དྲང་ཐིག་འགུལ་སྐྱོད།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2015-12-31 18:06ལ་འགྲུབ།

དྲང་ཐིག་འགུལ་སྐྱོད།

དྲང་ཐིག་འགུལ་སྐྱོད།
དངོས་གཟུགས་ཡོད་ཚད་ལ་ཆེ་ཆུང་དང་རྣམ་པ་ངེས་ཅན་ལྡན་པས། དངོས་གཟུགས་ཀྱི་ཁག་སོ་སོའི་འགུལ་སྐྱོད་གནས་ཚུལ་གཅིག་འདྲ་ཡིན་པའི་ངེས་པ་མེད་པ་དང་དངོས་གཟུགས་ཤིག་སྤུས་གནས་སུ་བལྟས་ཆོག་མིན་དེ་གནད་དོན་གྱི་གནས་ཚུལ་དངོས་ལ་བལྟས་ནས་ཐག་གཅོད་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
直线运动
1 འགུལ་སྐྱོད།

1.png

ང་ཚོའི་མཐའ་འཁོར་གྱི་གང་ས་གང་དུ་དངོས་གཟུགས་འགུལ་སྐྱོད་བྱེད་པ་མཐོང་ཐུབ་སྟེ། ཆུ་བོ་དྲག་ཏུ་རྒྱུག་པ་དང་། བྱ་བྱེའུ་འཕུར་སྐྱོད་བྱེད་པ། སྡོང་ལོ་གཡོ་འགུལ་བྱེད་པ། རླངས་འཁོར་ཤར་བགྲོད་བྱེད་པ། འཕྲུལ་འཁོར་འཁོར་སྐྱོད་བྱེད་པ་སོགས་རང་བྱུང་ཁམས་ཀྱི་དངོས་གཟུགས་ཡོད་ཚད་མཚམས་མི་འཇོག་པར་འགུལ་སྐྱོད་བྱེད་བཞིན་ཡོད། རྒྱུན་པར་བརྟན་འཇགས་སུ་གནས་ཡོད་སྙམ་པའི་དངོས་གཟུགས་ཏེ། དཔེར་ན་ཁང་བ་དང་།ཟམ་པ། རི་ལྷུན་པོ་སོགས་ཀྱང་སའི་གོ་ལ་དང་བསྟུན་ནས་འགུལ་སྐྱོད་བྱེད་བཞིན་ཡོད། དགུ་ཚིགས་ཀྱི་མ་ལག་ཁྲོད་དུ་ཉི་མའང་མཚམས་མི་འཇོག་པར་འགུལ་སྐྱོད་བྱེད་བཞིན་ཡོད། ཅོག་ངོས་སྟེང་དུ་ཞི་འཇགས་སུ་བཞག་པའི་སློབ་དེབ་ཀྱི་ནང་རོལ་གྱི་ཆ་རྡུལ་དང་། མ་རྡུལ་ཡང་མཚམས་མི་འཇོག་པར་འགུལ་སྐྱོད་བྱེད་བཞིན་ཡོད། འཇིག་རྟེན་ཁམས་ཀྱི་དངོས་གཟུགས་ཡོད་ཚད་དེ་ཆེ་བ་གནམ་གཟུགས་དང་། ཆུང་བ་ཆ་རྡུལ་དང་མ་རྡུལ་ཚང་མ་ནམ་ཡང་འགུལ་སྐྱོད་བྱེད་བཞིན་ཡོད།

2 འཕྲུལ་ཆས།

དངོས་གཟུགས་ཤིག་དངོས་གཟུགས་བཞན་ཞིག་གི་གནས་སར་བལྟས་ནས་བྱུང་བའི་འགྱུར་ལྡོག་ལ་འཕྲུལ་ཆས་འགུལ་སྐྱོད་ཟེར་ཞིང་།བསྡུས་མིང་ལ་འགུལ་སྐྱོད་ཟེར།

