རང་བཞིན་བརྗོད་པའི་རྒྱན།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2016-01-27 11:19ལ་འགྲུབ།

རང་བཞིན་བརྗོད་པའི་རྒྱན།

རང་བཞིན་བརྗོད་པའི་རྒྱན།
དོན་རྒྱན་སོ་ལྔའི་ནང་གསེས་དང་པོ་རང་བཞིན་བརྗོད་པའི་རྒྱན་ནི་བརྗོད་བྱའི་དངོས་པོ་གང་རུང་གི་རིགས་དང་། བྱ་བ། ཡོན་ཏན། རྫས་བཅས་བཞི་པོ་གང་ཡང་རུང་བའི་ཁྱད་གཞི་དེའི་གནས་སྐབས་གཅིག་ཙམ་མ་ཡིན་པར་རྣམ་པ་སྣ་ཚོགས་པའི་སྒོ་ནས་དེ་ལས་གཞན་དུ་སྒྲོ་མ་བཏགས་པར་གནས་ཚུལ་དྲང་པོར་བརྗོད་པ་གང་ཡིན་པ་དེའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
直叙修饰法
རྣམ་གྲངས།
རིགས་རང་བཞིན་བརྗོད་པ། བྱ་བའི་རང་བཞིན་བརྗོད་པ། ཡོན་ཏན་རང་བཞིན་བརྗོད་པ། རྫས་རང་བཞིན་བརྗོད་པ།
1 ​རང་བཞིན་བརྗོད་པའི་རྒྱན་གྱི་ངོ་བོ།

དངོས་པོའི་རང་བཞིན་གནས་སྐབས་སོགས།།

གང་ཡིན་དེ་ལས་གཞན་དུ་ནི།།

སྒྲོ་འདོགས་མེད་པར་དྲང་པོ་རུ།།

བརྗོད་པ་རང་བཞིན་བརྗོད་པའི་རྒྱན།།

བརྗོད་བྱའི་དངོས་པོ་གང་གི་རིགས་དང་། བྱ་བ། ཡོན་ཏན། རྫས་བཅས་བཞི་པོ་གང་ཡང་རུང་བའི་ཁྱད་གཞི་དེའི་གནས་སྐབས་གཅིག་ཙམ་མ་ཡིན་པར་རྣམ་པ་སྣ་ཚོགས་པའི་སྒོ་ནས་དེ་ལས་གཞན་དུ་སྒྲོ་མ་བཏགས་པར་གནས་ཚུལ་དྲང་པོར་བརྗོད་པ་གང་ཡིན་པ་དེ་ནི་རང་བཞིན་བརྗོད་པའི་རྒྱན་ཞེས་བྱ་བ་ཡིན་ནོ།།

2 རང་བཞིན་བརྗོད་པའི་རྒྱན་གྱི་དབྱེ་བ།

དབྱེ་བ་རིགས་དང་བྱ་བ་དང་།།

ཡོན་ཏན་རྫས་དང་བཞི་རུ་འདོད།།

རང་བཞིན་བརྗོད་པའི་རྒྱན་དེ་ཡང་ནང་གསེས་མི་འདྲ་བའི་དབྱེ་བ་ནི། རིགས་རང་བཞིན་བརྗོད་པའི་རྒྱན་དང་། བྱ་བ་རང་བཞིན་བརྗོད་པའི་རྒྱན་དང་། ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་དང་། རྫས་རང་བཞིན་བརྗོད་པའི་རྒྱན་བཅས་རྣམ་པ་བཞིར་འདོད་པ་ཡིན་ནོ།།

3 རིགས་རང་བཞིན་བརྗོད་པའི་རྒྱན།

རིགས་སྤྱིའི་ཆོས་རྣམས་དྲང་པོར་བརྗོད།།

རིགས་ཀྱི་རང་བཞིན་བརྗོད་པར་འདོད།།

རིགས་མཐུན་གྱི་དངོས་པོ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་འགའ་ཞིག་སྔོན་དུ་བཀོད་ནས། ཁྱད་ཆོས་དེ་ལྡན་གྱི་ཁྱད་གཞི་སྤྱི་ཙམ་ཞིག་དངོས་སུ་བརྗོད་པའི་ཤུགས་ལ་ཁྱད་གཞི་དེ་དང་མཚུངས་པའི་རིགས་ཅན་གཞན་ལ་ཡང་ཁྱད་ཆོས་དེ་དག་ཡོད་པར་གོ་ནུས་པ་ཞིག་སྟེ། དཔེར་ན། མེ་ལ་ཚ་བ་དང་། ཆུ་ལ་གཤེར་བ། ཤིང་ལ་ཡལ་ག་ལོ་འདབ་དང་ལྡན་པ་སོགས་དངོས་པོ་དེའི་ཆོས་ཉིད་དང་རང་བཞིན་གསལ་བོར་བརྗོད་པ་ལྟ་བུ།

