲ་བྱེད་པའི་སྒྲ་འབྱིན་དངོས་གཟུགས་ལ་མགྱོགས་ཚད་ངེས་ཅན་བྱུང་བས་སྒྲའི་འགུལ་ཚད་ལ་འགྱུར་ལྡོག་འགྲོ་བའི་སྣང་ཚུལ་ཐོན་གྱི་ཡོད་པ་དེ་ལ་ང་ཚོས་དེ་ལ་ཏོ་པུ་ལའེ་སྣང་ཚུལ་ཞེས་བརྗོད། མི་རྣམས་ཀྱིས་ཆར་སྤྲིན་རྡུལ་ཕྲན་གྱི་འགུལ་སྐྱོད་བེད་སྤྱད་དེ་ཏོ་པུ་ལའེ་སྣང་ཚུལ་གྱི་རྩ་བའི་རིག་པ་དང་། ཏོ་པུ་ལའེ་གནམ་རིག་ལེ་ཏཱ་སྐྲུན་ཡོད། ཏོ་པུ་ལའེ་ལེ་ཏཱ་ཡིས་ཚད་ལེན་མྱུར་ཚད་དག་མཐོ་རུ་བཏང་བར་མ་ཟད། ས་ངོས་ཟང་ཟིང་གིས་དམིགས་སར་འགོག་རྐྱེན་བཟོ་བར་སྔོན་འགོག་བྱ་ཐུབ་ཀྱི་ཡོད། དེ་མིན་དཔེ་གསར་གྱི་གནམ་རིག་ལེ་ཏཱ་ཁག་ཅིག་ཡོད་པ་ནི། དཔེར་ན། སྐུལ་འོད་ལེ་ཏཱ་དང་། སྒྲའི་ལེ་ཏཱ། རླབས་གཉིས་རིང་བོའི་ལེ་ཏཱ་སོགས་སྔ་རྗེས་སུ་ཐོན་ཡོད་པ་དང་། ལྷག་པར་དུ་ལེ་ཏཱ་ཡིས་དཔྱད་གཞི་ལེན་པའི་མཐའ་སྣེའི་བཀོད་སྒྲིག་དང་རྩིས་རྒྱག་འཕྲུལ་འཁོར་ཟུང་འབྲེལ་བྱས་པའི་ཚད་ལེན་མ་ལག་ཆ་ཚང་ཞིག་གྲུབ་པ་དེས་ལྡོག་རླབས་དཔྱད་གཞི་གྲངས་ཚད་ཅན་དུ་མངོན་འགྱུར་བྱུང་བ་དང་དེ་ནི་གནམ་རིག་བྱ་བཞག་གི་གསར་བརྗེ་ཞིག་ཡིན་པ་སྨོས་མ་དགོས།