མེ་བཙའ། སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-01-28 16:03ལ་འགྲུབ།

མེ་བཙའ།

མེ་བཙའ་ཟེར་བ་ནི་ན་ཟུག་ཡོད་ས་དང་། ཡང་ན་རྟེན་འབྲེལ་གྱི་གསང་ངམ་དེ་མིན་ཚིགས་པ་སོགས་ཀྱི་རང་གསང་ཁག་ལ་སྤྲ་མེ་སོགས་རྒྱག་པའི་ཐབས་ཤེས་ལ་བརྟེན་ནས་བཅོས་དཀའ་བའི་ནད་གཞི་ཁག་གཅིག་གསོ་བཅོས་བྱེད་པའི་ཐབས་ལ་ཟེར།
1 སྤྲ་བ་བཟོ་ལུགས།   

སྤྲ་བ་ནི་སྟོན་ཟླ་གསུམ་གྱི་དུས་གསུམ་བཟང་ནང་བཏུ་དགོས་ཤིང་། སྤྲ་བ་ལེགས་པར་སྐམ་རྗེས་རྡོ་འཇམ་པོའམ་དབྱུག་པས་དུམ་བུར་མ་ཆད་པར་བརྡུངས་ནས་ཁུ་ལུ་ལྟར་ཆགས་རྗེས་སྤྲ་ཤིག་དང་ཐལ་རྡུལ་རྣམས་མེད་པར་བཟོས་རྗེས། ཟྭ་ཤིང་སྐམ་པོའི་མེར་སྤྲ་བའི་སྤུ་སྙིགས་རྣམས་བསྲེགས། ཟྭ་ཤིང་གི་འཚིག་རོ་དང་སྤྲ་བ་མཉམ་དུ་འཕུར་མཉེས་ལེགས་པར་བཏང་སྟེ་སྤྲ་བའི་མདོག་ནག་ལ་བསྒྲིལ་བདེ་ཞིང་མེ་ལེན་སླ་བ་ཞིག་བྱེད་དགོས།

2 མེ་བཙའ་རུང་བའི་ནད་གཞི།

མེ་བཙའ་རུང་བའི་ནད་གཞི་ནི་མ་ཞུ་བ་དང་། ཕོ་བའི་མེ་དྲོད་ཉམས་པ། སྐྱ་རྦབ། དམུ་ཆུ་གྲང་བ་ཅན། གྲང་རླུང་ཤས་ཆེ་བའི་སྐྲན་གྱི་རིགས། གྲང་མཁྲིས། མགོ་དང་ཡན་ལག་གི་ཆུ་སེར། ཤ་འབྲས་རུས་འབྲས་སོགས་འབྲས་ནད་རིགས། ལྷོག་པ། སྟོངས་པའི་ཚ་བ། སྨྱོ་བྱེད་དང་རྗེད་བྱེད་ཀྱི་གདོན་དང་། རྩ་ཐམས་ཅད་དང་། ཚ་བའི་རྗེས་ཕལ་ཆེར་ལ་མེས་བཅོས། མདོར་ན་བད་ཀན་དང་རླུང་ལས་གྱུར་བའི་གྲང་བའི་ནད་རིགས་ཀུན་དང་། ཁྱད་པར་རྩ་དཀར་ནག་གི་ནད། ཆུ་སེར་གྱི་ནད་ཐམས་ཅད་མེ་བཙས་བསྲེགས་པར་བསྔགས།

3 མེ་བཙའ་མི་རུང་བའི་ནད་གཞི།      

མེ་བཙའ་མི་རུང་བ་ནི་མཁྲིས་ཚད་དང་ཁྲག་ནད་ཐམས་ཅད་དང་། གནས་དབང་པོའི་སྒོ་སྟེ་མིག་འབྲས་གཉིས་དང་སྣ་བུག་གཉིས། མདོ་རུས་སྟེང་གི་ཕོ་མོའི་སྲིད་རྩ་བཅས་ལ་སྤང་བར་བྱ།