དེའི་མཚན་གཞི་དཔེར་བརྗོད་རྩ་བ་ལས་གསུངས་པ།

མཆུ་ནི་དམར་ཞིང་གུག་པ་དང་།།

གཤོག་པ་ལྗང་ཞིང་མཉེན་པ་དང་།།

མགྲིན་པ་ཁ་དོག་གསུམ་ཕྲེང་ཅན།།

ནེ་ཙོ་འདི་དག་ཚིག་འཇམ་ལྡན།།

གང་གི་མཆུ་ནི་ཁ་དོག་དམར་ཞིང་དབྱིབས་གུག་པ་དང་། གཤོག་པ་ལྗང་ཞིང་འཇམ་ལ་མཉེན་པ་དང་། མགྲིན་པ་ན་དཀར་སྔོ་དམར་བའི་ཁ་དོག་གསུམ་གྱི་ཕྲེང་བ་ཅན་ནེ་ཙོ་འདི་དག་ཚིག་འཇམ་པོར་སྨྲ་བའི་སྒྲ་དང་ལྡན་པ་ཡིན་ནོ།། ཞེས་གོང་གསལ་གྱི་ཁྱད་ཆོས་དེ་དག་དང་ལྡན་པའི་རིགས་ནེ་ཙོ་ཞེས་པའི་སྒྲ་དང་། རིགས་ཅན་གྱི་སྒྲ་འདི་དག་ཅེས་དངོས་སུ་བརྗོད་དེ།  ཚིག་འཇམ་ལྡན་ཞེས་ངོ་བོ་གསལ་བར་བརྗོད་པ་ལྟ་བུའོ།།   

4 བྱ་བའི་རང་བཞིན་བརྗོད་པའི་རྒྱན།

བྱ་བ་གཙོར་སྟོན་དྲང་པོའི་ངག །

བྱ་བའི་རང་བཞིན་བརྗོད་པར་འདོད།།

ཁྱད་གཞི་བྱེད་པ་པོ་དངོས་སུ་སྟོན་པའི་སྒོ་ནས་དེས་བྱ་བ་བཟང་ངན་གང་བྱས་པ་རྣམས་དྲང་པོར་བརྗོད་པ་ཞིག་ལ་བྱ་བའི་རང་བཞིན་བརྗོད་པའི་རྒྱན་ཞེས་བྱ་སྟེ། དེའི་མཚན་གཞིའི་དཔེར་བརྗོད་རྩ་བ་ལས་གསུངས་པ།

མགྲིན་པའི་ནང་ནས་སྙན་སྒྲོགས་ཤིང་།།

མིག་ནི་ཀུན་ཏུ་འཁྲུལ་བ་ཡི།།

ཕུག་རོན་རྩེ་འདོད་དགའ་མ་ལ།།

ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར།།

ཞེས་པ་སྟེ། གོ་དོན་ནི། གང་གི་མགྲིན་པའི་ནང་ནས་ཅུང་མི་གསལ་བའི་སྒྲ་སྙན་པོར་སྒྲོགས་ཤིང་ཆགས་པས་མྱོས་པའི་མིག་ནི་ཀུན་ཏུ་འཁྲུལ་ཞིང་གཡོ་བ་ཡི་ཕུག་རོན་ནི། རྩེ་ཞིང་དགའ་བར་འདོད་པས་རང་གི་དགའ་མ་ལ་ཡོངས་སུ་བསྐོར་ནས་ཕན་ཚུན་མཆུ་དག་སྦྱོར་བར་བྱེད་དོ།། ཞེས་པར། བྱེད་པ་པོ་ནི་ཕུག་རོན། བྱ་བ་ནི་མགྲིན་པའི་ནང་ནས་སྐད་མ་གསལ་བར་སྒྲོགས་པ་དང་། མིག་གཡོ་ཞིང་འཁྲུལ་བ། དགའ་མར་བསྐོར་ཏེ་མཆུ་སྦྱོར་བ་བཅས་སྟོན་པ་ལྟ་བུའོ།།  

5 ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།

ཡོན་ཏན་གཙོར་སྟོན་དྲང་པོའི་ངག །

ཡོན་ཏན་རང་བཞིན་བརྗོད་ཅེས་བྱ།།

ཁྱད་གཞི་གང་ལ་བརྟེན་ནས་བྱུང་བའི་ཡོན་ཏན་ནམ་ཁྱད་ཆོས་གཙོ་བོར་བརྗོད་པ། དཔེར་ན། ཉི་འོད་ཕོག་པ་ལས་མེ་ཏོག་འདབ་མ་ཁ་ཕྱེ་བ་དང་། ཚེར་མ་ཟུག་པ་ལས་ན་ཟུག་བསྐྱེད་པར་སྟོན་པ་ལྟ་བུ་ཞིག་ལ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་ཞེས་བྱ་བ་ཡིན་ཏེ།  དེའི་མཚན་གཞི་དཔེར་བརྗོད་རྩ་བ་ལས་གསུངས་པ།

