མིང་ལ་ཀ་གཡུ(尕玉)ཟེར་བའི་གསར་འགོད་པ་ཞིག་པེ་ཅིང་ནས་གཙོད་སྲུང་སྐྱོབ་རུ་ཁག་ལ་བཅར་འདྲི་བྱ་རུ་སླེབས་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོབ་རུ་ཁག་གི་འགོ་བ་རི་ཐར(日泰)གཙོས་དང་བླངས་རུ་ཁག་དང་ལྷན་དུ། འཇིག་རྟེན་གྱི་ཆེས་མཐའ་འཇུག་གི་གཙོད་ཁྲི་ཕྲག་ཅིག་གི་ཚེ་སྲོག་ཕངས་མེད་དུ་བཅོམ་ཞིང་། ཐ་ན་མི་མང་བོ་ཞིག་གི་ཚེ་སྲོག་ཀྱང་ཁོང་ཚོའི་མེ་མདའི་སྐག་སྒྲ་གཅིག་གིས་འཇིག་རྟེན་དང་གཏན་བྲལ་བཏང་མྱོང་ལ། དམྱལ་བའི་ལས་མཁན་ལས་ཀྱང་འཇིགས་ཡེར་བའི་ལག་དམར་སྐོར་ཞིག་གི་ཡ་ང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱས་པ་བརྗོད་ཡོད་པ་སྟེ། ལམ་སྐབས་སུ། ལོ་ངོ་དུ་མར་ཁ་ཆར་བུ་ཡུག་གི་ཁྲོད་གཙོད་སྲུང་སྐྱོབ་ཀྱི་ལས་ལ་མི་ཚེ་ཡིས་མཆོད་པ་ཕུལ་མྱོང་མཁན་གྱི་གྲོགས་པོ་དག་དང་མཇལ་ཞིང་། ཨ་ཆེན་གངས་རྒྱབ་ཀྱི་རི་བྲག་འགག་འཕྲང་བརྒྱུད་པའི་ལམ་བར་དུ་གློ་བུར་བའི་དོན་རྐྱེན་ལུ་གུའི་རྒྱུད་དུ་བྱུང་།
སྲུང་སྐྱོབ་རུ་ཁག་གིས་རྔོན་པ་སྐོར་ཞིག་ཟིན་ཅིང་། གཙོད་པགས་གནམ་གྱིས་ས་བཀབ་པ་ལྟ་བུ་ལག་ཏུ་རག དེ་ནི་སྲུང་སྐྱོབ་རུ་ཁག་གི་མི་རེ་རེར་མཚོན་ན་ཆེས་བཟོད་དུ་མེད་པའི་སེམས་ཀྱི་རྨ་ཁ་ཆེན་པོ་ཞིག་རེད། དེ་ལྟར་ས་ཐག་རིང་ལམ་གྱི་དཀའ་བ་དང་དགྲ་སྡིག་ཅན་བདའ་བའི་འཇིག་ཉེན་ཡོད་ཚད་ཁྱད་དུ་བསད་དེ། ཉིན་མང་བོ་ཞིག་འགོར་མཐར། སྲུང་སྐྱོབ་རུ་ཁག་གི་རླངས་འཁོར་གྱི་སྣུམ་དང་། མིའི་ཟ་མ་ཚར་ལ་ཉེ་བ་སོགས་རྐྱེན་དུ་མས་དབང་གིས་ལག་ཟིན་བྱུང་བའི་རྔོན་པ་རྣམས་རང་སར་འགྲོ་རུ་བཅུག་པ་དང་། རུ་ཁག་གི་མི་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་ཁར་མི་འགྲོ་ཐབས་མེད་དུ་གྱུར།
མཐར་སྲུང་སྐྱོབ་རུ་ཁག་གི་འགོ་བ་རི་ཐར(日泰)དང་གསར་འགོད་པ་ཀ་གཡུ(尕玉)གཉིས་ལྟོགས་སྐོམ་དང་ངལ་དུབ་གྱིས་མནར་ནའང་མཇུག་མཐར་གཙོད་དམར་གསོད་གཏོང་པའི་རྔོན་པ་ལ་གདོང་ཐུག་ཅིང་། ལག་དམར་ལ་ཁུ་ཚུར་གཅིག་མ་གཏོགས་སྟེར་དབང་མ་བྱིན་པར་རི་ཐར་ལག་དམར་གྱི་མེ་མདའི་ཁ་རུ་འཆི་དགོས་བྱུང་སོང་།
