ཧྲན་ལའོ་ཙོ་ཏིག་ནི《ཐན་ཧྥང་མཚན་གླེང》ངམ《ཞག་མ་སྟོང་རྩ་གཅིག》ཁྲོད་ཀྱི་མི་སྣ་གཙོ་བོ་ཞིག་ཡིན། གནའ་སྔ་མོར་ས་སིང་རྒྱལ་ཁབ་ཀྱི་རྒྱལ་པོ་ལི་ཡ་འར་གྱིས་རང་གི་བཙུན་མོས་རང་ལ་ཁྲེལ་མེད་བྱས་པ་ཤེས་རྗེས་བཙུན་མོ་དང་འབྲེལ་བའི་མི་ཚང་མ་བསད་པ་མ་ཟད། དུས་དེ་ནས་བཟུང་བུད་མེད་རྣམས་ལ་སྙིང་ནད་རྩོད་སླད་ཁོས་ཉིན་གཅིག་ལ་བཙུན་མོ་གཅིག་རེ་བསུས་ཏེ་ཕྱི་ཉིན་སྔ་མོར་སྲོག་ཆད་བཅད། ཁོའི་རྩུབ་སྤྱོད་དེས་མངའ་འབངས་རྣམས་ལ་སྙིང་འདར་བའི་གནས་སུ་བསྐྱལ་བས། ཧྲན་ལའོ་ཙོ་ཏིག་གིས་བུད་མེད་གཞན་རྣམས་སྐྱོབ་ཆེད་དང་ས་སིང་རྒྱལ་ཁབ་ཀྱི་རྒྱལ་པོ་ལི་ཡ་འར་གྱི་གདུག་རྩུབ་ཅན་གྱི་གཤིས་ཀ་བཅོས་བསྒྱུར་བྱ་ཆེད་མོ་རང་ཉིད་རྒྱལ་པོར་བློས་གཏོང་རྒྱུར་སེམས་ཐག་བཅད། མོས་མཚན་མོ་རེ་རེར་ཡིད་དབང་འགུག་པའི་གཏམ་རྒྱུད་བཤད་ནས་རྒྱལ་པོའི་བློ་ཁ་བཀུགས་པ་དང་། མཐར་རྒྱལ་པོ་ལའང་སེམས་འགུལ་ཐེབས་ཏེ་མོ་རང་སྲོག་ཐར་དུ་བཏང་བར་མ་ཟད་ཚེ་གང་གི་བཟའ་ཟླར་བསུས་ཤིང་། ས་སིང་རྒྱལ་ཁབ་ཀྱང་དུས་དེ་ནས་བཟུང་བྱ་བ་ལམ་འགྲོ་ཡོང་སྟེ་མངའ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་འཚོ་བར་རོལ།
ངག་རྒྱུན་ལྟར་ན་གནའ་སྔ་མོར་ས་སིང་ཞེས་པའི་རྒྱལ་ཁབ་ཅིག་ཡོད། རྒྱལ་ཁབ་དེའི་རྒྱལ་པོ་ལི་ཡ་འར་ནི་རང་གཤིས་གདུག་རྩུབ་ཅན་ཞིག་ཡིན། རྒྱལ་པོས་རང་གི་བཙུན་མོས་རང་ལ་ཁྲེལ་མེད་བྱས་པ་ཤེས་རྗེས་བཙུན་མོ་དང་འབྲེལ་བའི་མི་ཚང་མ་གསོད་ཡག་བྱས། དུས་དེ་ནས་བཟུང་བུད་མེད་རྣམས་ལ་སྙིང་ནད་རྩོད་སླད་ཁོས་ཉིན་གཅིག་ལ་བཙུན་མོ་གཅིག་རེ་བསུས་ཏེ་ཕྱི་ཉིན་སྔ་མོར་སྲོག་ཆད་བཅད། ཁོའི་རྩུབ་སྤྱོད་དེ་མངའ་འབངས་རྣམས་ལ་གླེང་ན་སྙིང་འདར་བའི་གནས་སུ་བསྐྱལ་ཞིང་ན་ཆུང་མ་རྣམས་ཡང་མིན་ན་དེ་ལྟར་རང་སྲོག་ཤོར། ཡང་མིན་ན་གནས་གཞན་དུ་བྲོས་བྱོལ་བྱས་ཏེ་གྲོང་ཁྱེར་ཧྲིལ་བོ་ཁང་སྟོང་དུ་བསྒྱུར། རྒྱལ་པོ་ལ་བཙུན་མོ་འཚོལ་བའི་འགན་ཁུར་མཁན་གྱི་བློན་ཆེན་དུས་རྒྱུན་རྒྱལ་པོར་དབུལ་རྒྱུའི་ན་ཆུང་མ་རེ་ལག་ཏུ་མ་སོན་པར་ཅི་བྱ་གཏོལ་མེད་དུ་གྱུར་འདུག ཉིན་ཞིག་ལ་ན་ཆུང་མ་ཞིག་ཕར་ཞོག ཐ་ན་གྲིབ་མ་ཙམ་ཡང་མ་མཐོང་བས་རྒྱལ་པོར་འགན་སྤྲོད་ཐབས་བྲལ་བས་བློན་པོ་སེམས་འཚབ་སྟེ་ལྕགས་དྲ་ནང་གི་གཅན་གཟན་ལྟར་གྱུར་དུས། ཁོའི་བུ་མོ་ཧྲན་ལའོ་ཙོ་ཏིག་ཅེས་པས་བུད་མེད་གཞན་རྣམས་སྐྱོབ་ཆེད་རང་ཉིད་རྒྱལ་པོར་བློས་གཏོང་རྒྱུར་སེམས་ཐག་བཅད། བློན་པོ་ལ་ཡང་ཐབས་ཟད་དེ་བུ་མོ་ཕོ་བྲང་དུ་མི་སྐྱེལ་ཀ་མེད་བྱུང་། བུ་མོ་ཧྲན་ལའོ་ཙོ་ཏིག་གིས་མཚན་མོ་རེ་རེར་ཡིད་དབང་འགུག་པའི་གཏམ་རྒྱུད་བཤད་ནས་རྒྱལ་པོའི་བློ་ཁ་བཀུགས། དུས་རྒྱུན་གཏམ་རྒྱུད་བཤད་ནས་ཆེས་ཉན་ན་འདོད་དུས་ནམ་ཡང་ལངས་པས་རྒྱལ་པོས་གཏམ་རྒྱུད་དེའི་མཇུག་ལ་ཉན་ཆེད་གནས་སྐབས་ཙམ་ལ་མོ་ཉིད་སྲོག་ཐར་དུ་བཏང་། རྒྱལ་པོས་ཉིན་དཀར་རྒྱལ་ཁབ་ཀྱི་བྱ་བ་གང་མང་ཞིག་ལ་ལག་བརྒྱུད་དགོས་ཤིང་དགོང་མོར་མུ་མཐུད་དུ་ཧྲན་ལའོ་ཙོ་ཏིག་གིས་བཤད་པའི་གཏམ་རྒྱུད་ལ་ཉན། མོས་དེ་ལྟར་མཚན་མོ་ནས་མཚན་མོ་མཐུད་དེ་ཞག་མ་སྟོང་རྩ་གཅིག་ལ་བཤད། མཐར་རྒྱལ་པོ་ལའང་སེམས་འགུལ་ཐེབས་ཏེ་མོ་རང་སྲོག་ཐར་དུ་བཏང་བར་མ་ཟད་ཚེ་གང་གི་བཟའ་ཟླར་བསུས། ས་སིང་རྒྱལ་ཁབ་ཀྱང་དུས་དེ་ནས་བཟུང་བྱ་བ་ལམ་འགྲོ་ཡོང་སྟེ་མངའ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་འཚོ་བར་རོལ།
ཧྲན་ལའོ་ཙོ་ཏིག་གིས་བཤད་པའི་གཏམ་རྒྱུད་དེ་རྣམས་རྣར་སྙན་ཞིང་ཡིད་དབང་འགུག་པ་ཞིག་ཡིན། དཔེར་ན《པ་སོ་ལའི་དངུལ་མགར་ཧ་སང་གི་གཏམ་རྒྱུད》ལྟ་བུར་མཚོན་ན་བྱུང་རིམ་ཁྱད་དུ་མཚར་བའི་མི་ལྷ་མཛའ་འབྲེལ་གྱི་གཏམ་རྒྱུད་ཅིག་ཡིན། དངུལ་མགར་ཧ་སང་གིས་གསེར་བཙོ་སྦྱང་བྱེད་ཐབས་བསླབ་བསམ་ཡང་གཞན་གྱིས་རི་རྒོད་ཅིག་གི་སྟེང་མགོ་གཡོག་སྟེ་ཁྲིད། དེ་རུ་སྡུག་ལ་གཏད་དྲགས་ཏེ་གཡང་དུ་མཆོངས་མོད་མ་བསམ་ས་ནས་གཞིས་ཀ་ཆེན་པོ་ཞིག་གི་ནང་དུ་རླུང་ལྟར་ལྷུང་ནས་དེ་རུ་སྲས་མོ་བདུན་དང་ཕྲད། མཚར་སྣང་གིས་ཡིད་སེམས་གཅུན་འདུག་པའི་ཧ་སང་གིས་སྒོ་དང་པོ་ཕྱེ་བ་ན་བྱའི་སྤྲུལ་བ་ཞིག་འདུག་པའི་ལྷ་མོ་བཅུ་དང་ཕྲད། ཧ་སང་ལྷ་མོ་དེ་དག་གི་ཁྲོད་ཀྱི་མིང་ལ་མེ་ལོང· སིག་ནོ་ཡུ་ཞེས་པ་དེར་ཆགས། ཁོས་མོའི་བྱ་སྒྲོའི་ལྭ་བ་བརྐུས་ཏེ་རང་གི་ཆུང་མར་བླངས་ཏེ་བུ་གཉིས་སྔ་གཞུག་ལྟར་སྐྱེས། ཉིན་ཞིག་ལ་ཧ་སང་སྒོ་ཕྱི་རུ་བུད་པ་ན་སིག་ནོ་ཡུས་རང་ཡུལ་དྲན་དྲགས་ཏེ་སྒྱུག་མོ་བསླུས་ཏེ་བྱ་སྒྲོའི་ལྭ་བ་ཕྱིར་བླངས་ནས་བུ་གཉས་ཀ་རྒྱབ་ལ་ཁུར་ནས་བ་ཀི་གླིང་ཕྲན་དུ་འཕུར། ཧ་སང་ཕྱིར་ལོག་པ་ན་རང་གི་བུ་དང་ཆུང་མ་མེད་པ་མཐོང་ནས་ཡིད་སེམས་སྡུག་གི་རྒྱ་མཚོར་བྱིང་ཞིང་། ཁོ་ཚོ་འཚོལ་སླད་ཧ་སང་གིས་རང་སྲོག་ལ་མ་འཛེམ་པར་གླིང་ཕྲན་དེའི་སྟེང་སོང་། ཕྱིས་སུ་ལྷས་བསྡོངས་གྲོགས་མཛད་པ་ལ་བརྟེན་ནས་རང་གི་བུ་དང་ཆུང་མ་རྙེད་དེ་ཕྱིར་རང་ཡུལ་པ་ཀ་ཏ་རུ་ཡོང་ནས་སྔར་ལྟར་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བ་བརྗོད་ཡོད།
《ཨ་ལེ་པ་པ་དང་ཇག་རྐུན་བཞི་བཅུ》ཞེས་པའི་གཏམ་རྒྱུད་དེ་ལྷག་པར་དུ་མི་སེམས་འགུག་པ་ཞིག་རེད། དབུལ་ཞིང་འཕོངས་པའི་ཨ་ལེ་པ་པས་བུད་ཤིང་རེ་བཏུས་ནས་འཚོ་བ་རོལ་ཐབས་ཙམ་བྱེད་བཞིན་ཡོད། ཉིན་ཞིག་ལ་ཁོས་རི་གསེང་དུ་བུད་ཤིང་འཐུ་སྐབས་ཇག་ནས་ཕྱིར་ལོག་པའི་ཇག་པས་བྲག་ཕུག་ཅིག་ཏུ་གསེར་དངུལ་སོགས་སྦ་བཞིན་ཡོད་པ་དང་ཕྲད། དེ་དག་ཕྱིར་སོང་རྗེས་ཁོས་གསེར་སྒོར་ཁུག་མ་འགའ་ཕྱིར་ཁྱེར་ནས་ཡོང་། གནས་ཚུལ་དེ་ཁོའི་ཕུ་བོ་ཁ་ཞི་མུས་ཐོས་རྗེས་ཁོར་བཙན་ཚུགས་ཀྱིས་གསེར་སྒོར་གྱི་ཡོང་ཁུངས་དང་བྲག་ཕུག་གི་ཁ་ཇི་ལྟར་འབྱེད་པའི་མན་ངག་བཤད་དུ་བཅུག དེ་ནས་ཧམ་སེམས་ཀྱི་རྐྱལ་ཁ་བཟེད་འདུག་པའི་ཁ་ཞི་མུས་བྲག་ཕུག་དེའི་ནང་སོང་ནས་གསེར་དངུལ་གང་མང་ཞིག་བླངས་ནས་ཕྱིར་དོང་ཁར་འབུད་སྐབས་དོང་ཁ་འབྱེད་བྱེད་ཀྱི་མན་ངག་བརྗེད་དེ་ནང་དུ་ལུས། ཇག་པ་རྣམས་ཕྱིར་འོངས་ཏེ་ཁོ་རང་དམར་གསོད་བྱས། ཨ་ལེ་པ་པས་ཕུ་བོའི་བེམ་པོ་ཕྱིར་རང་ཡུལ་དུ་བསྐྱལ་པ་ཇག་པ་རྣམས་ཀྱིས་ཤེས་ཏེ་མི་མངགས་ཏེ་ཨ་ལེ་པ་པའི་འདུག་གནས་བཙལ། གཡོག་མོ་རིག་ཡག་མ་མེ་ཨར་ཅི་ནས་ཤེས་རྗེས་ས་དེའི་སྒོ་བྱང་ཡོད་ཚད་གཅིག་ཏུ་བསྒྱུར་པས་ཇག་པ་རྣམས་ཀྱིས་ཨ་ལེ་པ་པ་གསོད་འདོད་པའི་ངན་ཇུས་དེ་ལག་ཏུ་བསྟར་མ་ཐུབ། ཕྱིས་སུ་ཇག་དཔོན་གྱིས་རང་ཉིད་ཚོང་པ་ཞིག་ཏུ་བརྫུས་ནས་ཇག་རོགས་སོ་བདུན་ཡོད་པ་རྣམས་གཡིས་རྫ་ཆེན་པོ་ཞིག་གི་ནང་སྐུང་དུ་བཅུག་ནས་ཨ་ལེ་པ་པ་ཚང་ལ་བསྐྱལ་ཏེ། སྐབས་བསྟུན་དུ་ཨ་ལེ་པ་པ་གསོད་པའི་ངན་ཇུས་དེ་ཡང་གཡོག་མོ་མེ་ཨར་ཅི་ནས་ཤེས་ཏེ་གཡིས་འདུ་མ་རྫ་ཆེན་དེའི་ནང་ལ་བླུགས་ནས་ཇག་པ་རྣམས་གསོན་སྲེག་བྱས། ཇག་དཔོན་ཁོ་ན་གསང་སྟབས་ཀྱིས་ཤོར། རབ་དང་རིམ་པར་ཕམ་ཁ་མྱངས་ཀྱང་ཇག་དཔོན་ད་དུང་ཡིད་མ་ཆད་པར་ཉིན་ཞིག་ཡང་བསྐྱར་ཚོང་པ་ཞིག་ཏུ་བརྫུས་ནས་ཨ་ལེ་པ་པའི་ཁྱིམ་དུ་འོང་ནས་ཟས་ལ་རོལ་སྐབས་ཨ་ལེ་པ་པ་གྲི་ཁར་འདེབས་བསམ་མོད། འོན་ཀྱང་ངན་ཇུས་དེ་གཡོག་མོ་མེ་ཨར་ཅི་ནས་ཡང་བསྐྱར་བརྟོལ་ཏེ་མགྲོན་པོར་གར་གྱིས་བསུ་བ་བྱེད་ཟེར་ནས་ཐབས་ཡག་པོ་ཞིག་ལ་བརྟེན་ནས་ཇག་དཔོན་བཀྲོངས། དེ་ནས་ཨ་ལེ་པ་པ་དང་མཉམ་དུ་བདེ་འཇགས་ཀྱི་འཚོ་བ་ལ་རོལ་ཏོ་ཞེས་བཀོད་ཡོད།