འཁོར་སྐར།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 15:59ལ་འགྲུབ།

འཁོར་སྐར།

འཁོར་སྐར།
གནམ་རིག་བརྟག་དཔྱད་འཁོར་སྐར་ནི་མིས་བཟོས་པའི་སའི་གོ་ལའི་འཁོར་སྐར་བེད་སྤྱོད་བྱས་ཏེ། རླུང་ཁམས་ཆེན་པོའི་ཆགས་རིམ་གྱི་ཕྱི་རོལ་ནས་སའི་གོ་ལ་དང་རླུང་ཁམས་ཆེན་པོར་གནམ་རིག་བརྟག་དཔྱད་ཀྱི་ཡོ་བྱད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卫星
ཕྱི་ཡིག་གི་མིང་།
Satellite
1 རྒྱས་བཤད།

གནམ་རིག་བརྟག་དཔྱད་འཁོར་སྐར་ནི་མིས་བཟོས་པའི་སའི་གོ་ལའི་འཁོར་སྐར་བེད་སྤྱོད་བྱས་ཏེ། རླུང་ཁམས་ཆེན་པོའི་ཆགས་རིམ་གྱི་ཕྱི་རོལ་ནས་སའི་གོ་ལ་དང་རླུང་ཁམས་ཆེན་པོར་གནམ་རིག་བརྟག་དཔྱད་ཀྱི་ཡོ་བྱད་ཅིག་ཡིན། དེ་ནི་ས་ངོས་དང་བར་ཐག་སྤྱི་ལེ་བརྒྱ་ཕྲག་གམ་སྟོང་ཕྲག  ཐ་ན་ཁྲི་ཕྲག་ཁ་ཤས་ཡོད་པའི་བར་སྣང་མཐོན་པོའི་སྟེང་འཁོར་སྐྱོད་བྱ་བ་ཡིན། སྤྱི་ལོ1960ལོའི་ཟླ4བའི་ཚེས1ཉིན་ཨ་རིས་གནམ་རིག་བརྟག་དཔྱད་འཁོར་སྐར་ཐེངས་དང་པོ་འཕངས་པ་ནས་བཟུང་སུའུ་ལེན་དང་ཉི་ཧོང་། ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁ་ཤས་བཅས་ཀྱིས་སྔ་རྗེས་སུ་གནམ་རིག་བརྟག་དཔྱད་འཁོར་སྐར་འཕངས་པ་ཡིན། རང་རྒྱལ་གྱིས་ཀྱང་སྤྱི་ལོ1989ལོའི་ཟླ9བའི་ཚེས7ཉིན་རླུང་སྤྲིན་ཨང་དང་པོའི་གནམ་རིག་བརྟག་དཔྱད་འཁོར་སྐར་དེ་སྐྱོན་བྲལ་ངང་བར་སྣང་ལ་བཏང་།