དགའ་མ་ཡིས་ནི་རེག་པ་འདིས།།

ལུས་ལ་སྤུ་ལོང་རྒྱས་པ་དང་།།

ཡིད་ནི་བདེ་བར་བྱེད་པ་དང་།།

མིག་དག་ཟུམ་པར་བྱེད་ཅིང་འཇུག །

ཅེས་པ་སྟེ། དགའ་མ་སྟེ་ཡིད་དུ་འོང་བའི་བུད་མེད་ལ་རེག་པ་འདིས་འཁྱུད་པ་པོའི་ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་ནི་ཚོར་བ་བདེ་བས་སིམ་པར་བྱེད་པ་དང་། ཆགས་པའི་མྱོས་པའི་མིག་དག་ཀྱང་ཟུམ་པར་བྱེད་ཅིང་འཇུག་གོ། ཞེས་དགའ་མའི་ལུས་ཀྱི་རེག་བྱའི་ཡོན་ཏན་ཁྱད་གཞི། ཁྱད་ཆོས་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་བདེ་བར་བྱེད་པ། མིག་ཟུམ་པར་བྱེད་པ་སོགས་གནས་སྐབས་ཀྱི་ཡོན་ཏན་སྣ་ཚོགས་དངོས་སུ་དྲང་པོར་བརྗོད་པ་ལྟ་བུ་ཡིན། སྐབས་འདིར་ཡོན་ཏན་ཞེས་པ་སྐྱོན་དང་ཡོན་ཏན་གཉིས་སུ་ཕྱེ་བའི་ཡོན་ཏན་དང་། འདོད་པའི་ཡོན་ཏན་ལྔ་ཙམ་ལ་བྱས་ན་ཁྱབ་ཆུང་ཞིང་། འགའ་ཞིག་ཆུ་བོ་ཐུར་དུ་འབབ་པ་དང་། མེ་གྱེན་དུ་འབར་བ་སོགས་དངོས་པོའི་གཤིས་ལུགས་ལ་ངོས་འཛིན་པ་ཡོད་ཀྱང་། དེ་ལྟར་ན། རིགས་ཀྱི་རང་བཞིན་བརྗོད་པའི་རྒྱན་དང་དབྱེ་བ་འབྱེད་མི་ཐུབ་པར་སྣང་བས། དེས་ན་རང་ལུགས་ལ་དངོས་པོ་དེའི་བྱེད་ལས་སམ་ནུས་པ་དྲང་པོར་སྟོན་པ་ཞིག་ལ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་དང་། དངོས་པོ་དེའི་རང་བཞིན་དང་གཤིས་ལུགས་དྲང་པོར་བརྗོད་པ་ལ་རིགས་ཀྱི་རང་བཞིན་བརྗོད་པའི་རྒྱན་དུ་བཞག་ན་ལེགས་སོ།།    

6 རྫས་རང་བཞིན་བརྗོད་པའི་རྒྱན།

རྫས་ཀྱི་དངོས་པོ་དྲང་པོར་བརྗོད།།

རྫས་བརྗོད་རང་བཞིན་རྒྱན་ཞེས་བྱ།།

ཁྱད་གཞི་གང་གི་ངོ་བོ་དང་ནུས་པ་གང་ཡང་མི་སྟོན་པར་ཁྱད་གཞི་གང་དང་འབྲེལ་བའི་རྫས་ཀྱི་དངོས་པོ་ཙམ་སྟོན་པ་ཞིག་སྟེ། དེའི་མཚན་གཞི་དཔེར་བརྗོད་རྩ་བ་ལས་གསུངས་པ།

མགྲིན་སྔོན་ལག་ན་ཐོད་པ་ནི།།

གནས་པ་ཟླ་བའི་ཅོད་པན་དང་།།

སྣུམ་ཞིང་དམར་བའི་རལ་བ་ཅན།།

ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་འགྱུར།།(གསལ་བར་འགྱུར)

ཅེས་པ་སྟེ། གོ་དོན་ནི། གང་གི་མགྲིན་པ་ནི་དུག་གིས་སྔོན་པོར་གྱུར་པ་དང་། ལག་པ་ན་དུར་ཁྲོད་ཀྱི་ཐོད་པ་གནས་པ་སྟེ་ཐོགས་ཤིང་། རལ་བའི་རྩེར་ཟླ་བའི་ཅོད་པན་འཆང་བ་དང་། སྣུམ་ཞིང་ཁ་དོག་དམར་བའི་མདངས་དང་ལྡན་པའི་རལ་བ་ཅན། ཁྱུ་མཆོག་གི་མགོ་བོའི་ཏོག་ཡོད་པའི་རྒྱལ་མཚན་འཆང་བས་ན་ཁྱུ་མཆོག་རྒྱལ་མཚན་ཅན་དེ་ཉིད་འཁྲུངས་པ་སྟེ་བྱུང་བར་འགྱུར་ཏོ།།  ཞེས་ཁྱད་གཞི་དབང་ཕྱུག་དང་། ཁྱད་ཆོས་དེའི་ལག་ན་ཡོད་པའི་ཐོད་པ་སོགས་རྫས་ཀྱི་དངོས་པོ་ཙམ་ཞིག་བརྗོད་པ་ལྟ་བུའོ།།  

བརྡ་འགྲེལ་གདོང་འཛར།

རྩོམ་རིག རྩོམ་རིག་གཞུང་ལུགས།