སི་ཁྲོན་ཞིང་ཆེན།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2015-11-09 11:42ལ་འགྲུབ།

སི་ཁྲོན་ཞིང་ཆེན།

སི་ཁྲོན་ཞིང་ཆེན།
སི་ཁྲོན་ཞིང་ཆེན་གྱི་མིང་བསྡུས་ན་ཁྲོན་དང་ཧྲུའུ་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཁྲེང་ཏུའུ་ཡིན་ལ། ཀྲུང་གོའི་སྐམ་ས་ཆེན་པོའི་ལྷོ་ནུབ་ཏུ་ཡོད་ཅིང་། ས་གཤིན་ཐོན་ལེགས་ཀྱི་ཞིང་ཁམས་ཞེས་པའི་གྲགས་པ་རྒྱས་ཡོད་པ་ནི། ཀྲུང་གོའི་ནུབ་རྒྱུད་ཀྱི་སྒོ་མོ་ལྟ་བུ་ཡིན་པ་དང་དོམ་གྱི་ཕ་ས་ཡིན་པའི་རྐྱེན་གྱིས་ཡིན། དེ་ཡང་སི་ཁྲོན་ཞིང་ཆེན་ནི་དེང་གི་ཁྲུང་ཆིང་དང་ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཧྲའན་ཞི(陕西)བཅས་ལ་འབྲེལ་ཡོད། ཡང་ཤར་རྒྱུད་ནི་ཁྲོན་ཏུང་ཞེང་ལིང་གྲོག་རོང་དང་ཁྲོན་ཀྲུང་དེའུ་འབུར་གཉིས་ཡིན་པ་དང་། དབུས་རྒྱུད་ནི་ཁྲེང་ཏུའུ་བདེ་ཐང་ཡིན་ལ། ནུབ་རྒྱུད་ནི་ཁྲོན་ཞི་མཐོ་སྒང་ཡིན། གཞན་སི་ཁྲོན་ཞིང་ཆེན་ལ་ས་ཁུལ་རིམ་པའི་གྲོང་ཁྱེར17དང་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ3ཡོད། སི་ཁྲོན་ཞིང་ཆེན་ནི་ཀྲུང་གོའི་དཔལ་འབྱོར་དང་བཟོ་ལས། ཞིང་ལས། དམག་དོན། ཡུལ་སྐོར་ལྗོངས་རྒྱུ། རིག་གནས་བཅས་གཙོ་བོར་བྱས་པའི་ཞིང་ཆེན་ཞིག་ཡིན་ལ། ཞིང་ཆེན་གྱི་ལྟེ་གནས་ཁྲེང་ཏུའུ་ནི་དམག་ཁུལ7གྱི་ཡ་གྱལ་ལམ་ཁྲེང་ཏུའུ་དམག་ཁུལ་ཡོད་ས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川省
ཕྱི་ཡིག་གི་མིང་།
Sichuan Province
མིང་གཞན།
ཁྲོན། ཧྲུའུ། ས་གཤིན་ཐོན་ལེགས་ཀྱི་ཞིང་ཁམས། སི་ཁྲོན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར་བཅུ་བདུན་དང་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ་གསུམ་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
028-081X.082X . 083X
སྦྲག་སྲིད་ཨང་རྟགས།
61XXXX.62XXXX.63XXXX .64XXXX
གནས་ཡུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བཞི་འབུམ་བརྒྱད་ཁྲི་དང་གྲངས་ཆུང་དྲུག་ཡོད།
མི་གྲངས།
བྱེ་བ་བརྒྱད་དང་ས་ཡ་གཅིག བཞི་འབུམ་དང་གྲངས་ཆུང་གཉིས་ཡོད། (སྤྱི་ལོ2014ལོར། )
སྐད་རིགས།
ལྷོ་ནུབ་སྤྱི་སྐད། སི་ཁྲོན་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
གཟི་ཚ་སྡེ་དགུ། ཏུའུ་ཅང་གཙང་པོ། གླང་ཆེན་འགྱང་རི།
གནམ་གྲུ་ཐང་།
ཁྲེང་ཏུའུ་ཧྲང་ལུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་། མེན་དབྱང་ནན་ཅོ་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
川A-川Z
1 གནས་ཡུལ།

སི་ཁྲོན་ཞིང་ཆེན་ནི་ཤར་གྱི་གཞུང་ཐིག97°21'-108°33' དང་བྱང་གི་འཕྲེད་ཐིག26°03'-34°19' ཡི་བར་ཡིན་ལ། ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་གནས་ཏེ། འབྲི་ཆུའི་སྟོད་རྒྱུད་དུ་ཡོད་ཅིང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ1075 ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ921 ཡོད།

སི་ཁྲོན་ཞིང་ཆེན་ནི་ཞིང་ཆེན7དང་འབྲེལ་ཡོད་དེ། ཤར་ཕྱོགས་སུ་ཁྲུང་ཆིང་དང་ཐག་ཉེ་བ་དང་། བྱང་ཕྱོགས་སུ་མཚོ་སྔོན་དང་ཀན་སུའུ། ཧྲའན་ཞི(陕西)བཅས་ལ་འབྲེལ་ཡོད། ཡང་ལྷོ་ཕྱོགས་སུ་ཡུན་ནན་དང་ཀུའེ་ཀྲོའུ2ལ་འབྲེལ་བ་དང་ནུབ་ཕྱོགས་སུ་བོད་ལྗོངས་དང་འབྲེལ་ཡོད་ཅིང་། དེ་ནི་ལྷོ་ནུབ་དང་ནུབ་བྱང་། དབུས་རྒྱུད་ས་ཁུལ་བཅས་ཀྱི་ལྟེ་གནས་སུ་བརྩི་བ་ཡིན།

2 གནམ་གཤིས།

ས་ཁོངས་ཀྱི་བར་ཁྱད་ཧ་ཅང་མངོན་གསལ་ཡིན་ལ། ཤར་རྒྱུད་དུ་དགུན་དུས་དྲོ་བ་དང་དཔྱིད་ཀ་ཚེས་སྔ་བ། དབྱར་དུས་ཚ་བ་ཆེ་བ། སྟོན་དུས་ཆར་ཆུ་མོད་པ་བཅས་ཡིན་པ་དང་། ནུབ་རྒྱུད་ནི་གྲང་ངར་ཆེ་ཞིང་དགུན་དུས་རིང་བ་ཡིན་པར་མ་ཟད། དབྱར་དུས་ནི་ཡོད་པ་མ་ཡིན། 

ཉིན་ཧྲིལ་བོའི་དྲོད་ཚད་ཀྱི་བར་ཁྱད་ཆུང་བ་དང་ལོ་ཧྲིལ་བོའི་དྲོད་ཚད་ཀྱི་བར་ཁྱད་ཅུང་ཆེ་བ་ཡིན་ལ། དགུན་དུས་དྲོ་བ་དང་དབྱར་དུས་ཚ་བ་ཆེ་བ་ཡིན་ཞིང་། ཆར་ཆུ་ཧ་ཅང་མོད་པ་ཡིན་ཏེ། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1000-1200 བར་ཡིན།

ཁྲོན་ཞི་ནན་ཧྲན་ས་ཁུལ་ནི་ཚ་ཁུལ་ཕལ་བའི་བཞའ་ཚན་ཕྱེད་ཀྱི་ནམ་ཟླ་ས་ཁུལ་ཡིན་ལ། སྤྱི་ལོ2013ལོར་ས་ཁུལ་དེའི་དྲོད་ཚད་ཅུང་མཐོ་བ་དང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི℃12-℃20 བར་ཡིན་ཏེ། ལོ་ཧྲིལ་བོའི་དྲོད་ཚད་ཀྱི་བར་ཁྱད་ཆུང་བ་དང་ཉིན་ཧྲིལ་བོའི་དྲོད་ཚད་ཀྱི་བར་ཁྱད་ཆེ་ཞིང་། ཞོགས་པར་གྲང་ངར་ཆེ་བ་དང་ཉིན་གུང་དྲོ་བ་ཡིན་པར་མ་ཟད། དུས་བཞིའི་དབྱེ་མཚམས་དེ་འདྲའི་མངོན་གསལ་མིན། དེ་ཡང་ཆར་ཆུ་ཉུང་བ་ཡིན་ལ། སྤྱི་ལོ2013ལོར་ཟླ་བ7 གྱི་རིང་ལ་ཐན་པ་བྱུང་བ་དང་། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི900-1200 བར་ཡིན་ཞིང་། ཆར་ཆུ་འབབ་ཚད90% ནི་ཟླ་བ5-10 བར་ཡིན།

ཁྲོན་ཞིའི་བྱང་གི་མཐོ་སྒང་ནི་གྲང་ངར་ཤིན་ཏུ་ཆེ་བའི་ནམ་ཟླའི་ས་ཁུལ་ཡིན་ཏེ། ས་ཁུལ་དེའི་མཚོ་འཕགས་ཀྱི་བར་ཁྱད་ཅུང་ཆེ་བ་དང་། ནམ་ཟླའི་འགྱུར་བ་ཧ་ཅང་མངོན་གསལ་ཡིན། དེ་ཡང་གྲོག་རོང་ནས་རི་སྒལ་གྱི་བར་དུ་རིམ་བཞིན་ཚ་ཁུལ་ཕལ་བ་དང་དྲོད་ཁུལ། དྲོད་ཁུལ་དབུས་མ། གྲང་དྲོད་ཁུལ། གྲང་ཁུལ། གྲང་ཁུལ་ཕལ་བ། འཁྱག་ཁུལ་བཅས་ཡིན་ཞིང་། སྤྱིའི་ཆ་ནས་གྲང་དྲོད་ཁུལ་གྱི་ནམ་ཟླ་ནི་གཙོ་བོ་ཡིན་ལ། དགུན་དུས་གྲང་ངར་ཆེ་བ་དང་དབྱར་དུས་བསིལ་བ་ཡིན། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི℃4-℃12 ཀྱི་བར་ཡིན་པ་དང་། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི500-900 བར་ཡིན།

3 མི་རིགས།

སི་ཁྲོན་ནི་མི་རིགས་མང་བོ་འདུས་སྡོད་ཀྱི་ཞིང་ཆེན་ཞིག་ཡིན་ལ། མི་རིགས་གྲངས་ཉུང55 བོ་ཚང་བ་དང་། དེའི་མི་གྲངས་ནི4900000.8 ཡིན་ཞིང་། དབྱིས་རིགས་དང་བོད་རིགས། ཆང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས། མན་ཇུ་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་བཅས་ནི་ཞིང་ཆེན་ནང་ཁུལ་གྱི་གཞིས་ཆགས་མི་རིགས་གྲངས་ཉུང་ཡིན།

སི་ཁྲོན་ཞིང་ཆེན་ནི་རྒྱལ་ཡོངས་སུ་ཆང་རིགས་འདུས་སྡོད་ཀྱི་ས་ཁུལ་གཅིག་པུ་དང་དབྱིས་རིགས་འདུས་སྡོད་ཀྱི་ས་ཁུལ་ཆེས་ཆེ་བ། རྒྱལ་ཡོངས་ཀྱི་བོད་ཁུལ་གཉིས་པར་བགྲངས་པ་ཡིན། དེ་ཡང་མི་རིགས་གྲངས་ཉུང་ནི་གཙོ་བོ་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྔ་བ་བོད་ཆང་རིགས་རང་སྐྱོང་ཁུལ། མུའུ་ལི་བོད་རིགས་རང་སྐྱོང་རྫོང་། མ་པེན་དབྱིས་རིགས་རང་སྐྱོང་རྫོང་། ཨེ་པེན་དབྱིས་རིགས་རང་སྐྱོང་རྫོང་། པའེ་ཁྲོན་ཆང་རིགས་རང་སྐྱོང་རྫོང་བཅས་སུ་འཚོ་སྡོད་བྱས་ཡོད། དེའི་རྐྱེན་གྱིས་ཀྲུང་གོའི་བོད་ཁུལ་གཉིས་པ་དང་ཀྲུང་གོའི་ཆང་རིགས་འདུས་སྡོད་ཀྱི་ས་ཁུལ་གཅིག་པུ། ཀྲུང་གོའི་དབྱིས་རིགས་འདུས་སྡོད་ཀྱི་ས་ཁུལ་དང་པོ་བཅས་ཀྱི་མཚན་སྙན་འབར་བ་ཡིན། 1


བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། སི་ཁྲོན།