ཚ་སྐྱོན་ཟེར་བ་ནི་དྲོད་ཚད་ཧ་ཅང་མཐོན་པོར་གྱུར་ནས་ལོ་ཏོག་གིས་བཟོད་བསྲན་ཐེག་པའི་ཚད་ལས་བརྒལ་ཏེ། ལོ་ཏོག་གི་འོད་སྦྱོར་ནུས་པ་རྒྱུན་ལྡན་ལྟར་ཐོན་རྒྱུར་གཏོར་བཤིག་བཏང་ནས། ལོ་ཏོག་གི་འོད་སྦྱོར་ནུས་པ་ཉམས་ནས་འབྲས་བུ་ཐོན་རྒྱུ་དང་གསག་རྒྱུ་ཉུང་དུ་འགྲོ་བ་ཡིན།
ཐན་སྐྱོན་ཟེར་བ་ནི་དྲོད་ཚད་མཐོ་ལ་བཞའ་ཚན་ཆུང་བའི་གནམ་གཤིས་ཀྱི་ཆ་རྐྱེན་འོག ལོ་འདབ་ངོས་ཀྱི་རླངས་པ་འཕྱུར་ཚད་མང་དུ་འགྲོ་བ་དང་། ཞིང་ཁའི་ཆུ་ཡིས་ལོ་ཏོག་གི་དགོས་མཁོ་བསྐང་མི་ཐུབ་པར་མ་ཟད། ཧྲེ་ཧྲིའི་དྲོད་ཚད་སུམ་ཅུ་སོ་བདུན་ནས་སུམ་ཅུ་སོ་བརྒྱད་བར་གྱི་དྲོད་ཚད་མཐོན་པོའི་འོག གྲོ་ཡི་འདབ་ལོའི་གདང་འཚུམ་གྱི་ནུས་པ་ཉམས་པར་བརྟེན། ལོ་ཏོག་ལས་རླངས་པ་འཕྱུར་ཞིང་ཆུ་གློད་པ་ཡིན་ལ། དེ་ནི་རྒྱུན་ལྡན་གྱི་རླངས་པ་འཕྱུར་ཞིང་ཆུ་གློད་པ་ལས་ལྡབ་གཅིག་ལྷག་མང་བ་ཡོད་པས། ལོ་ཏོག་གི་རྙིང་ཚབ་གསར་བརྗེ་ཡི་འགུལ་སྐྱོད་ལ་བཀག་འགོ་ཐེབས་པ་དང་། འདབ་ལོ་ལྗང་གུར་གྱུར་བར་གཏོར་བཤིག་ཐེབས་པ་ཡིན།
སྐམ་ཤས་ཆེ་བའི་ཚ་རླུང་གིས་སྐྱེས་ཡག་པའི་གྲོ་ཞིང་རྒྱུན་ལྡན་ལྟར་སྐྱེ་རྒྱུར་གནོད་པ་ཚབས་ཆེན་ཐེབས་པ་ཡིན་པས། དེའི་སྐོར་གྱི་སྔོན་འགོག་ནི་ཧ་ཅང་གལ་འགངས་ཆེ་བ་སྟེ།
དང་ཐོག ཚ་རླུང་འགོག་སྲུང་གི་ཐད་ལ་སྡོང་འཛུགས་ནགས་སྐྲུན་བྱ་དགོས་པ་དང་། ཞིང་སྲུང་ཤིང་ནགས་དྲ་བས་དྲོད་ཚད་དམའ་རུ་གཏང་བ་དང་གཤེར་ཚད་མཐོ་རུ་གཏང་བ། རླུང་གི་མྱུར་ཚད་ལ་འགོར་འགྱངས་ཐེབས་པ། ཞིང་ཁའི་རླན་གཤེར་རླངས་པར་འགྱུར་ཚད་ཆུང་དུ་འགྲོ་བ་བཅས་ཡིན།
དེ་རྗེས། ཐན་པ་དགོག་ཐུབ་ཅིང་ཐོན་ལེགས་པའི་སོན་བཟང་གདམ་དགོས་ལ། དེ་ཡང་གྲོ་སོག་ཐུང་བའི་ལོ་ཏོག་གི་ནུས་ཚད་ནི་གྲོ་སོག་འབྲིང་བ་དང་གྲོ་སོག་རིང་བ་གཉིས་ཀྱི་གྲོ་ཞིང་གི་ནུས་ཚད་ལས་ཞན་པ་ཡིན་པས། ཐན་འགོག་གི་ནུས་པ་ཡང་གྲོ་སོག་འབྲིང་བ་དང་གྲོ་སོག་རིང་བ་གཉིས་ཀྱི་གྲོ་ཞིང་ལྟ་བུ་ཞིག་མིན།
མཇུག་ཏུ། གྲོ་ཆུ་སེར་པོ་གདབ་པ་ནི་ཚ་རླུང་དགོག་པའི་བྱ་ཐབས་བཟང་བོ་ཞིག་ཡིན་ལ། འབྲུ་ཤ་ཐོག་མར་རྒྱས་སྐབས་དང་བར་མཚམས་སུ། གྲོ་ཆུ་སེར་པོ་གདབ་ཐུབ་པ་ཡིན་ན། སྙེ་མའི་མིག་བླུག་པ་མགྱོགས་ཤིང་ཐོན་འབོར་ཧ་ཅང་མཐོ་བ་ཡིན།