དབུས་ལམ་གྱི་ཉི་མ།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2016-01-15 18:04ལ་འགྲུབ།

དབུས་ལམ་གྱི་ཉི་མ།

དབུས་ལམ་གྱི་ཉི་མ།
《དབུས་ལམ་གྱི་ཉི་མ》ཞེས་པ་ནི་བོད་རིགས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། འདིའི་ནང་དུ་བོད་རིགས་ན་གཞོན་ཞིག་གིས་མཐོལ་བཤགས་བྱེད་པའི་སེམས་ཁམས་མངོན་པར་མཚོན་ཡོད་པ་སྟེ། མི་སྣ་གཙོ་བོ་ཉི་མས་འགྲུམ་འགྲིལ་གྱི་ཆག་སྒོའི་ཁྲོད་སྟབས་མ་ལེགས་པར་ཁོང་གི་ཨ་མའི་ཚེ་སྲོག་ཤོར་ཏུ་བཅུག་པར་སྡུག་བསྔལ་ཆེན་པོ་བྱས་ཏེ་ལྷ་ས་ནས་རང་ཡུལ་དུ་རྐང་ཐང་ལ་བསྐྱོད་ནས་སྐྱེ་འཆིའི་སྙིང་བོ་འཚོལ་སྙེག་བྱེད་བཞིན་པ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

མ་བརྙན་མིང་།
དབུས་ལམ་གྱི་ཉི་མ།
དབྱིན་འགྱུར་མིང་།
The Sun Beaten Path
རྒྱ་འགྱུར་མིང་།
太阳总在左边
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
བོད་སྐད་ལས་ཨམ་སྐད།
འཁྲབ་ཁྲིད་པ།
ཟོན་ཐར་རྒྱལ།
གཙོ་འཁྲབ་པ།
ཡེ་ཤེས་བསམ་གྲུབ། ལོ་གཅེས།
འགྲེམ་དུས།
2011ལོ།
ཡུན་ཚད།
སྐར་མ89།
བརྙན་རིགས།
གཏམ་རྒྱུད།
1 བྱུང་རིམ།

འདི་ནི་མི་ཞིག་གིས་རང་ཉིད་སྐྱོབ་པའི་གློག་བརྙན་ཞིག་ཡིན།   ཨ་མ་གྲོང་ཁྱེར་དུ་ཡོད་པའི་བུ་མོ་ལ་ལྟ་རུ་ཕྱིན་ནས་ཕྱིར་ལོག་པ་དང་། གཉེན་སྒྲིག་ལ་ཉེ་བའི་ཉི་མ་དང་ཕུ་བོ་རྒྱ་བྷོ་གཉིས་ལམ་ཁར་བསུ་རུ་སོང་།  རྒྱ་བྷོས་ཨ་མ་སྦག་སྦག་གི་འཕོང་ལ་བསྐྱོན་ཏེ་སྔོན་དུ་འགྲོ་ཞིང་ཉི་མས་འདྲུད་འཐེན་འཁོར་ལོ་གསར་པར་ཁ་ལོ་བསྒྱུར་ནས་རྗེས་སུ་ཡོང་བཞིན་ཡོད་ལ། གསུམ་པོ་ཕ་ཡུལ་ལོག་པའི་ལམ་བར་དུ་དགའ་སྣང་གིས་ཁེངས་ཡོད།   འོན་ཀྱང་མ་བསམ་ས་ནས་ཨ་མའི་སྐ་རགས་བསྣར་ནས་སྦག་སྦག་གི་རྗེས་འཁོར་ལ་དཀྲིས་པས། རྒྱ་བྷོས་སྦག་སྦག་མ་ཚུགས་པར་ཨ་མ་ཐང་ལ་འགྱེལ། ལམ་དུ་ས་རྡུལ་འཚུབ་པ་དང་ཉི་མའི་ལག་རྩལ་འཇོན་པོ་མེད་པས་དངངས་མ་འཚབ་ཀྱིས་ཨ་མ་འདྲུད་འཐེན་འཁོར་ལོའི་འོག་ལ་གཅིར།

ཉི་མས་ནང་སེམས་ཀྱི་སྡུག་བསྔལ་དང་ནོངས་འགྱོད་མ་བཟོད་ཅིང་། རང་ལ་གུ་ཡངས་དེ་ལས་གཏང་མ་ཐུབ་པར་མངག་གཏོང་ཁང་ལ་ཉེས་ལེན་དུ་ཕྱིན་མོད། བསམ་བཞིན་མིན་པས་ཉེན་རྟོག་པས་ཉེས་པ་གཅོད་ཐབས་མ་བྱུང་། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་ཉི་མས་ཨ་མའི་ཁྲག་གིས་སྦགས་པའི་ས་སྤར་མོ་གང་ཁྱེར། གཉེན་སྒྲིག་ལ་ཉེ་བའི་དགའ་རོགས་ཕྱུག་མཚོ་རྗེས་སུ་བསྐྱུར་ཏེ་བརྐྱངས་ཕྱག་འཚལ་ནས་ལྷ་སར་ཕྱིན།

