ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2016-01-15 18:05ལ་འགྲུབ།

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།
《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནི་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་ཤིང་། དབེན་དགོན་དུ་ཡོད་པའི་གྲྭ་ཕྲུག་ཅིག་ལོ་གསར་རོལ་བར་ཕྱིར་ཕ་ཡུལ་དུ་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

མ་བརྙན་མིང་།
ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།
དབྱིན་འགྱུར་མིང་།
The Silent Holy Stones
རྒྱ་འགྱུར་མིང་།
静静的嘛呢石
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
བོད་སྐད་ལས་ཨམ་སྐད།
འཁྲབ་ཁྲིད་པ།
པདྨ་ཚེ་བརྟན།
གཙོ་འཁྲབ་པ།
བློ་བཟང་བསྟན་འཕེལ། མཆོག་གསལ།
འགྲེམ་དུས།
2006-6-1
ཡུན་ཚད།
སྐར་མ102།
བརྙན་རིགས།
གཏམ་རྒྱུད།
བྱ་དགའ་གཙོ་བོ།
2005ལོར། སྐབས25བའི་གསེར་བྱ་རྟགས་མའི་སྟེང་ཐོག་མའི་བརྩམས་ཆོས་མཆོག་གྱུར་གྱི་བྱ་དགའ་ཐོབ། 2006ལོར། སྐབས9བའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་གློག་བརྙན་མཆོག་གྱུར་དང་འཁྲབ་ཁྲིད་པ་ མཆོག་གྱུར་གྱི་བྱ་དགའ་སོགས་ཐོབ་པ།
1 བྱུང་རིམ།

གློག་བརྙན་འདིར་དབེན་དགོན་དུ་ཡོད་པའི་གྲྭ་ཕྲུག་ཅིག་ལོ་གསར་རོལ་བར་ཕྱིར་ཕ་ཡུལ་དུ་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ།  གྲྭ་ཕྲུག་ཅིག་ཨ་ལགས་ཚང་གི་བརྙན་འཕྲིན་གྱིས་ཡིད་སེམས་རབ་ཏུ་བཀུགས་ཡོད་ལ།   ནམ་ཡང་བརྙན་འཕྲིན་ལ་བལྟ་འདང་ཆེ། ལོ་གསར་ལ་ཐོན་རྗེས་ཕ་ཡུལ་ཏུ་ཆས་ཏེ་ཉིན་གསུམ་ལ་བསྡད་ཅིང་དེའི་རིང་བརྙན་འཕྲིན་དང་གློག་བརྙན་ལ་བལྟ་ཐུབ་པར་གྱུར། འོན་ཀྱང་དངོས་ཡོད་ཁྲོད་ཀྱི་འགལ་བ་མང་པོ་ཞིག་ལ་མི་ཕྲད་རང་ཕྲད་བྱུང་། དེང་རབས་ཀྱི་ཐོན་དངོས་དེ་དག་གིས་ཁོ་ལ་མཚར་སྣང་བྱིན་པ་མ་ཟད་མགོ་རྨོངས་བར་འང་བྱས།   ཡིན་ནའང་ནུབ་ཕྱོགས་འགྲིམས་པའི་གཏམ་གྱིས་ཁོ་རང་ཤིན་ཏུ་བཀུགས་པས་ཁོས་རང་གི་ཨ་ཁུ་ལ་ཐང་སིན་གྱིས་རྒྱ་གར་ནས་ཆོས་བླངས་པའི་བརྙན་སྟོན་ཕྱིར་ཨ་ཕར་ཞུ་བ་བྱས་ཏེ་བརྙན་འཕྲིན་དགོན་པར་ཁྱེར་ཏེ་སོང་། མཐར་སྨོན་ལམ་ཆེན་མོ་འཚོགས་པ་དང་འབྲེལ་སླར་ཡང་རྒྱུན་ལྡན་གྱི་གྲྭ་བའི་འཚོ་བར་ཞུགས།  

