སྙན་ངག་མེ་ལོང་མ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-12-25 17:56ལ་འགྲུབ།

སྙན་ངག་མེ་ལོང་མ།

སྙན་ངག་མེ་ལོང་མ།
《སྙན་ངག་མེ་ལོང་མ》ནི་རྒྱ་གར་གྱི་སློབ་དཔོན་ནམ་སྙན་ངག་མཁན་པོ་དཎྜི་སྟེ་བོད་སྐད་དུ་དབྱུག་པ་ཅན་ཞེས་པས་རྒྱ་གར་ཤར་བ་དང་། ལྷོ་བའི་ལམ་སྲོལ་ཐ་དད་པ་དང་། ཤར་ལྷོ་ལམ་སྲོལ་ཐུན་མོང་བ་རྣམས་ཀྱི་སྙིང་པོ་བསྡུས་ནས་ལེའུ་གསུམ་གྱི་གཞུང་ཚད་དུ་དྲིལ་བར་མཛད་པ་འདི་ཉིད། འགྲོ་འགོན་ཆོས་རྒྱལ་འཕགས་པའི་སྐབས། ཤོང་ལོ་རྡོ་རྗེ་རྒྱལ་མཚན་དང་། རྒྱ་གར་གྱི་པཎྜི་ཏ་ཀྵྨཱི་ར་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བོད་ཡིག་ལ་བསྒྱུར་ཏེ་ཕྱིས་སུ་དཔང་བློ་གྲོས་བརྟན་པ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་སྔ་ཕྱིའི་མཁས་པ་མང་པོས་རྒྱ་གཞུང་དང་བསྟུན་ཏེ་འགྱུར་བཅོས་དག་ཐེར་རིམ་པར་མཛད་པའི་སྙན་ངག་གི་གཞུང་ཆེན། དུས་ཕྱིས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་སྤྱི་ལོ1772ལོར་གསར་འགྱུར་བྱས་པ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《诗镜》
རྩོམ་པ་པོ།
སློབ་དཔོན་དཎྜིའམ་དབྱུག་པ་ཅན།
སྒྱར་མཁན།
ཤོང་སྟོན་རྡོ་རྗེ་རྒྱལ་མཚན།
གཞུང་ཚད།
ཤོ་ལོ་ཀ་དྲུག་བརྒྱ་དང་ང་དྲུག
1 ​རྩོམ་པ་པོའི་ལོ་རྒྱུས།

《སྙན་ངག་མེ་ལོང་མ》གི་རྩོམ་པ་པོ་ནི་སློབ་དཔོན་དཎྜི་སྟེ་བོད་སྐད་དུ་སློབ་དཔོན་དབྱུག་པ་ཅན་ཞེས་པ་དེ་ཡིན། སློབ་དཔོན་འདི་དུས་ནམ་ཞིག་ཏུ་བྱོན་པའི་སྐོར་ལ་བཞེད་པ་མི་འདྲ་བ་དུ་མ་མཆིས་ཏེ། ཁ་ཅིག་གིས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མི་ཡིན་པར་འདོད་པ་དང་། ཡང་ཁ་ཅིག་གིས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མི་ཡིན་པར་འདོད་པ་དང་། ཡང་ཁ་ཅིག་གིས་སྤྱི་ལོའི་དུས་རབས་བདུན་པའི་མི་ཡིན་པར་འདོད་པ་སོགས་ཡོད་པ་ལས་ཕྱི་མ་གཙིགས་པར་འདོད། བཤད་རྒྱུན་ལ་རྒྱ་གར་གྱི་སྐད་གྲགས་ཆེ་བའི་རྒྱལ་པོའི་ཕོ་བྲང་གི་སྙན་ངག་མཁན་བྷ་ར་ཝི་ལ་ཆུང་མ་གསུམ་ཡོད་པའི་ནང་ནས་འབྲིང་པོ་ལ་མ་ནོ་རཱ་ཐ་ཟེར། དེ་ལ་བུ་བཞི་བྱུང་བའི་ཆུང་ཤོས་བི་ར་དརྐ་ཡིན། དེ་དང་ཆུང་མ་གཽ་རི་གཉིས་ཀྱི་བུ་དཎྜི་ཡིན་པར་བཤད། སློབ་དཔོན་འདི་ཕྱི་རོལ་མུ་སྟེགས་པའི་པཎྚི་ཏ་ཞིག་ཡིན་ཞིང་། བྲམ་ཟེའི་རིགས་ཀྱི་ཆ་བྱད་ལག་ཏུ་དབྱུ་གུ་འཆང་བས་དབྱུག་པ་ཅན་ཞེས་ཐོགས་པ་ཡིན་ནོ། །