ལམ་ཐག་རིང་མོར་དཀའ་སྡུག་འཛད་མེད་མྱངས་ནས་ལྷ་སར་ཐོན་ནའང་། ནང་སེམས་ཀྱི་སྡུག་བསྔལ་སྔར་བཞིན་གནོན་ཐབས་བྲལ། ཨ་མའི་ཁྲག་གིས་སྦགས་པའི་ས་སྤར་མོ་གང་བོའང་དེ་གར་འཇོག་ཐབས་མ་བྱུང་བས།   ཉི་མ་བླ་སྲོག་བོར་བའི་བེམ་པོ་ཞིག་དང་འདྲ་བར་ཕྱིར་ཕ་ཡུལ་ལ་ལོག་ཅིང་།  ལམ་བར་དུ་ནང་སེམས་ཀྱི་མྱོང་བ་དང་ལྡོག་པའི་རླངས་འཁོར་གྱི་མགྱོགས་ཚད་བཟོད་ཐབས་མ་བྱུང་བས་རྐང་ཐང་ལ་ཕྱིན། ཕ་ཡུལ་དང་གོམ་པ་གཅིག་གིས་ཇེ་ཉེར་སོང་ནའང་ནང་སེམས་དེ་ལས་ལྡོག་སྟེ་རྒྱང་རིང་དུ་ཆས་འགྲོ་བས་འགལ་འདུའི་ཡོ་ལང་རྒྱས།

རྒད་པོ་ཞིག་ལྷ་ས་རུ་ཡོད་པའི་བུ་མོའི་གཉེན་སྟོན་ལ་ཞུགས་ཏེ་ཕྱིར་ཕ་ཡུལ་ལ་ལོག་སྐབས་ཁ་མི་གྲག་པའི་སྤྱོད་ལོག་ཉི་མར་འཕྲད། རྒད་པོས་བུ་བུ་མོ་དག་གཉེན་བསྒྲིགས་ནས་ཚེ་ཡི་འདུན་མ་དག་ཀྱང་གྲུབ་སོང་བས་དགའ་བས་ཁེངས་ཆོག་ནའང་། འཆི་བ་ལས་གཞན་པའི་རེ་སྒུག་བྱ་ས་ཅི་ཡང་མེད་པར་ཆགས་པའི་ངང་ཚུལ་དེས་སེམས་སྐྱ་མོ་གློ་བུར་སྟོང་ལྷང་ངེར་བཏང་སོང་། ཚེ་ཡི་སྙིང་པོ་འཚོལ་བའི་རྒད་པོ་དང་སེམས་ཀྱི་བདེ་བ་འཚོལ་བའི་ཉི་མ་གཉིས་མཉམ་དུ་འཕྲད་ནའང་ཉི་མས་ལམ་ཐག་རིང་མོར་ཁ་མ་གྲག སྟེས་དབང་གིས་རྒད་པོས་ཉི་མས་ཉན་མ་འདོད་པའི་ཁ་པར་ལས་ཉི་མར་སྡུག་བསྔལ་འབྱུང་བའི་རྒྱུ་ཐོས་སོང་བས། རླངས་འཁོར་ལས་བབས་ཏེ་ཉི་མ་དང་འགྲོགས་ནས་མཐའ་མེད་པའི་མྱ་ངམ་ཐང་བརྒལ་་་་