གནམ་རིགས་བརྟག་དཔྱད་འཁོར་སྐར་ཐོན་པ་དེས་གནམ་རིག་བྱ་བཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་ཡོད་ཅིང་། མིག་སྔར་གནམ་རིག་བརྟག་དཔྱད་འཁོར་སྐར་དེ་གླིང་སྣེའི་ཁུལ་དང་ཐག་ཉེ་བའི་འཁོར་ལམ་འཁོར་སྐར་དང་མཉམ་བགྲོད་འཁོར་ལམ་འཁོར་སྐར་གཉིས་སུ་དབྱེ་ཡོད། ཡང་གླིང་སྣེའི་འཁོར་ལམ་གནམ་རིག་འཁོར་སྐར་གྱི་ཁྱད་ཆོས་ནི་འཁོར་སྐར་གྱི་འཁོར་ལམ་གནམ་སའི་ངོས་མཉམ་དང་ཐིག་དམར་ངོས་མཉམ་གྱི་འཕྲད་ཟུར་དེ་གཉིས་གླིང་སྣེའི་ཁུལ་གྱི་ཉེ་འདབས་བརྒྱུད་ནས་འགྲོ་བ་ཡིན། འཕྲད་ཟུར་ཧྲེ་ཧྲིའི་དྲོད་ཚད་དགུ་བཅུ་ལས་མཐོན་པོ་ཡོད་པར་ཕྱིར་འཐེན་འཁོར་ལམ་ཞེས་ཟེར། ཕྱིར་འཐེན་འཁོར་ལམ་སྟེང་གི་འཁོར་སྐར་ནི་སའི་གོ་ལའི་རང་འཁོར་རྒྱག་སའི་ཁ་ཕྱོགས་སའི་ཁ་ཕྱོགས་དང་ལྡོག་ཕྱོགས་སུ་ཤར་ནས་ནུབ་ཏུ་འཁོར་སྐྱོད་བྱེད་ཀྱི་ཡོད། འཕྲད་ཟུར་ཧྲེ་ཧྲིའི་དྲོད་ཚད་དགུ་བཅུ་ལས་དམའ་བར་མདུན་སྐྱོད་འཁོར་ལམ་ཟེར། མདུན་སྐྱོད་འཁོར་ལམ་སྟེང་གི་འཁོར་སྐར་ནི་སའི་གོ་ལའི་རང་འཁོར་རྒྱག་སའི་ཁ་ཕྱོགས་དང་མཚུངས་པར་ནུབ་ནས་ཤར་ལ་འཁོར་སྐྱོད་བྱེད་ཀྱི་ཡོད། འཁོར་སྐྱོད་བྱེད་སྟངས་མི་འདྲ་བར་བརྟེན་སའི་གོ་ལའི་སྟེང་གི་ས་ཁུལ་ཚང་མར་འཁོར་སྐར་གྱིས་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད། ད་ལྟ་གནམ་རིག་བརྟག་དཔྱད་འཁོར་སྐར་མང་ཆེ་བ་འཁོར་ལམ་དེའི་སྟེང་འཁོར་སྐྱོད་བྱེད་ཀྱི་ཡོད་མོད། འོན་ཀྱང་གླིང་སྣེའི་འཁོར་ལམ་འཁོར་སྐར་གྱིས་ཉིན་ལྟར་ས་ཁུལ་ག་གེ་མོ་ཞིག་ལ་བརྟག་དཔྱད་ཐེངས་གཉིས་ལས་བྱེད་ཐུབ་ཀྱི་མེད། གནམ་གཤིས་སྣང་ཚུལ་གྱི་བརྒྱུད་རིམ་ཧྲིལ་བོར་བརྟག་དཔྱད་དང་། ཚད་ལེན། རྗེས་འདེད་བཅས་བྱེད་ཐབས་བྲལ། སའི་གོ་ལའི་འཁོར་ལམ་གྱི་གནམ་རིག་བརྟག་དཔྱད་འཁོར་སྐར་གྱི་གོང་གི་མི་འདང་བའི་ཆ་དེར་ཁ་གསབ་ངེས་ཅན་བྱེད་ཀྱི་ཡོད་པས། དེ་ནི་གནམ་རིག་བརྟག་དཔྱད་འཁོར་སྐར་ནང་གི་དགེ་མཚན་ཅུང་ཆེ་བའི་རིགས་གཅིག་ཡིན། མཉམ་བགྲོད་འཁོར་སྐར་ནི་ས་ངོས་དང་བར་ཐག་སྤྱི་ལེ་སུམ་ཅུ་སོ་ལྔ་དང་གྲངས་ཆུང་བརྒྱད་ཡོད་པའི་ཐིག་དམར་སྟེང་གནས་ཡོད། སའི་གོ་ལར་བསྐོར་བ་ཐེངས་གཅིག་རྒྱག་པར་ཆུ་ཚོད་ཉི་ཤུ་ཉེར་བཞི་དགོས་ཀྱི་ཡོད་པ་དེ་སའི་གོ་ལས་རང་འཁོར་ཐེངས་གཅིག་བྱེད་པའི་དུས་ཚོད་དང་མཚུངས་ཀྱི་ཡོད་པས། ས་ངོས་སྟེང་ནས་བལྟས་ན་འཁོར་སྐར་དེ་ལྟོས་བཅས་ཀྱི་ཐིག་དམར་གྱི་མཁའ་ངོས་ལས་འགྱུར་མེད་རང་སོར་གནས་པ་དང་མཚུངས། མཉམ་བགྲོད་གནམ་རིག་བརྟག་དཔྱད་འཁོར་སྐར་གྱིས་སྐར་མ་ཉི་ཤུ་ནས་སུམ་ཅུ་ཡས་མས་ལ་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་དུང་ཕྱུར་གཅིག་གི་སྤྲིན་རིས་དཔྱད་ཡིག་དཔར་ལེན་ཐུབ་པ་དང་། གལ་ཏེ་དགོས་མཁོ་ཡོད་ན་བརྟག་དཔྱད་བྱ་རྒྱུའི་དུས་ཚོད་ཐུང་དུ་གཏང་ཆོག་པ་དང་། བརྟག་དཔྱད་བྱ་རྒྱུའི་གྲངས་ཚད་མང་དུ་གཏང་ཆོག