3 མ་ལག།

ང་ཚོས་རྒྱུན་པར་སྡོང་བོ་དང་ཁང་བ་ནི་ཞི་འཇགས་སུ་གནས་བ་དང་། སྐྱོད་བཞིན་པའི་རླངས་འཁོར་ནི་འགུལ་སྐྱོད་བྱེད་པ་ཡིན་ཞེས་བརྗོད། དེ་ནི་ས་ངོས་ཚད་གཞི་བྱས་ནས་བརྗོད་པ་ཡིན། སྐྱོད་བཞིན་པའི་མེ་འཁོར་ནང་དུ་བསྡད་པའི་འགྲུལ་བས་རང་ཉིད་ཞི་འཇགས་སུ་བསྡད་ཡོད་ལ། འཁོར་སྒྲོམ་ནང་དུ་འགྲོ་འོང་བྱེད་པའི་མེ་འཁོར་ཞབས་ཞུ་བ་འགུལ་སྐྱོད་བྱེད་པ་དང་། ལམ་འགྲམ་གྱི་སྡོང་བོ་གཞུག་ཕྱོགས་སུ་སྐྱོད་པར་སྙམ། དེ་དག་ཚང་མ་ནི་འཁོར་སྒྲོམ་ཚད་གཞིར་བཟུང་ནས་བཤད་པ་ཡིན། དངོས་གཟུགས་ཤིག་གི་འགུལ་སྐྱོད་བརྗོད་སྐབས། ཚད་གཞིར་བདམས་པའི་དངོས་གཟུགས་གཞན་པ་དེ་ལ་ཟུར་ལྟའི་མ་ལག་ཟེར།

4 སྤུས་གནས།

དངོས་གཟུགས་ཡོད་ཚད་ལ་ཆེ་ཆུང་དང་རྣམ་པ་ངེས་ཅན་ལྡན་པས། དངོས་གཟུགས་ཀྱི་ཁག་སོ་སོའི་འགུལ་སྐྱོད་གནས་ཚུལ་གཅིག་འདྲ་ཡིན་པའི་ངེས་པ་མེད། དཔེར་ན། རླངས་འཁོར་སྐྱོག་ནས་འགྲ་སྐབས་ཕྱི་ལོགས་ཀྱི་གཞུ་དབྱིབས་འཁོར་ལམ་དེ་ནང་ལོགས་ཀྱི་གཞུ་དབྱིབས་འཁོར་ལམ་ལས་ཅུང་རིང་། དེ་ལྟར་ན། དངོས་གཟུགས་ཀྱི་འགུལ་སྐྱོད་ཞིབ་མོར་བརྗོད་དགོས་པ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་མོད། འོན་ཀྱང་གནས་ཚུལ་འགའ་ཞིག་གི་འོག་དངོས་གཟུགས་ཀྱི་ཆེ་ཆུང་དང་རྣམ་པར་བསམ་གཞིགས་མ་བཏང་ན་གནད་དོན་སྟབས་བདེར་འགྱུར་བ་རེད། མེ་འཁོར་ཞིག་པེ་ཅིན་ནས་ཐེན་ཅིན་དུ་བསྐྱོད་པར། ང་ཚོས་མེ་འཁོར་འཁོར་སྐྱོད་བྱེད་པའི་དུས་ཚོད་ལྟ་བུའི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས། མེ་འཁོར་གྱི་རིང་ཚད་དེ་པེ་ཅིན་ནས་ཐེན་ཅིན་བར་གྱི་བར་ཐག་ལས་ཧ་ཅང་ཐུང་བས། མེ་འཁོར་གྱི་རིང་ཚད་ལ་བསམ་གཞིགས་གཏོང་མི་དགོས་པ་དང་། ང་ཚོས་སའི་གོ་ལའི་སྤྱི་འཁོར་ལ་གྲོས་བསྡུར་བྱེད་སྐབས། སའི་གོ་ལའི་ཚངས་ཐིག(ཕལ་ཆེར1.3×104kmཡིན)ནི་སའི་གོ་ལ་དང་ཉི་མའི་བར་གྱི་བར་ཐག(ཕལ་ཆེར1.5×108kmཡིན)ལས་ཧ་ཅང་ཐུང་བས། སའི་གོ་ལའི་ཆེ་ཆུང་ལའང་བསམ་གཞིགས་གཏོང་མི་དགོས། གནས་ཚུལ་འདི་དག་གི་འོག་ཏུ། ང་ཚོས་དངོས་གཟུགས་དེ་སྤུས་ཚད་ལྡན་པའི་ཚེག་ཅིག་ཏུ་བལྟས་ཆོག་པ་དང་། ཡང་ན་སྤུས་ཚད་ལྡན་པའི་ཚེག་ཅིག་གིས་དངོས་གཟུགས་ཧྲིལ་བོའི་ཚབ་བྱས་ན་ཆོག དངོས་གཟུགས་ཀྱི་ཚབ་བྱེད་པར་བཀོལ་བའི་སྤུས་ཚད་ལྡན་པའི་ཚེག་དེ་ལ་སྤུས་གནས་ཟེར། 