2 འཁྲབ་ཁྲིད་པའི་གཏམ།

མཐའ་མི་མངོན་པའི་མྱ་ངམ་ཐང་དུ་ནག་ཡུག་ཡུག་གི་སྣུམ་སྙིགས་གཞུང་ལམ་གནམ་ས་འདྲེས་མཚམས་སུ་བརྐྱངས་འདུག་ཅིང་།  མིག་སྲེག་པར་བྱེད་པའི་གཞུང་ལམ་སྟེང་དུ་མིའི་གཟུགས་རིས་གཉིས་ཡམ་ཡོམ་དུ་འགུལ་བཞིན་འདུག འདི་ནི་ངས་འཁྲབ་གཞུང་འདི་རྩོམ་མགོ་ཚུགས་དུས་སུ་ཡིད་ལ་ཤར་པའི་སྣང་བརྙན་རེད་ལ།  ང་རང་ལྷ་ས་ལ་འགྲོ་དུས་ན་གོར་མོའི་ཡུལ་ལྗོངས་འདིས་སྦྱིན་པའི་འཆར་ཡན་གྱི་རི་མོ་འགའ་ཤས་རེད།  ལོ་འགའི་སྔོན་དུ་ངས་མྱ་ངམ་ཐང་འདིའི་སྐོར་གྱི་འཁྲབ་གཞུང་ཞིག་འབྲི་འདོད་སྐྱེས་ཤིང་། རྗེས་སུ་ངས་སྤུན་གཉིས་ཀྱིས་རང་ཉིད་ཀྱི་ཨ་མ་གཅིར་པའི་གཏམ་རྒྱུད་ངོ་མ་ཞིག་ཐོས། སྐྱོ་གར་དེས་ང་རང་ཞེད་དུ་བཅུག་པ་དང་ལྷན་དུ་འཛད་མཐའ་མེད་པའི་འདྲི་གཞི་མང་པོ་ཞིག་གིས་ང་རང་དམ་དུ་བསྡམས། གལ་སྲིད་དོན་དག་དེ་ངའི་ལུས་སྟེང་དུ་བྱུང་ན་ག་རེ་བྱ་དགོས་པ་དང་སྤུན་དེ་གཉིས་ཀས་འཚོ་བར་གདོང་ཇི་ལྟར་གཏད་ཡོད་པ། གདོང་གཏད་པའི་སེམས་དཔའ་འམ། གལ་ཏེ་དཔའ་ན་དེ་ཆོས་ལུགས་ཀྱི་མཐུ་འམ་གང་ལས་བྱུང་བ་སོགས་འདྲི་གཞི་མང་པོས་ང་རང་སྡུག་ལ་སྦྱར་བར་བྱས། རིམ་གྱིས་ངས་སྤུན་དེ་གཉི་གའི་ལས་དབང་ལ་བསམ་བློ་གཏང་མགོ་བརྩམས་ཡིན་ལ་མི་སྣ་དེ་གཉིས་ཀའི་ལས་དབང་གཞིར་བྱས་ནས་འཁྲབ་གཞུང་བློས་བསླངས་བྱས། སྒང་པ་བོད་པ་ནི་ནང་པའི་ཆོས་ལ་དད་ཅིང་བཀུར་བ། ཆོས་ལུགས་ཀྱིས་ཡོད་ཚད་བདག་ཏུ་བཟུང་བའི་མི་རིགས་ཤིག་ཡིན་ཕྱིར། ངས་ཐོག་མར་བོད་མིའི་སེམས་ཁམས་སམ་རིག་གནས་ལས་མི་སྣ་དེ་གཉིས་སྐྱོབ་པའི་འཆར་གཞི་འཐེན་མོད། འཁྲབ་གཞུང་འདི་ལ་ཆ་མཚོན་ན་སྐྱོབ་ཐབས་འདི་ལྟ་བུར་ཐོད་བརྒལ་གྱི་ཆ་ཅི་ཡང་མེད་ལ། ང་རང་ནས་ཀྱང་ཁ་ཏའི་ལམ་ནས་ཁོ་ཚོ་སྐྱོབ་མི་འདོད། སྐྱོབ་ཐབས་འདི་རྙིང་ཞིང་སྟོབས་ཤུགས་མེད་པ་ཞིག་ཏུ་མཐོང་བས། ལོ་ངོ་འདི་གཉིས་ཀྱི་རིང་ལ་ངས་རྟག་པར་ཁོ་གཉིས་ཇི་ལྟར་སྐྱོབ་པའི་སྐོར་ལ་བསམ་བློ་བཏང་བ་ཡིན།

ག་ལེར་མིའི་འཚོ་བ་རང་ངོས་ནས་ཁོ་ཚོ་སྐྱོབ་པར་ཀུན་ལས་ལྷག་པའི་སྟོབས་མངའ་ལ། སྐྱོབ་ཐབས་འདི་ཤར་ཕྱོགས་པའི་ཚེ་སྲོག་གི་མྱོང་བའམ་རིག་གནས་ཀྱི་ངོ་བོ། ཁྱད་པར་དུ་བོད་མིའི་ཚེ་སྲོག་དང་འཚོ་བར་བཅངས་པའི་མྱོང་ཚོར་དང་མཐུན་པར་འདོད་པས། བློས་བསླངས་འདི་གཞི་བྱས་ནས་མིག་སྔའི་འཁྲབ་གཞུང་འདི་གྲུབ་པ་ཡིན། མྱ་ངམ་ཐང་གིས་མི་སྣ་གཙོ་བོའི་སེམས་ཀྱི་གནས་སྟངས་དེ་མངོན་པར་བཤམས་ཐུབ་པས་འཁྲབ་གཞུང་གི་ཡུལ་ལྗོངས་མྱ་ངམ་ཐང་དུ་སྤར་ཞིང་། མི་ཆ་མེད་གཉིས་མཐའ་མེད་པའི་མྱ་ངམ་ཐང་དུ་བཞག་པ་དེས་མི་དང་མིའི་བར་ཐག་གི་ཚོར་བའང་དོན་དང་ལྡན་པར་བྱ་ཐུབ།

