མཚོ་རླུང་དྲག་པོས་ཨ་རིའི་གྲོང་ཁྱེར་ཨའོ་འར་ལེའང་གསར་པ(New Orleans)རུ“བཙན་འཛུལ”བྱེད་པའི་སྐབས་སུ། ནད་གཞི་ལྕི་མོས་མནར་ནས་གྲོངས་ལ་ཉེ་བའི་རྒད་མོ་དྷེ་སིའི(Daisy)གཉིད་ལས་སད་རྗེས། རང་གི་བུ་མོ་ཁཱ་རོ་ལིན(Caroline)ལ་ཉིན་ཐོ་འབྲི་དེབ་ཅིག་སྤྲད་ནས་རང་གི་རྣ་ལམ་དུ་ཀློག་ཏུ་བཅུག
ཉིན་ཐོའི་དེབ་དེའི་རྩོམ་པ་པོའི་མཚན་ལ་བྷན་ཇེ་མིན•བྷ་ཐོན(Benjamin Button)ཟེར། བྷན་ཇེ་མིན་ལགས་ནི་འཛམ་གླིང་དམག་ཆེན་དང་པོ་མཚམས་འཇོག་བྱེད་པའི་སྐབས་སུ་སྐྱེས་མོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོང་སྐྱེས་མ་ཐག་ནས་རྒད་པོ་ཞིག་དང་འདྲ་བས། ཕ་མས་ཁྱད་མཚར་ཅན་ཞིག་ཏུ་གཟིགས་ནས་རྒན་གསོ་ཁང་ཞིག་ཏུ་བསྐྱལ་གནང་བས་བྷན་ཇེ་མིན་གྱིས་རྒན་གསོ་ཁང་དུ་རྒན་འཁོགས་རྣམས་དང་མཉམ་དུ་འཚོ་བ་བསྐྱལ་དགོས་བྱུང་བ་རེད།
བསམ་ཡུལ་ལས་འདས་པ་ཞིག་ལ། བྷན་ཇེ་མིན་ལགས་ནི་སྐྱེ་རྒ་གོ་ལྡོག་པའི་མི་ཞིག་ཡིན་ཏེ་ཇི་ཙམ་འཚོ་ན་དེ་ཙམ་གྱིས་གཞོན་དུ་འགྲོ་བཞིན་ཡོད།
གཅིག་བྱས་ན། ཇི་ཙམ་འཚོ་བ་དེ་ཙམ་གྱིས་གཞོན་དུ་འགྲོ་རྒྱུ་དེ་འཇིག་རྟེན་པ་མང་པོའི་མཛེས་སྡུག་གི་རྨི་ལམ་ཡིན་སྲིད་མོད། འཚར་ལོངས་ཀྱི་བརྒྱུད་རིམ་དེ་འདྲ་དངོས་སུ་མྱངས་པའི་བྷན་ཇེ་མིན་ལ་གཞན་གྱིས་བསམ་ཤེས་མི་ཐུབ་པའི་སུན་སྣང་གི་ཚོར་བ་ཡོད་ལ་བདེ་སྐྱིད་ཀྱི་སྣང་བའང་ཡོད་པ་རེད། བྷན་ཇེ་མིན་ལགས་ཀྱིས་གཞན་དང་མི་འདྲ་བའི་ལྟ་སྟངས་ཤིག་གིས། དུས་རབས་ཕྱེད་ཙམ་རིང་གི་འཛམ་གླིང་བཅོས་བསྒྱུར་གྱི་བརྒྱུད་རིམ་དངོས་མྱངས་པ་བརྒྱུད། ཁོང་ལ་ཡང་སྙིང་གཞན་གྱིས་ཚོར་ཐབས་མེད་པའི་ཚོར་སྣང་ཅི་འདྲ་བྱུང་ཡོད། ནད་གཞི་ལྕི་མོས་མནར་ནས་གྲོངས་ལ་ཉེ་བའི་རྒད་མོ་དྷེ་སིའི་ཡིས་བུ་མོ་ཁཱ་རོ་ལིན་ལ་ཉིན་ཐོའི་དེབ་འདི་ཀློག་ཏུ་འཇུག་དོན་ཅི་ཡིན་ནམ།
བྷན་ཇེ་མིན•བྷ་ཐོན་ལགས་དང་ཨ་མ་རྒད་མོ་འདིའི་དབར་ཡང་སྙིང་འབྲེལ་བ་ཇི་འདྲ་ཞིག་ཡོད་དམ། བུ་མོ་ཁཱ་རོ་ལིན་ཐེ་ཚོམ་དང་སོམ་ཉིའི་དྲ་བར་ཚུད་སོང་།
མི་ཚེ་གཅིག་རིང་གི་འཚོ་བའི་ཁྲོད་ཀྱི་རྙོག་འཛིང་དང་། ཟང་ཟིང་གི་འབྲེལ་བ་ཡོད་དོ་ཅོག་གོ་ལྡོག་པའི་འཕེལ་རིམ་གཅིག་ནས་བལྟ་དུས། ལས་འབྲས་ཀྱི་བསླུ་བ་མེད་པའི་རང་བཞིན་དེ་ཇི་འདྲའི་ཁ་གསལ་པོས་རྟོགས་སྲིད་ལ་རྟེན་འབྱུང་གི་རྟོགས་པ་ཞིག་དབང་མེད་དུ་སྐྱེ་ངེས།