5 མེ་འཁོར་གྱི་སྤུས་གནས།

དངོས་གཟུགས་ཤིག་སྤུས་གནས་སུ་བལྟས་ཆོག་མིན་དེ་གནད་དོན་གྱི་གནས་ཚུལ་དངོས་ལ་བལྟས་ནས་ཐག་གཅོད་བྱེད་དགོས། མེ་འཁོར་པེ་ཅིན་ནས་ཐེན་ཅིན་དུ་སྐྱོད་པར་ཞིབ་འཇུག་བྱེད་སྐབས། མེ་འཁོར་སྤུས་གནས་སུ་བལྟས་ཆོག གལ་ཏེ་མེ་འཁོར་ཧྲིལ་བོ་ལམ་རྟགས་ཤིག་བརྒྱུད་པར་བཀོལ་བའི་དུས་ཚོད་ལ་ཞིབ་འཇུག་བྱེད་སྐབས། མེ་འཁོར་གྱི་རིང་ཚད་ལ་བསམ་གཞིགས་གཏོང་དགོས་པ་སྨོས་མ་དགོསལ། སྐབས་འདིར་མེ་འཁོར་སྤུས་གནས་སུ་བལྟ་མི་རུང་། སའི་གོ་ལའི་སྤྱི་འཁོར་ལ་ཞིབ་འཇུག་བྱེད་སྐབས་སའི་གོ་ལ་སྤུས་གནས་སུ་བལྟས་ཆོག ཡིན་ནའང་སའི་གོ་ལའི་རང་འཁོར་ལ་ཞིབ་འཇུག་བྱེད་སྐབས། ང་ཚོས་སའི་གོ་ལས་ཆེ་ཆུང་སྣང་མེད་དུ་གཏོང་མི་ཆོག་པས། སའི་གོ་ལ་སྤུས་གནས་སུ་བལྟ་མི་རུང་བའང་སྨོས་མ་དགོས། འགུལ་སྐྱོད་ཀྱི་སྤུས་གནས་བརྒྱུད་པའི་ལམ་ཐིག་ལ་སྤུས་གནས་འགུལ་སྐྱོད་ཀྱི་རྗེས་ཤུལ་ཟེར། ཞ་སྨྱུག་གིས་ཤོག་བུའི་ཐོག་བཤའ་བའི་ཤུལ་ནི་ཞ་སྨྱུག་འགུལ་སྐྱོད་བྱས་པའི་རྗེས་ཤུལ་ཡིན། གལ་ཏེ་སྤུས་གནས་འགུལ་སྐྱོད་བྱས་པའི་རྗེས་ཤུལ་ནི་དྲང་ཐིག་ཡིན་ན། འགུལ་སྐྱོད་དེ་ལྟ་བུ་ལ་དྲང་ཐིག་འགུལ་སྐྱོད་ཟེར། གལ་ཏེ་འཁྱོག་ཐིག་ཡིན་ན་འཁྱོག་ཐིག་འགུལ་སྐྱོད་ཟེར།