སློབ་དཔོན་འདི་ཆུང་དུས་ནས་ཕ་མ་གཉིས་ཀ་འདས་ནས་དྭ་ཕྲུག་ཏུ་གྱུར་ཏེ་གནས་ངེས་མེད་དུ་འཁྱམས། སྐབས་ཤིག་ཡུལ་དེར་རྒྱལ་པོ་དང་འབངས་མ་མཐུན་པའི་འཁྲུགས་པ་བྱུང་བའི་རྐྱེན་བྱས་ཏེ་ནགས་ཁྲོད་དུ་བྲོས་ནས་ཡུན་རིང་བསྡད་སྐབས་རིག་གནས་ལ་མཁས་པར་སྦྱངས། ཡུལ་གྱི་འཁྲུགས་པ་ཞི་རྗེས་སླར་འཁོར་ཏེ་རྒྱལ་པོ་པཱ་ལླ་བའི་བློན་པོར་གྱུར། བཤད་རྒྱུན་གཞན་ཞིག་ལ། སློབ་དཔོན་འདི་རྒྱལ་པོ་པུ་ལ་ཀེ་ཤ་ཞེས་བྱ་བའི་སྤུན་ཁྱབ་འཇུག་འཕེལ་དང་མཛའ་གྲོགས་སུ་གྱུར་པས། རྒྱལ་པོ་དེའི་བུ་འགའ་ཞིག་གི་ཆེད་དུ《སྙན་ངག་མེ་ལོང་མ》འདི་བརྩམས་པ་ཡིན་ཟེར། གཞན་ཡང་ཁོང་གིས《གཞོན་ནུ་བཅུའི་འཇུག་པ》བྱ་བ་ཞིག་དང་ཟློས་གར་གྱི་བསྟན་བཅོས་ཤིག་ཀྱང་བརྩམས་པར་གྲགས།

2 བོད་དུ་དར་ཚུལ།

《སྙན་ངག་མེ་ལོང་མ》བོད་དུ་ཇི་ལྟར་དར་བ་ཡིན་ཞེ་ན། དུས་རབས་བཅུ་གསུམ་པའི་དུས་འགོར་ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་ལ་འཇུག་པའི་སྒོ》ཞེས་བྱ་བའི་བསྟན་བཅོས་སུ་སྙན་ངག་མེ་ལོང་མ་བོད་ལ་ཐོག་མར་མཚམས་སྦྱོར་བྱས། དེ་ཡང་བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པ་དང་། གོ་དཀའ་ཞིང་སྒྱུར་དཀའ་བ། བོད་ཀྱི་སྐད་ལ་ཚིག་སྡུད་དང་། སྡེབ་སྦྱོར་ལྕི་ཡང་གི་པྲསྟཱ་ར། སྦྱར་རྒྱན་ཕལ་ཆེར། སྒྲ་རྒྱན་གྱི་བྱ་དཀའ་བ་སོགས་ལྭ་བའི་ཐོག་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ་པ་བཅས་ཀྱི་དབང་གིས་ཚིགས་བཅད་ཉུང་ངུ་ཞིག་བསྒྱུར་པ་ལས་ཆ་ཚང་བར་བསྒྱུར་མེད། འགྲོ་མགོན་འཕགས་པའི་སྐབས་སུ་བོད་མཁས་པ་རྣམས་ཀྱིས་ས་པཎ་གྱི《མཁས་འཇུག》ལ་བརྟེན་ནས་རྩོམ་རིག་གཞུང་ལུགས་ཀྱི་གལ་ཆེན་རང་བཞིན་ཤེས་པ་དང་། དེ་དང་ཆབས་ཅིག《མཁས་འཇུག》ལས་བསྟན་པའི་རྩོམ་འཇུག་དེས། སྐབས་དེའི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་པ་དེ་ཡང་རྟོགས། དེའི་ཤུགས་རྐྱེན་འོག《སྙན་ངག་མེ་ལོང་མ》ཆ་ཚང་བོད་སྐད་དུ་བསྒྱུར་པ་དང་། དེའི་འགྲེལ་བ་བརྩམས་པ་དང་། འཆད་ཉན་གྱི་རྒྱུན་སྤེལ་བ་བཅས་བྱས། འགྲེལ་བ་རྩོམ་པའི་བརྒྱུད་རིམ་ཁྲོད་དུ་བོད་ཀྱི་མཁས་པ་ཚོས་བོད་སྐད་ཀྱི་ཁྱད་ཆོས་དངོས་གཞིར་བཟུང་ནས་ཁ་གསབ་དང་། སྒྱུར་བཅོས། གསར་གཏོད་སོགས་མཛད་པས། 《སྙན་ངག་མེ་ལོང་མ》ནི་བོད་རང་གི་རྩོམ་རིག་དང་། རྩོམ་འཇུག  ཚིག་རྒྱན་བཅས་ཀྱི་གཞུང་ལུགས་ཤིག་ཏུ་གྱུར་པས། བོད་ཀྱི་འབྲི་རྩོམ་ལག་ལེན་ལ་གཞུང་ལུགས་ཀྱི་མཛུབ་སྟོན་མེད་པ་ནས་ཡོད་པར་གྱུར་ཅིང་། རྩོམ་རིག་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན། 

དེ་སྔོན་བོད་ཀྱི་སྙན་ངག་གི་འགྲེལ་བ་མང་ཆེ་བར། ས་སྐྱ་པཎྚི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》ཞེས་པའི་གསུངས་རྩོམ་ནང་དུ་སློབ་དཔོན་དཎྜིས་བརྩམས་པའི《སྙན་ངག་མེ་ལོང་མ》གི་ཚིག་མང་ཙམ་ཞིག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ས་སྐྱའི་གཙུག་ལག་ཁང་དུ《སྙན་ངག་མེ་ལོང་མ》གི་གཞུང་འདི་ཆ་ཚང་བར་བསྒྱུར་བའི་སྔོན་ལ་བོད་དུ་སྙན་ངག་གི་ལུགས་སྲོལ་མ་དར་བ་ལྟ་བུ་ཞིག་གསུངས་པ་དེ་ནི《སྙན་ངག་མེ་ལོང་མ》གི་གཞུང་འདི་བོད་སྐད་དུ་མ་བསྒྱུར་གོང་སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་མེད་པའི་དོན་ཡིན་གྱི། དེའི་གོང་དུ་བོད་ལ་སྙན་ངག་རྩ་བ་ནས་མེད་པ་དང་རྩོམ་མི་ཤེས་པའི་དོན་མིན་ཏེ།  སྙན་ངག་གི་རྩོམ་རིག་ནི་ཐོག་མར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་དང་། སྤྱི་ཚོགས་ཀྱི་འཚོ་བ་དངོས་དེ་མི་རྣམས་ཀྱི་བསམ་བློར་འཆར་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པ་མ་གཏོགས། རྩོམ་པ་པོ་སུ་ཞིག་གིས་རང་ཉིད་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྟེན་ནས་གློ་བུར་དུ་གསར་གཏོད་བྱས་པ་ཞིག་མིན། རིག་རྩལ་གྱི་ཁོངས་སུ་གཏོགས་པའི་སྙན་ངག་ནི། རྩོམ་པ་པོ་དེས་རང་ཉིད་གནས་པའི་ཁོར་ཡུག་གི་འཚོ་བ་དངོས་ཀྱི་སྣང་ཚུལ་མང་པོ་རང་ཉིད་ཀྱི་བསམ་བློའི་འཆར་བ་དེ་གཟུགས་སུ་འགོད་པའི་རྣམ་པའི་ཐོག་ནས་རང་ཉིད་བསམ་ཚུལ་མཚོན་པར་བྱེད་པའི་རྩོམ་ཞིག་དང་། འཚོ་བ་དངོས་དེ་ལས་ཚད་མཐོ་ཞིང་གཅིག་བསྡུས་རང་བཞིན་ལྡན་པའི་རིག་རྩལ་ཞིག་ཡིན། དེར་བརྟེན་སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་བོད་དུ་མ་དར་གོང་དུ་བོད་རིགས་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་སྙན་ངག་ཡོད་པ་གསལ་བཤད་བྱེད་ཐུབ།