གལ་སྲིད་ངེད་ཚོ་རྒྱུག་ཆུའི་ནང་དུ་གྱེན་ལ་རྐྱལ་རྒྱག་དགོས་ཚེ། ཡིན་གཅིག་དབུགས་འབྱིན་རྔུབ་དཀའ་བ་དང་། ལུས་ཤུགས་དེ་བས་ཟད་པ། ཁ་ཕྱོགས་བརླགས་སླ་བ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་ངེས། བྷན་ཇེ་མིན•བྷ་ཐོན་ལགས་ཀྱིས་གྱེན་ལ་རྐྱལ་རྒྱག་དགོས་པའི་རྒྱུག་ཆུ་དེ་ནི་དུས་ཚོད་ཀྱི་རྒྱུག་ཆུ་དེ་ཡིན་ཞིང་། དེ་ལྟར་གྱེན་ལ་འགྲོ་དགོས་པའི་དུས་ཚོད་ནི་ཁོང་གི་མི་ཚེ་གང་པོ་ཡིན། དེས་ན། ཁོང་ལ་དེ་དང་གཅིག་མཚུངས་སམ་དེ་ལས་ལྷག་པའི་དཀའ་སྡུག་ཚད་མེད་ཡོད་པ་ཚང་མས་ཤེས་སྲིད།
གློག་བརྙན་འདིའི་ནང་དུ་འབྲུག་སྐད་གྲགས་ཤིང་། མི་འགའ་རེར་ཐོགས་འཁེལ་གྱིན་འདུག ཐོག་གིས་ཡང་སྙིང་ཅི་ཞིག་མཚོན་ནམ་ཞེ་ན། ཐོག་རང་ལས་གཞན་ཅི་ཡང་མིན། དེས་བྷ་ཐོན་ལ“ནམ་ཡང་བློ་ཁོག་ཆེན་པོས་ཚོད་ལྟ་བགྱིས་ཤིང་ལས་དབང་གིས་རང་ཉིད་ཀྱི་ཕྲག་ཐོག་ཏུ་བསྩལ་བའི་འགན་འཁྲི་ཡོད་ཚད་ལེགས་པར་བསྒྲུབས་ཏེ། གནས་བཟོད་བདེ་བའི་སེམས་ཀྱི་སྤྲོ་སྣང་ཞིག་འཚོལ་དགོས”པའི་བསླབ་བྱ་གནང་གིན་ཡོད་འདུག
བྷན་ཇེ་མིན་ལགས་ནི་རང་ཉིད་འཚོལ་བཞིན་པའི་ལྟ་ཞིབ་པ་ཞིག་ཡིན་ཞིང་། མཇུག་མཐར་བྱ་བ་ཙག་ཙིག་གི་ཁྲོད་དུ་རང་ཉིད་བརླགས་སོང་། རྒྱུ་མཚན་ནི་བྱིས་པ་དམར་འབྱར་ཞིག་གི་ཀླད་པས་སྔར་སོང་གི་དཀའ་སྡུག་ཡོད་ཚད་ཐེག་པར་དཀའ་ཞིང་། བདེ་སྐྱིད་ཀྱི་ཚོར་འདུ་ཡོད་ཚད་དྲན་པའི་མེ་ལོང་ངོས་སུ་ཤོང་བར་དཀའ་བས་བརྩེ་འདང་དང་དྲོད་ཁོལ་བསྲེས་མའི་སྐྱིད་སྣང་ཁྲོད་དུ་ཡང་བསྐྱར་འཁོར་བར་འཐིམས་སོང་།
རྒད་མོ་དྷེ་སིའི་ལགས་ན་སོ་རྒས་རང་དྲགས་ནས་མཇུག་མཐར་གོམས་པའི་མཚམས་སུ་སླེབས་དུས་རང་གི་དགའ་བོ་ཇི་ཙམ་འཚོ་བ་དེ་ཙམ་གྱིས་གཞོན་དུ་འགྲོ་བཞིན་ཡོད་པས། ཁོ་མོར་སྐྱོ་སྣང་ཞིག་ཡོད་མོད། སྐྱེ་རྒ་གོ་ལྡོག་པའི་བྷན་ཇེ་མིན་ལགས་ཀྱི་ངོས་ནས་བརྗོད་ན་དེ་ནི་ཆེས་དགའ་བར་འོས་པའི་དོན་ཞིག་ཡིན་ཏེ། ཁོང་གིས་མི་ཚེ་གཅིག་གི་རིང་ལ་དུས་ཚོད་བསྐྱལ་ཁག་ཤོས་ཡིན་པའི་འཆི་ཁའི་རྣམ་པ་དེ་ཅི་ཡང་མི་ཤེས་པའི་བྱིས་དུས་སུ་བསྐྱལ་ཟིན་པ་དང་། ཅི་ཡང་མི་ཤེས་པའི་བྱིས་དུས་ཀྱི་ལོ་ཟླ་དག་གཏིང་བརྗེད་ཁྲོད་དུ་བསྐྱལ་བས་ཡིན། འཆི་ཁའི་དུས་དང་སྐྱེས་མ་ཐག་ལ་ཡང་སྙིང་ཁྱད་པར་ཅི་ཞིག་ཡོད་དམ། དོན་དམ་པར་འཁོར་བའི་སྟེང་གི་ཚེ་སྲོག་ནི་དབྱིབས་སྒོར་མོ་ཅན་ཞིག་ཏུ་མངོན་པས་ངེད་ཚོས་རྣམ་ཤེས་ཡོངས་རྫོགས་སླར་ཡང་འགོ་བཙུགས་ས་དེར་ལོག་འགྲོ་བ་མཐོང་ངེས།