4 གདབ་དམིགས།

མེ་བཙའི་གདབ་དམིགས་ལ་ནད་ཀྱིས་ཚུལ་བསྟན་པ་དང་སྨན་པས་ཕར་བཙལ་བའི་གདབ་དམིགས་གཉིས་ཡོད། ནད་ཀྱིས་ཚུལ་བསྟན་པའི་གདབ་དམིགས་ནི་ན་བའི་གཟེར་དམིགས་གང་ཡོད་སར་མཛུབ་མོ་སོགས་ཀྱིས་མནན་ན་ཕན་སྙམ་བྱེད་པའི་ཤུལ་དུ་མེས་བསྲེགས་པ་ལ་གོ  སྨན་པས་ཕར་བཙལ་བ་ཞེས་པ་ནི་དོན་སྣོད་ཀྱི་གསང་དམིགས་ཏེ་དེ་ཡང་གཙོ་བོར་རྒྱབ་ཀྱི་ཨན་སྟོང་ཚིགས་པ་དང་པོ་ནས་ཉི་ཤུའི་བར་གྱི་རྒྱབ་གསང་ཉི་ཤུ་དང་། སྐེ་སྟོང་ཙ་ར་ཁུང་སོགས་མདུན་གསང་ཉེར་གཉིས། མིག་གི་འགྲིབ་གསང་བཞི་སོགས་མཛུབ་ཚིགས་ཀྱི་གསང་དྲུག་ཡོད་པ་དེ་ལ་བྱ།

5 གདབ་ཐབས།

མེ་བཙའི་གདབ་ཐབས་ལ་བཙོ་བ་དང་བསྲེག་པ། བསྲོ་བ་དང་བསྡིག་པ་བཅས་བཞི་ཡོད། བཙོ་བ་ནི་འབྲས་སྐྲན་སོགས་ནད་ཚབས་ཆེ་བ་ལ་གནས་གཅིག་གི་སྟེང་མེ་ཐེངས་ཉི་ཤུ་ཡན་གདབ་པ་དང་། བསྲེག་པ་ནི་བད་ཀན་སྐྱ་བོ་དང་ཆུ་སེར་གྱི་ནད་སོགས་མེ་ཐེངས་བཅོ་ལྔ་ཙམ་གྱིས་བསྲེག བསྲོ་བ་ནི་རླུང་ནད་དང་གྲང་སྲིན་གྱི་ནད་སོགས་མེ་ཐེངས་ལྔའམ་བདུན་གྱིས་གོང་བཞིན་བསྲོ། སྡིག་པ་ནི་ལོ་བརྒྱད་མན་ཆད་ཀྱི་བྱིས་པར་སྤྲ་བ་སྲན་མ་ཙམ་གྱི་ཚུགས་རེས་ཚོས་པར་མི་བསྲེག་པར་སྡིགཔ་སྟེ་དངངས་པའམ་འཇིག་པ་བསྐྱེད་ཙམ་བསྲེག་པར་བྱ།

6 མེ་བཙའི་ཕན་ཡོན།

མེ་བཙའི་ཕན་ཡོན་ནི་རྩའི་འབྲོས་འཕྲང་འགེགས་པར་བྱེད་ཅིང་། ལུས་ཀྱི་སྟོད་སྨད་ཕྱི་ནང་གི་གསང་དུ་ནད་བབས་པའི་ཨ་ན་ཨ་ཚའི་ན་ཟུག་གང་ཡོད་འཕྲལ་དུ་གཅོག་པ་དང་། ཁ་ཟས་རིགས་མ་ཞུ་བ་འཇུ་ཞིང་ལྷེན་སྐྲན་དུ་འདྲིལ་བ་བཤིག་བྱེད་པ། འབྲས་དང་རྨ་རྒན་གྱི་ཤ་རོ་ངན་པ་རྣམས་གཅོད་ལ་སྐྲངས་པའི་མགོ་གནོན་ཅིང་ཆུ་སེར་རྣམས་ཕྱིར་འདྲེན་པའམ་ཡང་ན་རང་སོར་སྐམ་ནས་ཡར་མར་རྒྱུ་བའི་སྒོ་སྡོམ་པ་དང་དོན་སྣོད་ཀྱི་ཐིགས་སྒོ་བསྲུང་ཞིང་ཕོ་བའི་མེ་དྲོད་བསྐྱེད་པ། དྲན་པ་གསལ་བར་འགྱུར་བ་ལ་སོགས་གསོ་དཔྱད་གཞན་གྱིས་བཅོས་རྡུགས་པ་ཕལ་ཆེར་མེ་བཙས་གསོ་བར་བྱེད་དོ།།

7 ཕྱི་རྗེས།

མེ་བཙའ་གདབ་རྗེས་ཉིན་དེའི་ནུབ་མོ་ཆུ་མི་བཏུང་བ་སྟེ། གྲང་བའི་ལས་མི་བྱེད་པར་གལ།