2 དཔྱད་གཏམ།

སྤྱི་ལོ2005ལོའི་པད་མ་ཚེ་བརྟན་གྱི«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ནི་བོད་ཀྱི་གློག་བརྙན་ཁག་ལས་གྲགས་ཆེ་ཞིང་བྱ་དགའ་ཆེས་མང་བ་ལེན་མཁན་དེ་ཡིན། རྒྱ་ནག་གི་གློག་བརྙན་དཔྱད་གཏམ་པ་ལ་ཤས་ནས“« ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»གྱི་དོན་སྙིང་ནི། དེ་ཉིད་ཀྲུང་གོའི་ལོ་བརྒྱའི་གློག་བརྙན་ལོ་རྒྱུས་སྟེང་བོད་མི་འཁྲབ་ཁྲིད་པས་སྒེར་ཚུགས་ཀྱིས་སྒྲིག་ཁྲིད་གནངས་པའི་གློག་བརྙན་ཐོག་མ་ཡིན་པས་རྒྱུ་མཚན་མ་ཡིན་པར། དེས་ཀྲུང་གོའི་གློག་བརྙན(华语电影)ནང་ཧ་ཅང་དཀོན་པའི་ཉིན་རྒྱུན་གྱི་དང་བསམ་བློའི་རང་བཞིན་དང་། ད་དུང་མི་ལ་དགའ་སྤྲོ་འཕེལ་བར་བྱེད་པའི་བབས་ཆགས་དྭངས་གཙང་གི་རྣམ་པ་ཞིག་མངོན་པས་ཡིན”ཟེར། འོན་ཀྱང་ཕྱི་ལོ་1993ལོའི«འཁྲེང་ཞེན»གྱི་རྐྱེན་པས་འདི་ཉིད་བོད་ཀྱི་གློག་བརྙན་ཐོག་མ་དེར་ཁོ་བོས་མི་འཛིན་ཅིང་དེའི་རྒྱུ་མཚན་གཞན་ཏུ་རྒྱས་བར་སྤྲོས་ཡོད་དོ།།

དེས་ན་ཕྱི་མ་ནི་དོན་དངོས་ཏེ། དེང་སང་ཚན་རྩལ་ཆེས་ཆེར་དར་བས་གློག་བརྙན་སྒྱུ་རྩལ་པ་མང་ཤོས་ནས་རྩེད་འཇོ་དང་ཚོང་ལས་གཙོར་བཟུང་ནས་བལྟས་ཚོད་ཀྱིས་ཁྱད་དུ་མཚར་བ་དང་ཧ་ལས་པར་བྱེད་པའི་སྒྱུ་འཕྲུལ་གློག་བརྙན་མང་མོད། དོན་དམ་བསམ་བློ་ཅུང་ཟད་བཏང་བ་ཡིན་ན་བློ་སྐྱེད་དང་ཤེས་བྱ། སེམས་ཚོར་ཅུང་ཟད་ཀྱང་མེད་པར་སྟོང་ལྷང་ལྷང་དང་དུས་ཚོད་ཆུད་ཟོས་སུ་བཏང་བ་འབའ་ཞིག་གི་ཚོར་བ་བྱིན་འོངས་ངེས། དེ་བས་ན་དེ་ལྟ་བུའི་དུས་སྐབས་དང་གནས་བབ་ཁྲོད་བབས་ཆགས་པ་དང་འཚོ་བ་དངོས། ལྗོངས་རྣམ་དངོས། མིའི་ནང་སེམས་ཀྱི་བདེན་པ་སོགས་དྲང་བོ་དྲང་རྐྱང་གིས་མངོན་ཡོད་པ་དག་ནི་རྐྱལ་བར་སྙུང་བུ་བཅུག་པ་ལྟར་རྩེ་མོ་ཐོན་འོངས་ཤིང་། འོངས་པས་ན་མི་རྣམས་ཀྱི་དང་བ་དྲངས། དགའ་བ་རྒྱས་པ་ཡིན་ལ་འདི་ནི་གློག་བརྙན་གང་ཉིད་ལེགས་འགྲུབ་བྱུང་བའི་རྒྱུ་མཚན་ཀྱང་ཡིན། པད་མ་ཚེ་བརྟན་ཁོང་ཉིད་བོད་མི་ཞིག་ཡིན་པ་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་ཡོད་པའི་ཆ་ནས་གློག་བརྙན་འདིར་བོད་མིའི་རིག་གནས་དང་སྤྱི་ཚོགས། སེམས་ཁམས་མཚོན་པ་ལ་རྩ་དོན་རང་བཞིན་གྱི་ནོར་འཁྲུལ་བྱུང་མེད་མོད་ཀྱང་། «མ་ཎི་རྡོ་འབུམ»འདི་ལ་བརྙན་རིང་ཐུང་གཉིས་ཡོད་པའི་སྔ་མའི་ནང་སྐྱོན་རེ་གཉིས་ཀྱང་མཆིས་ཏེ། གནམ་གང་དགོང་མོར་གྲྭ་བ་ཆུང་ཆུང་དང་རང་གི་ཨ་ཁུ་དགེ་རྒན་གཉིས་ཀྱིས་ནུབ་ཇ་འཐུང་སྐབས། ཟ་མ་དེ་གྲྭ་བ་ཆུང་ཆུང་གིས་ལྡུག་པ་མ་ཡིན་པར་དགེ་རྒན་གྱིས་ལྡུག་རོགས་བྱེད་པ་དེ་དང་ཁོང་གཉིས་ཕྱི་རོལ་ཏུ་འགྲོ་སྐབས་ཀྱང་གྲྭ་བ་ཆུང་ཆུང་རང་གི་དགེ་རྒན་ཀྱི་སྔོན་ཏུ་འགྲོ་བ། ཡང་ཁོང་གཉིས་ཉལ་སྐབས་སུ་འགག་ལྭ་དང་སྨད་གཡོགས་སོགས་གཅིག་ཀྱང་མི་ཕུད་པར་ཐད་ཀར་མལ་དུ་ཞུགས་འགྲོ་བ་དེ་དག་དངོས་ཡོད་ཀྱི་འགྲོ་ལུགས་དང་མི་མཐུན་ཞིང་། གཞན་གྱིས་བལྟས་ན་བོད་ཀྱི་གྲྭ་བ་དག་ནི་གུས་ལུགས་མེད་ཅིང་རྫོབ་ཏོ་རང་རེད་འདོད་ངེས། དེ་བས་དེང་སྐབས་བོད་ཀྱི་རིག་གནས་དང་བོད་མི་འཛམ་གླིང་མི་རིགས་ཁག་ལ་ངོ་སྤྲོད་བྱེད་པར་འདི་ལྟ་བུའི་དངོས་ཡོད་ལས་འགལ་ཅིང་དོ་སྣང་མ་བྱས་པའི་ནོར་འཁྲུལ་ཆུང་ཆུང་གིས་མི་རིགས་ཀྱི་སྣང་བརྙན་ལ་མི་གནོད་པ་ཞིག་བྱེད་དགོས། 

