ཁངས་ཆར།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:13ལ་འགྲུབ།

ཁངས་ཆར།

དགུན་ཁར་ས་ངོས་ཀྱི་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་གྱི་མན་དུ་སླེབས་ཤིང་། སྐབས་འགར་ཆར་ཐིགས་ཤིང་སྡོང་གི་ཡལ་ག་དང་གློག་སྐུད་སྟེང་དུ་ལྷུང་སྐབས། དངོས་པོ་དེ་དག་གི་སྟེང་ལ་འོད་ཆིལ་ཆིལ་བཀྲ་བའི་དར་སྲབ་པོ་ཞིག་ཆགས་པ་ཡིན་ལ། ས་རུ་འབབ་པ་ནི་ཆར་བ་ཡིན་ཡང་གློག་སྐུད་སྟེང་ན་ཡོད་པ་འཁྱག་པ་ཡིན། ཡང་ཆར་ཐིགས་དེ་ནི་ དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་གོར་ཐིག་གི་མན་དུ་སླེབས་པས། གོང་བུར་དྲིལ་མ་ཐུབ་པར་གྲང་ཤས་ཆེ་བའི་ཆུ་ཐིགས་སུ་གྱུར་བ་རེད། དེ་བས་གནམ་གཤིས་རིག་པ་ལྟར་ན། གྲང་ཤས་ཆེ་བའི་ཆུ་ཐིགས་འབབ་པའི་ཆར་བར་གྲང་ཤས་ཆེ་བའི་ཆར་བ་ཞེས་པ་དང་། དེ་སྲ་གཟུགས་དང་འཕྲད་ཚེ་མྱུར་དུ་འཁྱག་པར་གྱུར་འགྲོ་བས་ཁངས་ཆར་ཞེས་བརྗོད་པ་ཡིན།
1 ངོ་སྤྲོད།

ཁངས་ཆར་ནི་སྤྲིན་དང་ས་ངོས་བར་རིམ་པ་མི་འདྲ་བ་གསུམ་བྱུང་བའི་སྐབས་གྲུབ་པ་སྟེ། སྟེང་རིམ་དུ་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་གྱི་མན་དུ་སླེབས་པའི་སྤྲིན་དགོས་པ་དང་། བར་གྱི་རིམ་པར་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་གྱི་ཡན་དུ་སླེབས་པའི་སྤྲིན་དང་རླུང་ཁམས་རིམ་པ་གནས་དགོས་པ། ཡང་ས་ངོས་དང་ཉེ་བའི་ཕྱོགས་སུ་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་ལས་ཅུང་དམའ་བའི་མཁའ་རླུང་གི་རིམ་པ་ཡིན་དགོས།

ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་གྱི་མན་ཡིན་པའི་སྤྲིན་ལས་ཁ་བ་འབབ་པ་ཡིན་ཏེ། དྲོ་བའི་རླུང་ཁམས་ཆེན་པོའི་ཆགས་རིམ་བརྒྱུད་ཚེ་ཞུ་བར་གྱུར་ནས་ཆར་བའི་རྣམ་པར་ས་རུ་འབབ་པ་ཡིན་ལ། ས་ངོས་དང་ཉེ་བའི་ཕྱོགས་སུ་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་མན་ཡིན་པའི་གྲང་བའི་རླུང་ཁམས་ཆེན་པོའི་ཆགས་རིམ་དུ་སླེབས་དུས། ཆར་ཐིགས་མྱུར་དུ་ས་ངོས་ཀྱི་གྲང་བའི་རླུང་ཁམས་ཆེན་པོའི་ཆགས་རིམ་བརྒྱུད་ནས་རིམ་བཞིན་གྲང་མོར་འགྱུར་བ་ཡིན། དེ་ཡང་ཚངས་ཐིག་ལ་ཅུང་རིང་བོ་ཡོད་པའི་ཆར་ཐིགས་འཁྱག་པར་གྱུར་ནས་ས་རུ་འབབ་དུས་འཁྱག་པའི་གོང་བུར་འགྱུར་བ་ཡིན། ཡང་ཚངས་ཐིག་ཐུང་ངུ་ཡིན་པའི་ཆར་ཐིགས་འཁྱག་པར་འགྱུར་ལོང་མ་བྱུང་སྟབས། ཁངས་ཆར་འདྲེས་མར་གྱུར་བ་རེད།

2 ཁྱད་ཆོས།

ཁངས་ཆར་སྲ་གཟུགས་དང་འཕྲད་ཚེ་མྱུར་དུ་འཁྱག་པར་འགྱུར་བ་དང་། ཁངས་ཆར་རིམ་བཞིན་ཇེ་མང་དུ་གསག་པ་ཡིན་ལ། དེ་ལྟར་བསགས་ནས་གོང་བུར་དྲིལ་བ་དེ་ལ་འཛར་ཆར་ཟེར་བ་ཡིན་ཞིང་། དེ་ནི་གློག་སྐུད་སྟེང་དུ་བབས་པ་ན། གནོན་ཤུགས་དང་ལྷགས་པས་གཡོ་བ་སོགས་ཀྱིས་གློག་སྐུད་ཆད་པར་འགྱུར་བ་ཡིན། ཡང་ཁངས་ཆར་བབས་པ་ཚབས་ཆེན་ཡིན་ན། ཁང་བ་སོགས་ཀྱང་བརྡིབ་པར་སྲིད་པ་དང་། ཤིང་གི་ཡལ་ག་དང་སྨྱུག་མ་ལ་སོགས་པ་ཆག་སྲིད་པར་མ་ཟད། ལོ་ཏོག་དང་ཚལ་རིགས་འཁྱག་པར་གྱུར་ཞིང་། ཞིང་ལས་ཐོན་སྐྱེད་ལ་གྱོང་རེག་སྲིད་པ་ཡིན།