གནམ་རིག་བརྟག་དཔྱད་འཁོར་སྐར་གྱིས་སའི་གོ་ལ་དང་རླུང་ཁམས་ཆེན་པོར་མཐོ་ས་ནས་དམའ་སར་བརྟག་དཔྱད་བྱེད་ཀྱི་ཡོད་པར་བརྟེན་དེ་ནི་བར་སྣང་སྟེང་གི་གནམ་རིག་ས་ཚུགས་ཡག་པོ་ཞིག་ཡིན་པ་དང་། དེས་ལས་འགན་གྲུབ་ཐུབ་པའི་ནུས་པ་ལྟ་བུ་བརྟག་དཔྱད་བྱ་ཐབས་གཞན་དག་གང་ཞིག་གིས་ཀྱང་བསྡུར་ཐུབ་ཀྱི་མེད། ལྷག་པར་དུ་མཚོ་ཆེན་པོ་དང་རི་མཐོན་པོ། གླིང་སྣེའི་ས་ཁུལ། བྱེ་ཐང་། དེ་བཞིན་མི་ཉུང་བའི་ས་ཁུལ་དུ་བརྟག་དཔྱད་བྱས་ཏེ་དཔྱད་གཞི་བསྡུ་ལེན་བྱ་རྒྱུ་སོགས་ཀྱི་ཐད་གནམ་རིག་བརྟག་དཔྱད་འཁོར་སྐར་ནི་ཨང་དང་པོ་ཡིན། དེ་སྔ་མི་ཚོས་རྩིས་རྒྱག་བྱས་པར་གནམ་རིག་བརྟག་དཔྱད་འཁོར་སྐར་ནས་དཔལ་འབྱོར་ཕན་འབྲས་ལོ་རེར་ཨ་རིའི་ཊོ་ལ་དུང་ཕྱུར་བཅུ་ཡན་ཡོང་གི་ཡོད་པ་རེད།

མདོར་ན། གནམ་རིག་བརྟག་དཔྱད་འཁོར་སྐར་ནི་བརྟག་དཔྱད་བྱེད་སའི་ལས་སྟེགས་གསར་བ་ཞིག་ཡིན་པ་དང་། བརྟག་དཔྱད་བྱེད་ཐུབ་པའི་རྣམ་གྲངས་མང་ལ་གནམ་རིག་ལ་ཞིབ་འཇུག་བྱ་རྒྱུའི་རིན་ཐང་ཆེ་བ་བཅས་སྐྱེ་སྟོབས་ཀྱི་ནུས་པ་ཤུགས་ཆེན་ལྡན་ཡོད། མིག་སྔར་གནམ་རིག་འཁོར་སྐར་གྱི་དཔྱད་གཞི་གཙོ་བོ་གནམ་གཤིས་ལ་དབྱེ་ཞིབ་དང་། མཁའ་སྐྱོད་གནམ་རིག  རྒྱ་མཚོའི་གནམ་རིག  ཞིང་ལས་གནམ་རིག  དམག་དོན་གནམ་རིག  ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན། མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པ། ཞིང་ལས་ཐོན་འབོར་སྔོན་དཔག་བྱ་རྒྱུ། ནགས་ཚལ་མེ་ཟོན་ལྟ་ཞིབ་བྱ་རྒྱུ་བཅས་ཀྱི་ཐད་དང་། གནམ་རིག་ཚན་རིག་ཞིབ་འཇུག་བྱ་རྒྱུ་སོགས་ཀྱི་ཐད་སྤྱོད་ཀྱི་ཡོད། གནམ་རིག་བརྟག་དཔྱད་འཁོར་སྐར་ཐོན་པ་དེས་གནམ་རིག་ཚན་རིག་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་གྱི་འཛུགས་སྐྲུན་བྱ་བཞག་ལ་འཕེལ་རྒྱས་འགྲོ་རྒྱུ། སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་བཅས་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད།