བོད་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྷོ་ནུབ་རྒྱུད་དུ་ཡོད་ཅིང་།བྱང་གི་འཕྲེད་ཐིག26°50'—36°53'དང་ཤར་གྱི་གཞུང་ཐིག 78°25'—99°06' གི་བར་དུ་ཡོད་ལ། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་ཉིས་འབུམ་ཉིས་ཁྲི་ལྷག་ཡོད་དེ། ཀྲུང་གོའི་སྐམ་ས་ཡི་སྤྱིའི་རྒྱ་ཁྱོན་གྱི་བརྒྱད་ཆའི་གཅིག་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་ནང་ནས་ཨང་གཉིས་པར་བགྲངས་པ་ཡིན་ཞིང་། དེ་ནི་དབྱིན་ཇི་དང་ཧྥ་རན་སེ། འཇར་མན། ཧོ་ལན། ལུ་ཙེམ་པོག་བཅས་རྒྱལ་ཁབ་ལྔ་བོའི་རྒྱ་ཁྱོན་དང་འདྲ་བ་ཡིན།
བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་སི་ཁྲོན་ཞིང་ཆེན་དང་འབྲེལ་ནས་ཡོད། ཡང་བྱང་ཤར་ནི་མཚོ་སྔོན་ཞིང་ཆེན་ལ་ཐུག་ཡོད་པ་དང་། ལྷོ་ཤར་ནི་ཡུན་ནན་ཞིང་ཆེན་དང་འབྲེལ་ནས་ཡོད་ཅིང་། ལྷོ་ཕྱོགས་སུ་འབར་མ་དང་རྒྱ་གར། འབྲུག བལ་བོ་སོགས་རྒྱལ་ཁབ་དག་དང་ཐག་ཉེ་བ་ཡིན་ལ། ནུབ་ཕྱོགས་ནི་ཁ་ཆེ་དང་འབྲེལ་ནས་ཡོད་དེ། ལྷོ་བྱང་གི་ཞེང་ལ་སྤྱི་ལེ900དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ2000ལྷག་ཡོད་པ་ཡིན།
བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ནི་ས་དབྱིབས་དང་རླུང་ཁམས་ཆེན་པོའི་འཁོར་རྒྱུག་གི་ཤུགས་རྐྱེན་འོག གཞན་དང་ཐུན་མོང་མ་ཡིན་ཞིང་ཧ་ཅང་རྙོག་འཛིང་ཆེ་བ་ཡིན། དེ་ཡང་སྤྱིའི་ཆ་ནས་ནུབ་བྱང་གི་ཕྱོགས་ནི་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ་དང་། ཤར་ལྷོའི་ཕྱོགས་ནི་དྲོ་ཞིང་བཞའ་ཚན་གྱི་ཁྱད་ཆོས་མངའ་བ་ཡིན། དེ་བས་གནམ་གཤིས་ཀྱི་རིགས་ལ་ཡང་ཚ་ཁུལ་དང་ཚ་ཁུལ་ཕལ་བ། མཐོ་སྒང་དྲོད་ཁུལ། མཐོ་སྒང་གྲང་ཁུལ་ཕལ་བ། མཐོ་སྒང་གྲང་ཁུལ་སོགས་རྣམ་པ་སྣ་ཚོགས་ཡོད།
དགུན་དུས་ཀྱི་ནུབ་རླུང་དང་དབྱར་དུས་ཀྱི་ལྷོ་ནུབ་དུས་རླུང་གི་ཚོད་འཛིན་འོག བོད་རང་སྐྱོང་ལྗོངས་སུ་ཐན་དུས་དང་ཆར་དུས་ཀྱི་དབྱེ་བ་ཧ་ཅང་མངོན་གསལ་ཡིན་ལ། སྤྱིར་བཏང་དུ་ལོ་རེའི་ཟླ་བ་བཅུ་བ་ནས་ལོ་རྗེས་མའི་ཟླ་བ་བཞི་བའི་བར་དུ་ཐན་དུས་ཡིན་པ་དང་། ཟླ་བ་ལྔ་བ་ནས་དགུ་བའི་བར་ནི་ཆར་དུས་ཡིན་ཞིང་། དེའི་སྐབས་ཀྱི་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ཀྱི90% ཡས་མས་ཟིན་ཡོད་པར་མ་ཟད། ས་ཁུལ་སོ་སོའི་ཆར་ཆུ་འབབ་ཚད་ཆ་མཉམ་མིན་པ་ཧ་ཅང་ཚབས་ཆེན་ཡིན།