གློག་བརྙན་འདིས་ཟུར་དང་ཞོར་ནས་བོད་ཀྱི་འཚོ་བ་ཡིན་མདོག་མང་བོ་འཁྲབ་ཁུལ་བྱས་ཡོད་ལ། ཏག་ཏག་དེ་དག་ནི་གློག་བརྙན་འདིའི་མ་འཇོན་ས་གཙོ་བོ་རེད། དཔེར་ན། གསར་འགོད་པ་ཆ་མེད་དེར་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་བུ་མོ་དེས་ཕྲེང་བ་ཞིག་བྱིན་པ་གཅིག་པུར་མཚོན་ནའང་དེ་ནི་གློག་བརྙན་གྱི་སྤྱིའི་བརྗོད་དོན་ལ་ཡོད་ཀྱང་རུང་ལ་མེད་ཀྱང་ཆོག་པར་ནུས་པ་ཅི་ཡང་ཐོན་མི་འདུག་པ་ལས་བོད་རིགས་བུད་མེད་སྤྱིར་བཏང་བ་ཞིག་གིས་དེ་ལྟར་བྱེད་ཀྱང་མི་སྲིད་པ་སོགས་ནི་བོད་ལ་ཆ་རྒྱུས་ཡོད་པ་ཞིག་གིས་རྟོགས་སྲིད་ལ་དེ་ནི་སྐྱོན་ཆ་ཞིག་རེད་བསམ།
གློག་བརྙན་གྱི་སྤྱིའི་བརྗོད་དོན་དང་གཙོ་འཁྲབ་པ་སོགས་ཀྱིས་སེམས་དང་བསམ་པའི་བོད་ཀྱི་སྣོད་བཅུད་གཉིས་མངོན་པར་མཚོན་ཞིང་། དེ་ལ་གློག་བརྙན་ནང་གི་སྐད་ཆ་ཞིག་གིས་བཤད་ན། ངོ་གདོང་དང་ལག་པ་ནག་ནའང་སེམས་ཧ་ཅང་དཀར་བོ་ཞིག་ཡོད་ཅེས་པ་ལྟར་བོད་མིའི་སེམས་དྭངས་གཙང་ལྷད་མེད་པ་ཞིག་ཡིན་པ་གཙོ་བོར་བརྗོད་ཡོད་པས་གློག་བརྙན་གྱི་མགོ་མཇུག་བར་གསུམ་བརྩེ་བ་དང་བྱམས་པས་ཁེངས་འདུག དེ་ནི་བོད་མི་རིགས་ཀྱི་ལུགས་གཉིས་བསླབ་པ་སྟེ་འཚེ་མེད་ཞི་བའོ།། དེ་བས་ཞི་བའི་མི་རིགས་ཤིག་དང་དྲག་པོའི་མི་རིགས་ཤིག་གི་བར་ཐག་དང་འགལ་བ་མཚོན་པ་དང་དེས་ནི་སེམས་ལ་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་ཕྱེས་ཡོད།
གློག་བརྙན་འདི་ནི་ཨ་ཆེན་གངས་རྒྱབ་ཏུ་བྱུང་བའི་གཏམ་རྒྱུད་དངོས་ཤིག་ཡིན་སྐད་འདུག་ལ། མི་མང་བོ་ཞིག་གི་དོ་སྣང་བྱེད་ཡུལ་དུ་གྱུར་ཅིང་། གསར་འགོད་པ་ཡང་ཕྱིར་པེ་ཅིང་དུ་ལོག་ནས་གསར་འགྱུར་མཚར་ལ་རིང་བ་ཞིག་བྲིས་པར་བརྟེན་རྒྱལ་ཁབ་ཀྱིས་གཙོད་སྲུང་སྐྱོབ་བྱ་བའི་འགོ་བརྩམས་པ་དང་། ཨ་ཆེན་གངས་རྒྱབ་ཀྱང་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་གནས་སུ་གཏན་ཁེལ་བྱས་སྐད་སོགས་གོ་ཐོས་སུ་བྱུང་།
མདོར་ན། གློག་བརྙན་འདིའི་གོ་རིམ་ཧྲིལ་བོ་འཆར་ཡན་ལྡན་པ་དང་བརྙན་གྱི་སྒྲིག་བཟོ། གདངས་ཀྱི་མཐོ་དམའ་དྲགས་ཞན་ལ་སོགས་པ་གང་ཆ་ནས་ཅུང་ཚད་མཐོ་ཤོས་སུ་འདུག