གློག་བརྙན་གྱི་སྟངས་སྟབས་མགྱོགས་པའི་ཆེད་དུ་ངས་འདས་པ་དང་ད་ལྟ་གཉིས་བསྣོལ་མར་བསྲེས་ཤིང་། བརྐྱངས་ཕྱག་འཚལ་ནས་ལྷ་སར་སླེབས་རྗེས་ཀྱི་མི་སྣ་གཙོ་བོ་ཉི་མའི་སེམས་ཁམས་ད་ལྟ་རུ་བྱས་ཏེ།  ཁོ་རང་མུན་པ་ནས་ཉི་མར་ཕྱོགས་པ་དང་བདག་མེད་ནས་བདག་ཉིད་རྙེད་པའི་སེམས་ཁམས་བྲིས་ཡོད།   ལི་སྨི18དང་ལི་སྨི25ཅན་གྱི་ལེན་ཤེལ་གྱིས་ཐག་ཆེས་ཉེ་ས་ནས་དལ་ཅག་གེར་ཉི་མའི་སེམས་ཀྱི་འགྱུར་བ་དང་སྙིང་གི་འཕར་ལྡིང་བཟུང་ཡོད་ལ་ཁོའི་མིག་ཟུང་བརྒྱུད་ནས་སྡུག་བསྔལ་གྱི་དབང་གིས་འདར་བའི་བླ་སྲོག་ཀྱང་ཚོར་ཐུབ་པས། བརྙན་རིས་ཀྱི་རང་བཞིན་དེའང་ཉི་མའི་སེམས་ཁམས་དང་མཐུན་པར་བྱས་ཡོད།

གློག་བརྙན་གྱི་རྣམ་པ་སྤྱིར་བཏང་ཡང་ལྗིད་ཀྱིས་ནོན་པ། རྒྱུན་ལྡན་ཀྱང་གཞན་ཆོས་མངོན་པ། འོད་དྲོ་བ་ལས་གྲིབ་འཁྱག་ཚོར་ཐུབ་པར་བྱེད་པ་ནི་ང་ཚོའི་དམིགས་བྱ་སྟེ། འཇམ་མཉེན་དང་གྲང་ཤུར་ཤུར་གྱི་མིག་ཅིག་དང་འདྲ་བའི་བརྙན་ལེན་འཕྲུལ་ཆས་ཀྱིས་དལ་ཅག་གེར་འཁྲབ་སྟོན་པ་དང་རྒྱབ་ལྗོངས་མིག་འོག་ཏུ་བླངས་ནས་མཐོང་ཚད་ཇི་བཞིན་ཏུ་མངོན་པར་བྱེད།

འགྲོ་བ་མི་ནང་བཞིན་སྙིང་གི་འཕར་ལྡིང་དང་ཁྲག་གི་རྒྱུ་བ། དབུགས་ཀྱི་རྔུབ་ལེན་ཅན་གྱི། བླ་སྲོག་གིས་གཏམས་པའི་གློག་བརྙན་ནི་ཆེས་ཕུལ་ཏུ་བྱུང་བ་ཡིན་ཕྱིར། གཟིགས་མོ་བ་ཚོས་དེ་དག་ལ་སེམས་ཀྱིས་རེག་ཐུབ་པ་བྱ་རྒྱུ་ནི་ཁོ་བོའི་རེ་བའོ། །

3 གློག་བརྙན་གྱི་མཚན་སྙན།

2011ལོར། སྐབས30པའི་ཝུན་ཀི་ཧྭའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་སྟག་འབྲུག་བྱ་དགའ་ཐོབ་པ།

2011ལོར། སུའེ་ཙེར་ལུའོ་ཅ་ནུའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། ལོན་ཏོན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ལྗར་པན་ཧྥོ་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཉི་ཤུ་ལྷག་ཏུ་ཚུད།

2013ལོར། གསེར་གྱི་ཁའོ་ལཱ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་འཁྲབ་ཁྲིད་པ་མཆོག་གྱུར་གྱི་བྱ་དགའ་ཐོབ།