ལཱུ་ཡི་པ(ཉ་ལྟོ་བ)ཞེས་བྱ་བ། ཉའི་རྒྱུ་མ་ཟོས་པས་རྣལ་འབྱོར་པ་ཉ་ལྟོ་བར་གྲགས་པ་ཡིན་ལ། དེ་ཡང་སིངྒ་གླིང་གི་རྒྱལ་པོ་ཆེན་པོ་ཞིག་ལ་རྒྱལ་སྲིད་ཀྱི་ཚོགས་རྣམ་ཐོས་ཀྱི་བུ་དང་མཉམ་པ། རྒྱལ་པོའི་ཁང་བཟང་ཐམས་ཅད་རིན་པོ་ཆེ་གསེར་དངུལ་མུ་ཏིག་ལ་སོགས་པ་དུ་མས་བརྒྱན་ཞིང་འབྲུ་ལ་སོགས་པས་གང་བ་སྲས་ཀྱང་གསུམ་མངའ་བ་ལ། ཡབ་གཤེགས་ནས་སྲས་བར་པས་རྒྱལ་པོ་བྱས་ནས་རྒྱལ་སྲིད་བརྟན་ཞིང་། བློན་འབངས་སྐྱིད་པ་ལ་སོགས་པའི་ཡོན་ཏན་མང་པོ་ཡོད་དོ་ཞེས་རྩིས་པ་རྣམས་ཀྱིས་སྨས་པ་དང་། ཡབ་ཀྱིས་ཀྱང་དེ་ལ་དགོངས་ནས་རྒྱལ་སྲིད་བསྔོས་ཤིང་། ཐམས་ཅད་ཀྱིས་རྒྱལ་ཚབ་ཏུ་དབང་བསྐུར་བས་གཅེན་དང་། གཅུང་པོ། འབངས་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་ནས་རྒྱལ་ཚབ་ཏུ་གསོལ་བ་བཏབ་པས་རྒྱལ་བུ་དེ་མ་འདོད་ནས་འབྲོས་པར་བརྩམས་པ་དང་། མཆེད་འབངས་ཀུན་གྱིས་གསེར་གྱི་སྒྲོག་ཏུ་བཅུག་པས་དེར་རྒྱལ་བུས་འཁོར་སྲུང་ཀུན་ལ་གསེར་དངུལ་གྱི་བརྔན་པ་བྱིན་ནས། མཚན་མོ་གོས་ཚེམ་བུ་ཅན་གྱོན་ཏེ། སྐྱེལ་མ་ལའང་གསེར་ལ་སོགས་པའི་བརྔན་པ་བྱིན་ནས་བྲོས། རྒྱལ་པོ་ར་མ་ནའི་ཡུལ་ར་མེ་ཤྭ་རར་ཕྱིན། སྟན་དར་ཟབ་ལས་བྱས་པ་བོར་ནས། ཀྲྀཥྞ་ས་ར་དང་། རོའི་གདན་བཏིང་། སྐྲ་ཟིང་། རྒྱལ་སྲིད་སྤངས་ནས་ཐལ་བའི་ནང་དུ་ཉལ་ལོ། ། རྒྱལ་བུ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པས་ཀུན་གྱིས་བཟའ་བ་དང་བཅའ་བ། བཏུང་བ་ལ་སོགས་པ་མི་བཀྲེས་པར་བྱིན་ནོ། ། དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ས་པ་ལིའི་པུ་ཊའི་དུར་ཁྲོད་དུ་མཚན་མོ་ཉལ་ཞིང་། ཉིན་མོ་ཚོང་འདུས་སུ་འཚོ་བ་བསླངས་པས་ཆང་ཚོང་གླིང་གི་གཙོ་མོ་དེ་འཇིག་རྟེན་པའི་རྡོ་རྗེ་མཁའ་འགྲོ་མ་ཡིན་པས། དེས་རྒྱལ་བུ་ལ་བརྟགས་པས། འདིའི་འཁོར་ལོ་བཞི་ལ་སོགས་པའི་དྲི་མ་གཞན་ཐམས་ཅད་དག་ཀྱང་། སྙིང་ག་ན་རིགས་ཀྱི་རྟོག་པ་སྲན་མ་ཙམ་ཞིག་མ་དག་པར་འདུག་ཟེར་རོ། །དེ་ནས་དེ་སྦྱང་བའི་ཕྱིར་བུད་མེད་དེས་རྫ་མའི་སྣོད་དུ་ཟས་རུལ་པ་བླུགས་ནས་བྱིན་པ་ལ། རྒྱལ་བུས་བསྐྱུར་བ་དང་མཁའ་འགྲོ་མ་དེ་ཁྲོས་ནས་ཁྱོད་ཀྱིས་ཟས་བཟང་ངན་གྱི་རྣམ་པར་རྟོག་པ་མ་སྤངས་ན་ཆོས་ག་ལ་ཡོང་ཞེས་སྨྲས་པས། དེ་ལ་རྣམ་རྟོག་དང་མཚན་མ་ནི་བྱང་ཆུབ་ཀྱི་གེགས་སུ་འདུག་སྙམ་དུ་ཤེས་ནས། རྒྱལ་བུས་རྣམ་རྟོག་དང་མཚན་མ་སྤངས་ཏེ་ཆུ་བོ་གངྒཱའི་འགྲམ་དུ་ཉ་བསད་པའི་རྒྱུ་ལྟོ་ས་ལ་བསྐྱུར་བ་རྣམས་བླངས་ནས་དེས་འཚོ་བ་བྱས་ཏེ་ལོ་བཅུ་གཉིས་བསྒོམས་པས་གྲུབ་པ་ཐོབ་བོ། །མཚན་ཡང་ལཱུ་ཡི་པར་གྲགས་སོ། ། ལཱུ་ཡི་པའི་རྟོགས་བརྗོད་ནི། ཁྱི་རྒན་མི་བསྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །བློ་དམན་སྐལ་མེད་དག་ལ་བླ་མའི་གདམས་ངག་བྱིན་པས་རང་རྒྱུད་མ་ལུས་བསྲེགས། །གླང་ཆེན་མྱོས་པའི་སྣ་ལ་རལ་གྲི་བཏགས་ནས་ཕྱོགས་ཀུན་ཉུལ་བས་དགྲ་དཔུང་འཇོམས། །སྐལ་བཟང་སྐྱེ་མེད་རྟོགས་པ་བདག་ནི་སྣང་བ་ཐུག་ཕྲད་དག་གི་རྣམ་རྟོག་འཇོམས། །ཞེས་གསུངས་སོ། །