ལྷ་རིས་པ་ཡེ་ཤེས་ཤེས་རབ་མཆོག་ནི་འཕན་ཡུལ་ཞོག་ཁུལ་དུ་ཡབ་སྐལ་བཟང་ཕུན་ཚོགས་དང་ཡུམ་ནོར་བུ་སྒྲོལ་མ་གཉིས་ཀྱི་བུར་རབ་བྱུང་བཅུ་དྲུག་པའི་མེ་ཡོས་སྤྱི་ལོ1927 ལོར་སྐུ་བལྟམས། ཁོང་གི་ཡབ་ཡུམ་གཉིས་ལ་སྲས་སྲས་མོ་བཅུ་བདུན་ཡོད་པས། ཁོང་ནི་བུ་གསུམ་པ་དེ་ཡིན། ཁོང་དགུང་ལོ་ལྔ་དྲུག་ཙམ་ལ་བྱོན་སྐབས་སྔོན་གནས་རྗེས་དྲན་ལྟ་བུའི་སྒོ་ནས་ཤོག་བུའམ་རྡོ་གཡམ་སོགས་ཀྱི་ངོས་སུ་རི་མོ་སྣ་ཚོགས་འབྲི་བ་དང་། བྱིས་པ་གཞན་དང་སྐུ་རྩེད་ལ་རོལ་བའི་སྐབས་འདམ་བག་གིས་མིའི་གཟུགས་བརྙན་སོགས་བཟོ་བར་ཤིན་ཏུ་དགའ། དགུང་གྲངས་བཅུ་གཅིག་ལ་བྱོན་སྐབས་ཡབ་ཡུམ་གཉིས་ཀྱིས་འབྲས་སྤུངས་དགོན་དུ་བསྐྱལ་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་ཚོགས་ཞུགས་མཛད། རབ་ཏུ་བྱུང་བའི་མཚན་ལ་ཡེ་ཤེས་ཤེས་རབ་ཅེས་གསོལ། དེ་ནས་དགེ་བའི་བཤེས་གཉེན་ཡེ་ཤེས་ཐུབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་། འདོན་ཆོས་བློ་འཛིན། སུམ་རྟགས་དག་ཡིག རིགས་ལམ་ཆེ་ཆུང་རྣམས་གསན་བཞེས་ཀྱིས་ཐུགས་བརྩོན་དྲག་པོ་མཛད། ཁོང་ནི་ཐུགས་རིག་ཤིན་ཏུ་བཀྲ་བས་སློབ་དཔོན་གྱིས་མན་ངག་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན་པའི་བྱིས་པ་ཞིག་ཡིན་སྟབས། ཕྱག་དཔེ་གཟིགས་ཞོར་དུ་དགོན་པའི་ནང་དུ་འཇིམ་བརྙན་བཞེངས་ས་དང་ལྡེབས་རིས་དང་ཐང་ག་འབྲི་ས་སོགས་ལ་ཡང་ཡང་གཟིགས་པར་ཕེབས་ཏེ་རྟོག་ཞིབ་དང་དོ་སྣང་ཆེན་པོ་མཛད་བཞིན་པར་ཕྱག་དཔེའི་སློབ་དཔོན་གྱིས་མ་མཁྱེན་པར་ལྐོག་ཏུ་རང་སྦྱོང་མཛད་ཀྱི་ཡོད། དེ་ནས་སྐུ་ནར་སོན་ནས་དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁང་བླ་མ་སློབ་དཔོན་དུ་བསྟེན་ཏེ་གཞུང་ཆེན་དཀའ་པོད་ལྔ་གསན་བཞེས་ཀྱིས་སློབ་གཉེར་ལ་ཐུགས་བརྩེ་གཅིག་ཏུ་གཞོལ་བ་མ་ཟད། ཞོར་དུ་བྲིས་འབུར་གཉིས་ཀྱི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་བཟོ་རྩལ་ལ་ཟབ་སྦྱོང་དཔྱིས་ཕྱིན་པར་མཛད་པས་བྲིས་འབུར་གྱི་སྒྱུ་རྩལ་ལ་མངའ་བརྙེས་ཏེ་མཁས་པའི་གྲགས་པ་རྒྱས། ཁོང་གིས་གསུང་དོན་དུ “བྲིས་འབུར་གཉིས་ཀྱི་ལག་རྩལ་འདི་ཉིད་རང་སྦྱོང་དང་རྟོག་ཞིབ་ཁོ་ནའི་ལམ་ནས་ཐོབ་པ་ཞིག་ལས་དམིགས་བསལ་གྱི་དགེ་རྒན་འདི་ཡིན་ཟེར་བ་མེད། བྲིས་འབུར་གཉིས་ལ་མངའ་བ་བརྙེས་པའི་མཁས་པ་ཚང་མ་ང་རང་གི་སློབ་དཔོན་ཡིན” ཞེས་གསུངས་པ་ལྟར་དོན་ལ་གནས། ཁོང་གིས་དུས་རྟག་ཏུ་བྲིས་རྒྱུན་ལེགས་པ་ཞིག་དང་འཇིམ་བརྙན་བཟོ་རྒྱུན་ལེགས་པ་རྣམས་ལ་ཞིབ་རྟོགས་ཀྱིས་ལེགས་ཆའི་ཁྱད་ཡོན་རྣམས་ཉམས་ལེན་མཛད་པ་དང་འབྲེལ་དགག་གཞག་ཀྱང་མཛད་བཞིན་ཡོད། རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ1959ལོར་ངོ་ལོག་ཟིང་འཁྲུག་ལྷིང་འཇགས་སུ་བཏང་སྟེ་ལྗོངས་ཡོངས་སུ་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་བའི་སྐབས་དེར། མཁས་དབང་མཆོག་བོད་ལྗོངས་ཚགས་པར་ལས་ཁུངས་སུ་ཕྱག་ལས་ནང་ཞུགས་ཏེ་ཚགས་པར་གྱི་མཛེས་རིས་རྩོམ་སྒྲིག་པའི་ཕྱག་ལས་ལོ་ངོ་སུམ་ཅུའི་རིང་གནང་བའི་ཐོག་མཐོ་རིམ་མཛེས་རྩལ་རྩོམ་སྒྲིག་པའི་ཐུགས་འགན་ཡང་བཞེས། དེ་བཞིན་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་གྱི་ཐུགས་འགན་བཞེས་མྱོང་བ་མ་ཟད། ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་གྱི་ཐུགས་འགན་ཡང་བཞེས་གནང་མཛད་ཡོད།
ཁོང་གིས་བོད་ཀྱི་བཟོ་རིག་པའི་གཞུང་ལུགས་དེ་ཉིད་འཐུས་སྒོ་ཇེ་ཚང་དུ་གཏོང་ཕྱིར། ངལ་བ་འཛེམས་མེད་ཀྱིས་གཞུང་ལུགས་མང་པོར་ཞིབ་རྟོགས་དཔྱིས་ཕྱིན་པར་མཛད་ནས། «རིག་པ་བཟོ་ཡི་འབྱུང་བ་ཐིག་རིས་དཔེ་དང་བཅས་པ་ལི་ཁྲིའི་ཐིགས་པ» ཞེས་པའི་གསུང་རྩོམ་པོད་གཅིག་མཛད་ཡོད། ཕྱོགས་མཚུངས་སློབ་མ་མི་ཉུང་བ་ཞིག་རྗེས་སུ་འཛིན་ནས་བོད་ཀྱི་མཛེས་རྩལ་འདི་ཉིད་མི་ཉམས་གོང་དུ་སྤེལ་བར་མཛད་རྗེས་བླ་ལྷག་ཏུ་འཇོག་གནང་མཛད་པ་བཅས་སོ། །
ཁོང་གིས་ལོ་མང་ནང་བོད་ཀྱི་སྲོལ་རྒྱུན་རི་མོ་དང་འཇིམ་བརྙན་གཉིས་ཀྱི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཕྱོགས་ཐད་ལ་ཞིབ་འཇུག་དང་འགྲོ་ལམ་བཙལ་འཚོལ་གྱི་བརྩམ་བྱ་གསར་པ་མི་ཉུང་བ་ཞིག་སྤེལ་གནང་མཛད་ཡོད་པ་སྟེ། ཚབ་བྱེད་རང་བཞིན་ལྡན་པའི་བརྩམ་ཆོས་ནི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཆེན་གྱི་ནང་དུ་ཡོད་པའི «འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སེ་ཆེན་རྒྱལ་པོ་གཉིས་མཇལ་འཕྲད་གནང་བ» ཞེས་པའི་ཕུལ་དུ་བྱུང་བའི་བརྩམ་ཆོས་དང་། «ཐང་སྟོང་རྒྱལ་པོ» ཞེས་པའི་བརྩམ་བྱ་དག་ཡིན་ཞིང་། བརྩམ་བྱ་དེ་གཉིས་ནི་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད་དུ་བོད་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔར་དུ་བསྐྲུན་ཏེ་འགྲེམས་སྤེལ་ཞུས་པའི «དེང་རབས་བོད་ཀྱི་མཛེས་རྩལ» ཞེས་པའི་དཔེ་དེབ་ཀྱི་ཤོག་གྲངས་བརྒྱད་པའི་ཐོག་འཁོད་ཡོད། དེ་བཞིན་ལོ་ངོ་འགའི་སྔོན་ནས་དཔར་དུ་བསྐྲུན་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་དགུ་ཚར་གཅིག་བཅས་ཀུན་གྱི་སྤྱན་ལམ་དུ་མཆིས།
འཇིམ་བརྙན་བརྩམ་བྱར་མཚོན་ན། བྲག་ཡེར་པར་རྒྱལ་བ་བྱམས་པའི་སྣང་བརྙན་ཐོག་བརྩེགས་གསུམ་ལྷག་ཙམ་བྱས་པ་ཞིག་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཉེ་སྲས་བརྒྱད། ཚེ་དཔག་མེད་ལྷ་དགུ། སྟོན་པའི་གཏད་རབས་བདུན། གནས་བརྟན་བཅུ་དྲུག་སོགས་དང་། འཕན་པོ་དགའ་ལྡན་ཆོས་འཁོར་གྱི་བདེ་གསང་འཇིགས་གསུམ་གྱི་སྣང་བརྙན་སོགས་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བའི་འཇིམ་བརྙན་མང་པོ་ཞིག་བོད་ལྗོངས་ཀྱི་ས་གནས་མང་པོ་ཞིག་ཏུ་མཇལ་རྒྱུ་ཡོད་པར་གྲགས།