བདེ་སྐྱིད་སྒོ་ཁར་ཡོང་དུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2016-01-15 18:03ལ་འགྲུབ།

བདེ་སྐྱིད་སྒོ་ཁར་ཡོང་དུས།

བདེ་སྐྱིད་སྒོ་ཁར་ཡོང་དུས།
《བདེ་སྐྱིད་སྒོ་ཁར་ཡོང་དུས》ཞེས་པ་ནི་ཀཱ་པུ་རེའོ•མུའུ་ཁེ་ནོ་ཡིས་འཁྲབ་ཁྲིད་དང་ཝེའོ•སི་མེ་ཟི་ཡིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་འདི་ནི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་ཨ་རིའི་མི་ནག་དངུལ་གཏོང་ཆེད་མཁས་ཁུ་རུས་སུ་རྒ་རྡི་ན(Chris Gardener)ཞེས་པ་དེ་ཡིན། གློག་བརྙན་འདིའི་ཁྲོད་མ་རྩ་རྡིབ་ལ་ཉེ་བའི་ཁར། བཟའ་ཟླ་ཡང་ཁྱིམ་དང་བྲལ་ནས་སོང་ཤུལ་དུ། བུ་ཕྲུག་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་ཆེད་ཐབས་བརྒྱ་ཇུས་གཏོང་དང་དཀའ་སྤྱད་འབད་བརྩོན་སྒོས་སྤྱིར་བཏང་གི་ལས་མི་ཞིག་གི་ལས་ཀ་རག་ནས་རིམ་བཞིན་མཚན་སྙན་གྲགས་ཅན་གྱི་དངུལ་རྩ་གཏོང་མཁན་ཞིག་ཏུ་གྱུར་བའི་ཚུལ་བརྗོད་པའི་བློ་སྟོབས་བསྐྱེད་པའི་གཏམ་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
བདེ་སྐྱིད་སྒོ་ཁར་ཡོང་དུས།
མ་བརྙན་མིང་།
The Pursuit of Happyness
རྒྱ་འགྱུར་མིང་།
当幸福来敲门
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ཀཱ་པུ་རེའོ•མུའུ་ཁེ་ནོ།( Gabriele Muccino)
གཙོ་འཁྲབ་པ།
ཝེའོ•སི་མེ་ཟི།( Will Smith) ཅཱ་ཏུན•སི་མེ་ཟི། (Jaden Smith)
འགྲེམ་དུས།
2006-12-15
ཡུན་ཚད།
སྐར་མ117།
བརྙན་རིགས།
གཏམ་རྒྱུད། རྣམ་ཐར།
བྱ་དགའ་གཙོ་བོ།
2007ལོར་ཨའོ་ཟི་ཁཱའི་གསེར་བརྙན་རྟགས་མའི་སྐྱེས་པའི་གཙོ་འཁྲབ་པ་མཆོག་གྱུར་གྱི་འོས་མིང་དུ་བདམས། གཞོན་ནུ་དང་ལོ་ཆུང་གི་འོས་བདམས་བྱ་དགའི་གཏམ་རྒྱུད་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ་པ་སོགས།
1 ​བྱུང་རིམ།

ཁུ་རུས་སུ་རྒ་རྡི་ནའི(Chris Gardener)ལང་ཚོའི་བརྒྱུད་རིམ་ཁྲོད་ཨ་ཕའི་རོགས་རམ་དང་མཉམ་གཤིབས་མེད་ལ། ལོ་ངོ་ཉེར་བརྒྱད་ལོན་དུས་ད་གཟོད་ཨ་ཕ་ཐེངས་དང་པོ་མཇལ་བ་རེད། དེ་ནས་ཁོ་རང་ཨ་ཕ་བྱེད་དུས་མིང་དོན་མཚུངས་པ་ཞིག་བྱ་དགོས་པའི་དམ་བཅའ་བཞག རེད་དེ།  འཇིག་རྟེན་གྱི་སྐྱིད་སྡུག་སྣ་ཚོགས་རྒོ་བའི་རྭ་ཁྲ་དང་འདྲ་བས། ཐོག་མར་ཁོང་གིས་ཁ་ཕོར་བརྟེན་སའི་ལས་ཀ་ཤོར་ལ་དབུལ་ཕོངས་ཀྱི་གནས་སུ་ལྷུང་། དེ་ནས་བཟའ་ཚེ་གྲོགས་ཁ་བྲལ་ཞིང་། འདུག་སའི་ཁྱིམ་ཡང་མེད་པར་བུ་གཅིག་པུ་དེ་དང་སྐྱིད་སྡུག་ལྷན་དུ་མྱངས་དགོས་པར་གྱུར།