3 བརྩམས་ཚུལ།

སློབ་དཔོན་དཎྜི་ནི་རྒྱ་གར་གྱི་གུཔྟའི་རྒྱལ་རབས་མཇུག་རྫོགས་པའི་རྗེས་ཙམ་ལ་འཁྲུངས་པ་ཡིན་ཞིང་། གུཔྟའི་རྒྱལ་རབས་ཀྱི་སྐབས་སུ་རྒྱ་གར་གྱི་རྒྱལ་ཁམས་ཆ་གང་ཐད་ནས་ཉི་མ་ཉིནགུང་ལ་བསླེབས་པ་བཞིན་དར་བའི་སྐབས་ཡིན་ཏེ། དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེ་ལ། ལྷག་པར་ལེགས་སྦྱར་གྱིས་བརྩམས་པའི་རྩོམ་རིག་ལ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་། རྨང་གཞི་དེ་ལྟ་བུ་ཡོད་པ་ལ་བརྟེན་ནས། རྩོམ་རིག་གི་ཐབས་རྩལ་གཙོ་བོར་སྟོན་པའི་རྩོམ་རིག་དང་ཚིག་རྒྱན་གྱི་བསྟན་བཅོས་ལའང་འཕེལ་རྒྱས་ངེས་ཅན་ཞིག་བྱུང་། སྐབས་དེར་དེའི་སྐོར་གྱི་བསྟན་བཅོས་མི་ཉུང་བ་ཞིག་ཡོད་པར་ངེས་མོད། འོན་ཀྱང་ད་ལྟ་མཐོང་ཐུབ་པ་ནི་སློབ་དཔོན་དཎྜིས་བརྩམས་པའི《སྙན་ངག་མེ་ལོང་མ》དང་། བྷ་མ་ཧ་ཡིས་བརྩམས་པའི《དབྱངས་ཅན་མགུལ་རྒྱན》གཉིས་ཡིན། གཞན་ཡང་། དུས་རབས་གཉིས་པའི་སྐབས་སུ་བྷ་ར་ཏ་མུ་ནིས་ཟློས་གར་གྱི་མཚན་ཉིད་དམ་ངོ་བོ་སྟོན་པའི་གཞུང་ཞིག་བརྩམས་ཡོད་པ་དེར་ཡང་དེའི་སྐོར་ཅུང་ཟད་ཅིག་བཀོད་ཡོད། དེ་ཡང《སྙན་ངག་མེ་ལོང་མ》གི་རྩོམ་པར་དམ་བཅའ་བ་ལས།

བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །

སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །

ཇི་ལྟར་ནུས་བཞིན་བདག་གིས་ནི། །

སྙན་ངག་རྣམས་ཀྱི་མཚན་ཉིད་བྱ། །

ཞེས་བསྟན་བཅོས་སྔ་མ་སྟེ་རྒྱན་གྱི་བསྟན་བཅོས་སྔོན་བྱུང་བ་རྒྱ་ཆེན་པོ་རྣམས་ལས་ཚིག་ཉུང་དོན་ཚང་རྣམ་པར་གསལ་བས་གཞུང་ཆེན་པོ་དེ་དག་གི་དོན་མ་ལུས་པ་འདིར་བདེ་བླག་ཏུ་རྟོགས་པར་འགྱུར་བས་གཟུང་སླ་བའི་བསྟན་བཅོས་སུ་བསྡུས་ཤིང་། སྐབས་དེའི་སྙན་ངག་གི་སྦྱོར་བ་རྣམས་ལ་ཞིབ་འཇུག་བྱས་ཏེ《སྙན་ངག་མེ་ལོང་མ》ཞེས་པའི་བསྟན་བཅོས་འདི་ཉིད་བརྩམས་པ་རེད།

4 འགྱུར་དང་འགྲེལ་བ།

བོད་དུ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས《མཁས་པ་འཇུག་པའི་སྒོ》རུ་སྙན་ངག་གི་གཞུང་མེ་ལོང་མའི་ཚིགས་བཅད་མི་ཉུང་བ་ཞིག་བོད་སྐད་དུ་བསྒྱུར་ནས་ངོ་སྤྲོད་དང་འགྲེལ་བཤད་མཛད་ཡོད་ཅིང་། དུས་རབས་བཅུ་གསུམ་པའི་དུས་མཇུག་ཏུ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ལོ་ཙཱ་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཀའ་ཕབ་ནས་ས་སྐྱའི་གཙུག་ལག་ཁང་དུ་པཎྚི་ཏ་ལཀྵིམ་ཀ་ར་དང་ལྷན་དུ《སྙན་ངག་མེ་ལོང་མ》ཞེས་བྱ་བའི་གཞུང་འདི་ཐོག་མར་ཆ་ཚང་བར་བོད་སྐད་དུ་བསྒྱུར(སྤྱི་ལོ1227ལོར)། དེའི་ཕྱིས་སུ་དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་འགྱུར་བཅོས་དང་འཆད་ཉན་ལེགས་པར་མཛད། དེའི་རྗེས་སུ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས(1444--1529)མེ་ལོང་མའི་རྒྱ་དཔེ་རྙིང་བ་དང་འགྲེལ་བའི་རྒྱ་དཔེར་གཏུགས་ཏེ་དག་བཅོས་དང་མཆན་བུ་འགའ་ཡང་འདེབས་པར་མཛད། རབ་བྱུང་དགུ་པའི་མེ་ཁྱི་སྟེ་སྤྱི་ལོ1526ལོར་སྡེ་པ་རིན་སྤུངས་པ་ངག་དབང་འཇིག་གྲགས་ཀྱིས《སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ》བྱ་བ་བརྩམས་པ་དང་། དུས་རབས་བཅུ་དྲུག་པའི་དུས་མགོར་བྱོན་པའི་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཀྱང་མེ་ལོང་མར་འགྲེལ་བ་བརྩམས་ཡོད། རབ་བྱུང་བཅུ་གཅིག་པའི་མེ་ཕག་སྟེ་སྤྱི་ལོ1647ལོར་རྒྱལ་དབང་ལྔ་པ་ཆེན་མོས《སྙན་ངག་མེ་ལོང་མ་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》མཛད་པ་དང་། རབ་བྱུང་བཅུ་གཅིག་པའི་ས་རྟ་སྟེ་སྤྱི་ལོ1678ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས《སྙན་ངག་མེ་ལོང་མ་གི་བཤད་སྦྱར་དཎྜིའི་དགོངས་རྒྱན》མཛད། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་སྟེ་སྤྱི་ལོ1777ལོར། སྡེ་དགེ་དཔལ་སྤུངས་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས། སིངྒ་ལར་སྐུ་འཁྲུངས་པའི་ནང་པའི་པཎྚི་ཏ་རཏྞ་ཤྲཱི་དང་པཎ་ཆེན་ངག་དབང་གྲགས་པའི་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་དང་བསྡུར་ནས་འགྱུར་བཅོས་ལེགས་པར་མཛད་པའི་གཞུང《མེ་ལོང་མ་སྐད་གཉིས་ཤན་སྦྱར》ད་ལྟ་ཁམས་སྡེ་དགེའི་སི་ཏུའི་བཀའ་འབུམ་ཁྲོད་དུ་བཞུགས་ཡོད། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྟེ་སྤྱི་ལོ1770ལོར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་སློབ་མ་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་བླ་མའི་གསུང་རྒྱུན་ཟིན་བྲིས་བྱས་པ་གཞིར་བཟུང་ནས《སྙན་ངག་མེ་ལོང་མ་གི་འགྲེལ་བ་དབྱངས་ཅན་ངག་་གི་རོལ་མཚོ》བརྩམས་པ་དང་། རབ་བྱུང་བཅོ་ལྔ་པའི་ས་བྱ་སྟེ་སྤྱི་ལོ1909ལོར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ》མཛད་པ་སོགས་གཞུང་འདི་ལ་འགྲེལ་བཤད་ཀྱི་བསྟན་བཅོས་མང་པོ་བྱུང་། བསྟན་བཅོས་དེ་དག་ཏུ《སྙན་ངག་མེ་ལོང་མ》གི་རྩ་བ་དྲངས་ནས་འགྲེལ་བཤད་ཞིབ་རྒྱས་སུ་བྱས་ཡོད་པར་མ་ཟད། བསྟན་བཅོས་ལ་ལར་ད་དུང་གཞུང་དོན་ལ་ཁ་སྣོན་ཡང་བྱས་ཡོད།