གཞན་གློག་བརྙན་འདིར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་བརྙན་མགོ་དེ་ས་གནས་གཅིག་ཏུ་གཏད་པ་སྟེ། དེས་བོད་སྤྱི་ཚོགས་ནང་བྱུང་བཞིན་པའི་གནའ་དེང་རིག་གནས་ཀྱི་འགལ་འདུ་དང་མི་དང་མིའི་འབྲེལ་བ་སོགས་ལ་ཡུལ་ཅན་གྱི་འདུ་ཤེས་ཀྱིས་མ་རྙོག་པ་བྱས་ནས་བསྟན་ཡོད་ལ། བབས་ཆགས་ཀྱི་པར་རིས་དང་དལ་བྲེལ་རན་པའི་འགྲོས་ནི་ཨི་རན་གྱི་འཁྲབ་ཁྲིད་པ་ཨ་བྷ་སི(Abbas Kiarostami)ལགས་ཀྱི་བརྩམས་ཆོས་དང་ཡང་འདྲ་བོ་འདུག ཡང་དེ་ཉིད་གློག་བརྙན་འདིའི་མ་བཅོས་པའི་རང་བྱུང་གི་སྒྲ་དང་ཚོན་མདངས་ཀྱི་བཀོལ་སྤྱོད་ལྟར་གློག་བརྙན་གྱི་མིང“ལྷིང་འཇགས་ཀྱི”་ཞེས་པ་ལ་རམ་འདེགས་དང་ཆ་ཡོངས་ནས་ཕྱི་རོལ་ཟིང་ཟིང་གིས་ད་དུང་བསླད་མེད་པའི་ལྷིང་འཇགས་ཀྱི་ཁོར་ཡུག་དེ་ཉིད་འགྲུབ་པར་བྱས་ཡོད།  འོན་ཀྱང་དེ་ལྟ་བུའི་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་ཏུའང་འཚོ་བའི་འགལ་འདུ་ནི་ནར་མར་འོངས་ཏེ། གཙོ་བོར་གྲྭ་པ་དང«དྲི་མེད་ཀུན་ལྡན»གྱི་སྒྲུང་གིས་མཚོན་པའི་སྲོལ་རྒྱུན་རིག་གནས་དེ་ཉིད་བརྙན་འཕྲིན་དངDiscoགཞས་སོགས་ཀྱིས་མཚོན་པའི་དེང་རབས་རིག་གནས་ལ་གདོང་ཐུག་བྱུང་བ་བརྗོད་ཡོད།  འོན་ཀྱང་འཁྲབ་ཁྲིད་པས་འདི་ཡིན་ག་མིན་གྱི་ལངས་ཕྱོགས་ཅི་ཡང་བཟུང་མེད་པར་ཟིན་ཐོར་འགོད་མཁན་ཞིག་གམ་ཕ་ཡུལ་གྱི་འགྱུར་ལྡོག་འདི་དག་ལ་ལྷིང་འཇགས་ངང་སེམས་ཞིབ་མོས་དོ་སྣང་དང་མིག་ལྟོས་བྱེད་མཁན་ཞིག་གི་བརྟུལ་ཞུགས་བཟུང་ཡོད་དོ།།