བུ་ཕྲུག་དེའི་བདེ་སྐྱིད་ཀྱི་ཆེད་དུ་ཁུ་རུས་སུ་ཡིས་དཀའ་སྡུག་ལ་མགོ་བོ་མ་བསྒུར་བར། ཕྱོགས་ཡར་མར་ནས་གོ་སྐབས་དང་རེ་བ་བཙལ། ཉིན་ཞིག་མ་རྐང་བདག་གཉེར་གྱི་ལས་ཁུངས་ཤིག་ལ་རེ་ཞུ་ཡི་གེ་ཕུལ་ཏེ།  ཆེས་དམའ་བའི་ལས་མི་ཞིག་ནས་ལས་མགོ་ཚུགས། ལོ་དུ་མའི་རིང་དཀའ་སྡུག་གང་མང་ཞིག་དངོས་སུ་མྱངས་མཐར།  ཁོ་རང་མ་དངུལ་བདག་གཉེར་པ་ཞིག་ཏུ་གྱུར་ཏེ། བུ་ཕྲུག་ལ་བདེ་སྐྱིད་ཀྱི་འཚོ་བ་གནང་བར་མ་ཟད།  སྤྱི་ཕན་ལས་འགུལ་ལ་ཞུགས་ནས་སྦྱིན་པ་མང་པོ་བཏང་།

ཁོའི་རྒྱལ་ཁའི་བགྲོད་ལམ་ཁྲོད་བུ་ཕྲུག་གིས་ཚད་མེད་པའི་སྙིང་སྟོབས་སྦྱིན་པ་དང་། ཁོར་མི་ཚེའི་གདམས་ངག་ཅིག་ཡོད་དེ། དེ་རིང་བརྩོན་འགྲུས་བྱས་སོང་ན་སང་ཉིན་བདེ་སྐྱིད་ཡོང་ངེས། ཞེས་པའོ།།

2 དཔྱད་གཏམ།

ཁུ་རུས་སུ་ནི་བུ་ལ་མཚོན་ན་ཨ་ཕ་ཚད་ལྡན་ཞིག་དང་། ལས་ཁུངས་ན་མཚོན་ན་ལས་མི་ཕུལ་བྱུང་ཅན་ཞིག་ཡིན་པ་མ་ཟད། ང་ཚོར་མཚོན་ནའང་ཁོང་ནི་མིག་དཔེ་བཟང་པོ་ཞིག་རེད། རེ་བ་དང་ཡིད་ཆེས་མེད་སོང་ན་ང་ཚོས་ནམ་ཡང་མདུན་སྐྱོད་ཀྱི་ཁ་ཕྱོགས་འབོར་སྲིད།  མི་ཚེའི་བགྲོད་ལམ་དུ་ཕྱི་དངོས་པོའི་ཐད་ནས་ང་ཚོས་དཀའ་སྡུག་སྣ་མང་ཞིག་འཕྲད་སྲིད་ཀྱང་།  ནང་སེམས་ཀྱི་སྙིང་སྟོབས་དང་དཔའ་ངར་མ་ཞུམ་ནས་རང་གི་བདེ་སྐྱིད་ཀྱི་ཕུགས་འདུན་མངོན་དུ་འབྱུང་བར་བརྩོན་ལེན་གནང་ན། བདེ་སྐྱིད་ནི་ང་ཚོར་དབང་།

མི་ཞིག་ཡིན་ན་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་ཀྱི་ཚེ་གྲོགས་མང་མོད་ཀྱང་། སྡུག་གི་ཁུར་པོ་མཉམ་འཁུར་ཀྱི་ཚེ་གྲོགས་ནི་ཉིན་དཀར་མོའི་སྐར་མ་ལྟར་དཀོན། ཁུ་རུས་སུའི་ཚེ་གྲོགས་ལིན་དྷ་ཡིས་ཡུན་ཅིག་ལ་སྐྱིད་སྡུག་མཉམ་རོལ་བྱས་ནའང་། རྒྱུན་འཁྱོངས་མ་ཐུབ་པས་ཁུ་རུས་སུ་ཕ་བུ་བསྐྱུར་ནས་ཕ་སར་ཆས། འོན་ཀྱང་ཁོས་འབད་བརྩོན་གྱིས་རྒྱུན་འཁྱོངས་བྱས་ཡོད་ན་ཁོ་མོ་ལའང་བདེ་སྐྱིད་ཐོབ་སྲིད་དེ། ཕ་བུ་མ་བུ་གསུམ་ཀ་ལྷན་དུ་འཚོ་ཆོག་ལ་དྲན་གདུང་གིས་མནར་ག་ལ་དགོས།

ང་ཚོས་འདི་ན་སྐད་ཆ་ཚིག་གཅིག་གིས་ཁུ་རུས་སུའི་མི་ཚེ་དང་དཀའ་སྡུག  རྒྱལ་ཁ་མདོར་བསྡུ་མི་ཐུབ་པས། དཀའ་སྤྱད་རང་གིས་མྱངས་ན་ད་གཟོད་དེའི་མངར་སྐྱུར་རོལ་ནུས། མ་འོངས་པའི་མི་ཚེའི་བརྒྱུད་རིམ་ཁྲོད། ང་ཚོ་དཀའ་སྡུག་གྲངས་མེད་ལ་འཕྲད་སྲིད་ཅིང་། རྒྱལ་ཕམ་གྱི་ཐག་གཅོད་མཁན་ནི་རང་ཉིད་ཡིན