《སྙན་ངག་མེ་ལོང་མ》ཞེས་པའི་བསྟན་བཅོས་འདིའི་མཚན་དོན་ནི། སྙན་ངག་གི་བསྟན་བཅོས་ཆེན་པོ་ལུས་དང་རྒྱན་གྱིས་བསྡུས་པ་གང་ཡིན་དེ་རྣམས་ཀྱི་མཚན་ཉིད་ནི་རྒྱན་གྱི་བསྟན་བཅོས་འདིས་མཚོན་པར་བྱེད་པས་ན་སྙན་ངག་གི་གཟུགས་ཐམས་ཅད་མ་ལུས་པར་ལྟ་བར་བྱེད་པའི་མེ་ལོང་ལྟ་བུ་ཡིན་ཞེས་པའི་དོན་དང་། འདིའི་ཁྲོད་ན་རྩོམ་རིག་གཞུང་ལུགས་ཀྱི་སྐོར་ཅུང་ཙམ་ཡོད་པ་ལས་གཞན། གཞུང་འདིས་གཙོ་བོ་རྩོམ་ལུས་དང་། ཚིག་རྒྱན་སྦྱོར་ཚུལ། རྩོམ་འབྲིའི་ཤེས་བྱ་སོགས་བསྟན་ཡོད། 

5 གྲངས་ཚད་དང་ནང་དོན།

《སྙན་ངག་མེ་ལོང་མ》ནི་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན། དེ་ལས་ལེའུ་དང་པོར་ཤོ་ལོ་ཀ་བརྒྱ་དང་ལྔ་ཡོད་པ་དང་། གཙོ་བོ་སྙན་ངག་གི་ལུས་དང་རྩོམ་གཤིས་སོགས་བསྟན།  ལེའུ་གཉིས་པར་ཤོ་ལོ་ཀ་སུམབརྒྱ་དང་རེ་ལྔ་ཡོད་པ་དང་། གཙོ་བོ་དོན་རྒྱན་སོ་ལྔ་བསྟན། ལེའུ་གསུམ་པར་ཤོ་ལོ་ཀ་བརྒྱ་དང་གྱ་དྲུག་ཡོད་པ་དང་། གཙོ་བོ་སྒྲ་རྒྱན་དང་། གབ་ཚིག་གི་རྒྱན། སྐྱོན་སེལ་བཅས་བསྟན། གཞུང་འདིར་ཁྱོན་བསྡོམས་ཤོ་ལོ་ཀ་དྲུག་བརྒྱ་དང་ང་དྲུག་ཡོད་ཅིང་། ཚིགས་བཅད་རྣམས་ལ་རྐང་བ་རིང་ཐུང་ཅི་རིགས་པར་སྣང་ལ། དེ་དག་གི་དོན་བསྡུ་ན། ལུས་དང་རྒྱན་དང་སྐྱོན་སེལ་གསུམ་དུ་འདུས་པ་ཡིན་ནོ།།

6 ལུས་རྒྱན་སྐྱོན་སེལ།

སྐབས་འདིར་སྙན་ངག་གི་ལུས་ཞེས་པ་ནི། རང་གི་གང་བརྗོད་བྱར་འདོད་པའི་ཁྱད་པར་དེ་དང་ལྡན་པའི་མིང་ཚིག་ཡི་གེ་ཚོགས་པའི་རང་བཞིན་ཅན་གྱི་ངག་གི་རྒྱུན་དེ་ལ་ཟེར་ཞིང་། དེ་འདྲ་བའི་ངག་རྒྱུན་དེ་ཉིད་ལ། དཔེ་རྒྱན་དང་། དོན་རྒྱན། གབ་ཚིག་གི་རྒྱན་སོགས་ཉམས་ཕུན་སུམ་ཚོགས་པར་སྦྱར་བ་ནི་རྒྱན་ཞེས་བྱ་ལ། དེ་ལྟ་བུའི་སྙན་ངག་ལ། ཚིག་དོན་སྔ་ཕྱི་འགལ་བ་དང་འབྲེལ་མ་ཆགས་པ། བསྐྱར་བཟློས་མང་བ། སྒྲོ་འདོགས་གཅོད་མི་ནུས་པ། ཡུལ་དུས་ལུང་རིགས་སོགས་དང་འགལ་བའི་སྐྱོན་སྤངས་པ་ནི་སྐྱོན་སེལ་ཞེས་བྱ་བ་ཡིན་ཏེ། དཔེར་ན། སྙན་ངག་གི་ལུས་ནི་སྐྱེ་བུ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ལུས་དང་འདྲ་བ་དང་། སྙན་ངག་གི་རྒྱན་ནི། དེ་འདྲའི་སྐྱེས་བུ་དེར་རྒྱན་གོས་བཟང་བོས་སྤྲས་པ་དང་མཚུངས་ཤིང་། སྙན་ངག་གི་སྐྱོན་སེལ་ནི། དེ་འདྲའི་སྐྱེས་བུ་དེར་བཞིན་རས་ནག་ནོག་དང་། མིག་གི་ལྟ་སྟངས། ཀུན་སྤྱོད། རྒྱན་གོས་ཀྱི་གོ་རིམ་སོགས་སྐྱོན་ཕྲ་མོ་ཙམ་ཡང་སེལ་ན་སྔར་ལས་མཛེས་ཤིང་ཡིད་དུ་འོང་བར་འགྱུར་བ་དེ་དང་འདྲ་བ་ཡིན་པས། ལུས་རྒྱན་སྐྱོན་སེལ་གསུམ་ནི་སྙན་ངག་གི་གཞུང་འདིའི་བརྗོད་བྱ་གཙོ་བོ་ཡིན་ནོ།།